མདུན་ཤོག- རིག་གནས་འཚོ་བ།- བྱ་དགའ་ཡོད་པའི་རྩོམ་ཡིག- སྙན་ངག

ཀ་རྩོམ་བྱིས་པའི་གླུ་ཆུང་།

རྩོམ་པ་པོ། ཚེ་ཐར་སྐྱིད།  ཡོང་ཁུངས། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་།  2013-10-29 15:23

ཀྭ་ཡེ་གསོན་དང་སྙིང་གི་གྲོགས་པོ་ཚོ།།
ཁ་ཟས་ཙམ་གྱིས་ཉི་མ་མི་གཏོང་བར།།
ག་ས་གང་དུ་རིག་གནས་སྦྱང་དུ་འགྲོ།།
ང་ཚོ་ཚང་མས་མཉམ་དུ་ཧུར་བརྩོན་བྱེད།།

ཅ་ཅོ་འུར་ཟིང་ཆེ་བའི་གྲོང་ཁྱེར་ནས།།
ཆ་ལུགས་སྣ་ཚོགས་ཕྱོགས་ལ་མི་གཡེངས་ཤིང་།།
ཇ་དང་ཆང་ལ་རོལ་ནས་མི་སྡོད་པར།།
ཉ་མོ་ཆུ་ལ་རྐྱལ་བཞིན་སློབ་ལ་བརྩོན།།

ཏ་ལེན་ཁུར་བའི་ཕ་མ་མི་བརྗེད་ཅིང་།།
ཐ་མ་ལས་ལ་གོམས་པ་མི་བྱེད་པར།།
ད་ལྟའི་དུས་ཚོད་ཆུད་ཟོས་མི་གཏོང་བར་།།
ན་ཟླ་དག་དང་མཉམ་དུ་འབད་པ་བྱོས།།

པ་པ་ཟས་པའི་བུ་ཞིག་ཡིན་བཞིན་དུ།།
ཕ་རོལ་ཕན་པའི་ལས་ལ་གཞོལ་དགོས་སྟབས།།
བ་གླང་མིར་ཁྱུར་ཞུགས་པ་ནང་བཞིན་དུ།།
མ་ཕམ་རིག་པའི་གནས་ལ་བརྩོན་ཅིག་ཨང་།།

ཙ་ཀོ་ར་ལྟར་གྲང་ལ་མི་འཇིག་པར།།
ཚ་གདུང་ལ་སོགས་སྡུག་བསྔལ་ཆེ་ན་ཡང་།།
ཛ་ལང་བསྒྱུར་ཏེ་རིག་པའི་གནས་ལ་འབུངས།།
ཝ་མའི་རྣམ་ཐར་མ་སྐྱོང་སྙིང་གི་གྲོགས།།

ཞྭ་ལྟར་བཀུར་བའི་དགེ་རྒན་རྣམས་ཀྱི་གསུང་།།
ཟ་མར་སྲེད་བཞིན་ཡིད་ལ་ཟུངས་གྱུར་ན།།
འ་ཅག་ཚང་མའི་མ་འོངས་རེ་འདུན་དང་།།
ཡ་རབས་སྤྱོད་བཟང་ཕྱོགས་ལ་ལྷུན་གྱིས་འགྲུབ།།

ར་རོ་སྐྱོན་གྱི་རྣམ་པ་རིང་དོར་ནས།།
ལ་རྒྱ་ཅན་གྱི་བུ་ཞིག་བྱེད་འདོད་ན།།
ཤ་འོད་དྲག་ཏུ་རྒྱུག་འདྲའི་སྤོབས་པ་ཡིས།།
ས་སྟེང་འདི་ཡི་རྒྱན་ཏེ་སློབ་ལ་བརྩོན།།

ཧ་ཧ་དགད་ནས་མ་འདུག་ཨ་མའི་བུ།།
ཨ་རོག་བོད་པའི་བདག་པོ་ཁྱེད་རང་ཡིན།།
ཧ་ཅང་གཏམ་གླེང་བྱས་ནས་མི་འདུག་པར།།
ཨ་མའི་སེམས་ཀྱི་རེ་བ་སྐོང་གྱུར་ཅིག།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག