མདུན་ཤོག- རིག་གནས་འཚོ་བ།- གསུང་འབུམ།

གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་ཕར་ཕྱིན།

རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།    2013-12-18 11:58

    ༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་ཕར་ཕྱིན་བཞུགས་སོ།

    ལྕང་སྐྱ་རོལ་བའི་རྡོ་རྗེ།

    ༀ་བདེ་ལེགས་སུ་གྱུར་ཅིག དཔལ་ལྡན་རྒྱ་ཆེན་ཚོགས་གཉིས་གསེར་གྱི་རྡུལ་བརྩེགས་མཚར་སྡུག་ལྷུན་པོ་མཐའ་ཡས་ཡོན་ཏན་ཉི་འབུམ་འོད་ཀྱིས་འཁྱུད། ། བདུད་སྡེའི་མཚོན་གྱིས་ནམ་ཡང་མི་ཕིག་བླ་གོས་ཐུན་མཚམས་རྩེ་་དགའ་ལ་འགྲོགས་མེས་པོའི་དཔལ་ཡང་མོག་པོར་བགྱིད། ། རྟེན་འབྲེལ་ཟབ་མོའི་གཏམ་གྱི་འོད་ཞགས་རིང་པོར་རྐྱོང་བས་ལོག་སྨྲ་ཀུན་དང་སྲིད་ཞིའི་རྒུད་མུན་ལྷན་ཅིག་གཞོམ། ། སྲིད་གསུམ་དྲེགས་ལྡན་རལ་རྩེར་ཞབས་སེན་དངར་བའི་ཐུབ་དབང་གང་དེས་དེང་འདིར་དགེ་ལེགས་འཛུམ་རླབས་འཁྱིལ་བར་མཛོད། ། གང་གི་མཁྱེན་པའི་ཕ་མཐའ་ཀུན་གཟིགས་ཚད་མའི་སྲང་ལ་བཏེགས་ཀྱང་མཐའ་ཡས་བསྐལ་པར་གཞལ་དུ་མ་སྤྱོད་པས། ། རྒྱལ་བ་ཀུན་བགྲོས་རང་གི་རྗེ་བོར་བཀུར་ཀྱང་འགྲོ་སླད་རྒྱལ་སྲས་ཚུལ་གྱིས་རྣམ་རོལ་མཁྱེན་པའི་གཏེར་ཆེན་དང་། །གང་གི་མཚན་ཙམ་དྲན་པའི་སྙིང་ལ་སྐད་ཅིག་ཉིད་དུ་རབ་དཀར་ངང་མོ་འོ་མའི་རྒྱ་མཚོར་ཆས་པ་བཞིན། ། ཐུགས་རྗེའི་འོད་དཀར་འགྱེད་པས་དགེ་ལེགས་སྤོབས་པ་མཆོག་རྩོལ་སྒྲ་དབྱངས་ལྷ་མོས་འགྲོ་ཀུན་རང་གི་ཟླར་བསྐྲུན་ཅིག ། གཞན་ཆེད་འཁོར་བའི་འབྲོག་དགོན་པད་ཚལ་ལྟར་དགོངས་རང་དོན་ཞི་བདེའི་དབྱིངས་ཀྱང་མི་སྤྱོད་རྒྱལ་སྲས་སེམས་དཔའི་ཚོགས། ། ཐུབ་བསྟན་མི་ནུབ་འཛིན་སྤེལ་གཏད་རབས་བདུན་དང་ཤིང་རྟ་ཆེ་གཉིས་འཕགས་བོད་པཎ་གྲུབ་རྣམ་དག་གསེར་རིའི་ཕྲེང་། ། དཔལ་ལྡན་ཐུབ་པ་ཀུན་གྱི་ཡོན་ཏན་མཛེས་སྡུག་གཅིག་བསྡུས་འཇམ་དཔལ་སྙིང་པོ་སྲས་བཅས་དབྱིག་ལྡན་དཔལ་ཡོན་ཆེ། ། རྣམ་མང་དྲིན་གྱིས་རབ་ལྕི་དངོས་བརྒྱུད་ཡོངས་འཛིན་མཐའ་དག་འདིར་ནི་འགྲོ་འདིའི་གདུང་སེལ་དགེ་ལེགས་བྱེ་བའི་ཆར་རྒྱུན་ཕོབས། ། བརྟན་པའི་འཁོར་ལོས་སྲིད་ཞིའི་དཔལ་གྱིས་འཇིག་རྟེན་འདི་ཉིད་མཆོག་ཏུ་མཛེས་པར་བསྒྲུབ་པའི་ཆེད། །དཔུང་བཞིའི་སྟོབས་ཀྱི་གོམ་པ་རྒྱལ་ཕྲན་བྱེ་བའི་ཐོར་ཅོག་རྩེ་མོར་འགོད་པས་རྣམ་སྒེག་ཅིང་། ། མཆོག་གསུམ་གཙུག་བསྟེན་དགེ་བཅུའི་ལུགས་བཟང་རྩི་བས་སྟོང་རབ་མཛེས་བཀའ་ཁྲིམས་གསེར་གྱི་འཁོར་ལོ་ཆེས། ། གླིང་འདིར་དབང་བསྒྱུར་མི་རྗེའི་ཚུལ་འཛིན་གང་གི་ཆབ་སྲིད་བསྔགས་འོས་གཤིས་སུ་བརྟན་གྱུར་ཅིག ། སྨྲ་བའི་ཉི་མ་ཐུབ་པའི་དབང་བོ་ཡིས། ། སྐྱེ་དགུའི་དོན་གཉིས་བདེ་བླག་བསྒྲུབ་པའི་སླད། ། བཀའ་སྩལ་ཟབ་རྒྱས་ཆོས་ཕུང་དགོངས་འགྲེལ་བཅས། ། ལྷར་བཅས་འགྲོ་བའི་མཆོད་གནས་དམ་པ་རུ། ། ཇི་སྲིད་ཀུན་གསལ་མཛེས་མའི་ལང་ཚོ་ཡིས། ། རང་གི་རང་བཞིན་མ་དོར་དེ་སྲིད་དུ། ། དྲི་མས་མ་བསླད་གནས་དང་འཕེལ་བ་ཡིས། ། ཕུན་ཚོགས་སྲིད་ཞིའི་འདོད་པ་འཇོ་བའི་ཆེད། ། གསུང་རབ་ཀུན་ལ་མཁོ་བའི་མིང་ཚིག་དང་། ། སོ་སོའི་བརྡ་སྐད་རྣམ་བཞག་མ་ལུས་པོ། ། ཆེན་པོ་ཧོར་གྱི་སྐད་དུ་བསྒྱུར་བའི་ཚུལ། ། དཔྱད་གསུམ་དག་པས་འདིར་ནི་དགོད་པར་བྱ། ། མ་སྦྱངས་རང་འདོད་ཕྱོགས་ཞེན་གཟུ་ལུམས་ཀྱིས། ། གང་དྲན་མ་དག་ཐ་སྙད་མང་སྦྱར་བས། ཐུབ་བསྟན་དྲི་མས་སློད་ལ་ཆེས་རིངས་པའི། ། བསྒྱུར་བྱེད་གཟུགས་བརྙན་དེ་དག་ངལ་གསོས་ཤིག ། ཤྰཀྱའི་རིང་ལུགས་སྙིང་ལ་ལེགས་བཅངས་ནས། ། གཞན་ཕན་བསྒྲུབ་ལ་བརྩོན་པའི་ཤེས་རབ་ལྡན། ། ཕྱོགས་ལྷུང་འཁྱོགས་པོའི་སྤྱོད་ཚུལ་རིང་དོར་བ། ། དེ་དག་དགའ་བའི་འཛུམ་ནི་ད་སྟོན་ཅིག །

    དེ་ལ་འདིར་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་འདྲེན་པ་དམ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེས་བགྲང་ལས་འདས་པའི་བསྐལ་པར་བསྒྲུན་པའི་གཟི་བརྗིད་ཕུན་སུམ་ཚོགས་པའི་དཔལ་གྱིས་ཚངས་པ་དང་ཁྱབ་འཇུག་དང་དབང་བོ་ལ་སོགས་པ་སྲིད་ན་ཤིན་ཏུ་ཆེ་བའི་དྲེགས་ལྡན་མ་ལུས་པའི་རལ་པའི་ཐོར་ཅོག་ལ་ཞབས་སེན་གྱི་པདྨོ་རྣམ་པར་དགོད་པ། ཆེས་གདུལ་བར་དཀའ་བའི་སྙིང་སྟོབས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པའི་སྟོབས་བཅུ་མངའ་བ་སྟོང་གི་དབུས་ན་པད་དཀར་ལྟ་བུར་བསྔགས་པ། དབང་བཅུ་དང་སྟོབས་བཅུ་དང་མི་འཇིགས་པ་བཞིའི་ཕ་རོལ་དུ་སོན་པས་རྣམ་པར་གྲོལ་བ་དོན་དུ་གཉེར་བའི་སྐྱེས་བུ་རྣམས་ལ་གཅིག་ཏུ་མི་བསླུ་བའི་བདེན་པ་བཞི་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་གཏམ་གྱི་སེང་གེའི་ང་རོ་འཇིག་རྟེན་དུ་ཡང་དག་པར་སྒྲོགས་པར་མཛད་པ། ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤྰཀྱ་ཐུབ་པ་ཞེས་སྙན་པའི་གྲགས་པས་འཇིག་རྟེན་གསུམ་རྣམ་པར་འགེངས་པ་དེ་ཉིད་ཀྱིས། བདག་ཅག་ཁོ་ནའི་ཕྱིར་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བསྐལ་པ་གྲངས་མེད་པ་གསུམ་དུ་བྱ་དཀའ་བའི་རླབས་པོ་ཆེའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་བླ་ན་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་གོ་འཕང་མཆོག་དམ་པ་བརྙེས་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་མཛད། སྐད་ཅིག་དེ་ཉིད་ལ་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི་ཁམས་སུ་སྤྲུལ་བའི་སྐུའི་རྣམ་པར་རོལ་པས་དགའ་ལྡན་གྱི་གནས་ནས་འཕོ་བ་ལ་སོགས་པའི་མཛད་པ་བཅུ་གཉིས་རྣམ་པ་དུ་མར་གཅིག་ཆར་དུ་སྟོན་པར་མཛད་པ་ལས། འཛམ་བུ་བྲིཀྵའི་ལྗོན་པས་མཚོན་པའི་གླིང་འདི་ཉིད་དུ་ནི་རྒྱ་གར་འཕགས་པའི་ཡུལ་དུ་རྒྱལ་པོ་ཟས་གཙང་མ་ཞེས་བྱ་བའི་སྲས་སུ་ཉེ་བར་བལྟམས། རྒྱལ་སྲིད་ཀྱི་ཕུན་ཚོགས་ཀྱང་སྙིང་མེད་པར་གཟིགས་ནས་ཁྱིམ་ནས་མངོན་པར་བྱུང་སྟེ་ངེས་པར་འབྱུང་བའི་སྤྱོད་པས་དཀའ་བ་སྤྱད་དེ། ས་གའི་ཉ་ལ་བབས་པ་ན་རྡོ་རྗེའི་གདན་དུ་བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་གཤེགས་ཏེ་སྲོད་ལ་བདུད་དམག་བྱེ་བ་དུང་ཕྱུར་དུ་མ་བྱམས་པའི་ཏིང་ངེ་འཛིན་གྱིས་ཚར་བཅད། ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན། མི་མཇེད་ཀྱི་བདག་པོ་ཚངས་པས་རྩིབས་སྟོང་དང་ལྡན་པའི་གསེར་གྱི་འཁོར་ལོ་ཕུལ་ནས་ཆོས་འཁོར་བསྐོར་བར་བསྐུལ་བས་སེམས་ཅན་ཐམས་ཅད་ལ་རྒྱུ་མེད་པར་གཅིག་ཏུ་མཉེས་གཤིན་པའི་སྒོ་ནས། འཇིག་རྟེན་ན་མགོན་དང་སྐྱབས་མ་མཆིས་ཤིང་། མ་རིག་པ་འཐུག་པོས་བློ་མིག་རབ་ཏུ་གཡོགས་པ་སྲིད་པའི་ཆུ་བོ་ཆེན་པོས་སྡུག་བསྔལ་གྱི་རྒྱ་མཚོ་གཏིང་མཐའ་མེད་པར་ཁྱེར་བ་རྣམས། ཉིད་ཀྱིས་བརྙེས་པའི་བདུད་རྩིའི་རོ་ཕུལ་དུ་བྱུང་བས་ཚིམ་པར་མཛད་དགོངས་ནས། གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་དང་མཐུན་པར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྙེད་དུ་འདོམས་པར་མཛད་དེ། ཐེག་པ་གསུམ་གྱི་རིགས་ཅན་མཐའ་ཡས་པའི་རྨོངས་པའི་མུན་པ་སེལ་པར་བྱེད་པའི་ཆོས་ཀྱི་སྒྲོན་མེས་འཇིག་རྟེན་ཐམས་ཅད་ལ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་སྣང་བར་མཛད་དོ། ། དེ་ནས་སྐུ་དངོས་ཀྱི་གདུལ་བྱ་རྣམས་སྨིན་ཅིང་གྲོལ་བར་མཛད་ཟིན་པ་ན་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ། འོད་སྲུང་ཆེན་པོ་ལ་བསྟན་པ་གཏད་དེ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །

    དེ་ནས་ཀུན་དགའ་བོ་དང་། ཉེ་བར་འཁོར་དང་། འོད་སྲུང་ཆེན་པོ་རྣམས་ཀྱིས། བཀའ་ཐམས་ཅད་མདོ་སྡེ་དང་། འདུལ་བ་དང་། མངོན་པའི་སྡེ་སྣོད་གསུམ་དུ་བསྡུས་སོ། ། ཐེག་པ་ཆེན་པོའི་སྡེ་སྣོད་ནི། རྒྱལ་སྲས་ཀུན་ཏུ་བཟང་པོ་དང་། བྱམས་པ་དང་། འཇམ་དབྱངས་ལ་སོགས་པས་བསྡུས་ཤིང་། གསང་སྔགས་ནི་གསང་བའི་བདག་པོས་བསྡུས་པར་གྲགས་སོ། །བསྟན་པ་ནི་འོད་སྲུང་ཆེན་པོས་ཀུན་དགའ་བོ་སོགས་ལ་རིམ་པར་གཏད་དེ་ཐུབ་པ་ཉི་མའི་གཉེན་གྱི་བསྟན་པ་འཇིག་རྟེན་གྱི་མིག་ཏུ་གྱུར་པ་འདི་ཉིད་མི་ནུབ་པའི་རྒྱལ་མཚན་དུ་བྱས་ཤིང་། ཐེག་པ་ཆེན་པོའི་གསུང་རབ་ཕལ་མོ་ཆེ་ཞིག་ནི་ལྷ་དང་ཀླུའི་ཡུལ་དུ་སྤྱན་དྲངས་ཤིང་དར་བར་གྱུར་པ་ལས། ཕྱིས་སུ་བཅོམ་ལྡན་འདས་ཉིད་ཀྱིས་ལུང་བསྟན་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་འཕགས་པ་ན་ག་རྫུ་ནས་ཀླུའི་ཡུལ་ནས་ཡུམ་འབུམ་པ་ལ་སོགས་པ་སྤྱན་འདྲེན་པར་མཛད་ཅིང་། འཕགས་པ་ཐོགས་མེད་ཀྱིས་ལྷའི་ཡུལ་དུ་བྱོན་ནས་རྗེ་བཙུན་མི་ཕམ་པ་ལས་ཐེག་པོ་ཆེན་པོའི་ཆོས་མང་དུ་གསན་ཞིང་མི་ཡུལ་དུ་སྤྱན་དྲངས་ཏེ། དེ་གཉིས་ཀས་ཐེག་པ་ཆེན་པོའི་སྡེ་སྣོད་མང་དུ་བརྩམས། མ་རྟོགས་པ་དང་ལོག་པར་རྟོགས་པའི་དྲི་མ་རྣམས་རིགས་པའི་ཚུལ་རྣམ་པར་དག་པས་བསལ་ནས་ཟབ་པ་དང་རྒྱ་ཆེ་བའི་ལམ་བཟང་བོ་ཤིན་ཏུ་གསལ་བར་བྱས་སོ། །ཤིང་རྟའི་སྲོལ་ཆེན་པོ་འདི་དག་ལས་རིམ་པར་བརྒྱུད་དེ་ཐེག་པ་གསུམ་གྱི་སྡེ་སྣོད་རྣམས་བཤད་པ་དང་སྒྲུབ་པས་འཛིན་ཅིང་སྤེལ་བའི་པཎྚི་ཏ་དང་གྲུབ་པ་ཐོབ་པ་གནམ་གྱི་སྐར་མ་ལྟ་བུས་རྒྱ་གར་འཕགས་པའི་ཡུལ་དུ་གང་ཞིང་ཐུབ་པའི་བསྟན་པ་ཤིན་ཏུ་དར་བར་གྱུར་ཏོ།

    ཕྱིས་སུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གདུལ་བྱའི་ཞིང་ཁམས་མ་ཧྰ་ཙི་ནའི་ཡུལ་དུ་ནི། སྔོན་ཅིའུ་ཞེས་པས་རྒྱལ་སྲིད་འཛིན་པའི་སྐབས་སུ། ལྷོ་ནུབ་མཚམས་ནས་ནམ་མཁར་འོད་ཀྱི་ཕུང་བོ་ཆེན་པོ་ཞིག་བྱུང་བ། རྒྱལ་པོས་ལྟས་མཁན་རྣམས་ལ་དྲིས་པར། ཕྱོགས་དེར་སྐྱེས་བུ་དམ་པ་ཞིག་འཁྲུངས་པའི་ལྟས་ཡིན་ཅིང་ད་ནས་ལོ་སྟོང་ཙམ་ན་དེའི་ལུགས་འདིར་རྒྱས་པར་འགྱུར་ཞེས་ལུང་བསྟན། ཕྱིས་སུ་ཧན་མིང་རྡི་རྒྱལ་པོའི་རིང་ལ། སྐབས་ཤིག་རྒྱལ་པོའི་རྨི་ལམ་དུ་སྐྱེས་བུ་གསེར་གྱི་ཁ་དོག་ཅན་འདོམ་གསུམ་ལྷག་པ་ཉི་མའི་འོད་ཟེར་འཕྲོ་བ་ཞིག་ནམ་མཁའ་ནས་ཕོ་བྲང་གི་ཡང་ཐོག་ཏུ་ཕེབས་པ་ཞིག་རྨིས་པ། ཕྱི་ཉིན་ཅི་ཡིན་སྙན་དུ་བློན་པོ་རྣམས་ལ་དྲིས་ཤིང་ཡིག་རྙིང་ཀློག་པས་སྔར་གྱི་ལུང་བསྟན་དེ་རྙེད་ནས་ངོ་མཚར་ཞིང་། མི་རིང་བར་རྒྱ་གར་ནས་དུས་ལ་བབས་པར་ཤེས་ནས་དགྲ་བཅོམ་པ་ཅིག་དང་། པཎྚི་ཏ་གཅིག་སྟེ་གཉིས་ཀྱིས་སྐུ་དང་ཐུགས་ཀྱི་རྟེན་འགའ་ཞིག་དང་། གསུང་རབ་མང་བོ་སྤྱན་དྲངས་ནས་རྒྱ་ནག་ཏུ་ཕེབས་རྫུ་འཕྲུལ་མང་དུ་བསྟན། གཉུག་མར་གནས་པའི་བོན་པོ་རྣམས་ཚར་བཅད་པས་མཆོག་དམན་མཐའ་དག་མོས་པར་གྱུར། དེ་ནས་བརྩམས་ཏེ་རིམ་གྱིས་པཎ་གྲུབ་མང་དུ་བྱོན་ནས་རྒྱལ་བའི་བཀའ་དང་བསྟན་བཅོས་རྣམས་རང་གི་སྐད་དུ་བསྒྱུར་ཤིང་གཏན་ལ་ཕབས། བཤད་སྒྲུབ་ཀྱི་སྡེ་མང་དུ་བཙུགས་ཏེ་བསྟན་པ་རིན་པོ་ཆེ་དར་རྒྱས་སུ་གྱུར་པ་ད་ལྟའི་བར་དུ་གནས་སོ། །

    འཕགས་པ་འཇིག་རྟེན་དབང་ཕྱུག་གི་གདུལ་བའི་ཞིང་ཁམས་ཁ་བ་ཅན་གྱི་ལྗོངས་སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་སུ་བསྟན་པ་དར་ཚུལ་ནི། བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོ་ཡིན་ལ། དེ་ནས་རྒྱལ་རབས་ཉེར་དྲུག་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ཇོ་ཤྰཀ་སོགས་ལྷ་རྟེན་མང་དུ་སྤྱན་དྲངས་ཏེ་གཙུག་ལག་ཁང་བཞེངས་པ་དང་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་བརྫངས། བྲམ་ཟེ་ལི་བྱིན་དང་ལྷ་རིག་པའི་སེང་གེ་སོགས་ལས་ཡི་གེ་དང་བསྟན་བཅོས་མང་དུ་བསླབས། དེས་བོད་དུ་ཕེབས་ནས་རྒྱ་གར་གྱི་ཡི་གེ་ལ་ཡུལ་སྐད་ཀྱི་དབང་གིས་སྣོན་བྲི་ཅུང་ཟད་བྱས་ཏེ་དབྱངས་ཡིག་བཞི་དང་གསལ་བྱེད་སུམ་ཅུར་གཏན་ལ་ཕབས་ཏེ་བོད་ཡིག་བརྩམས། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་སོགས་ཡི་གེའི་བསྟན་བཅོས་ཀྱང་མཛད། ཐུགས་རྗེ་ཆེན་པོའི་ཆོས་སྐོར་དང་མདོ་སྡེ་དཀོན་མཆོག་སྤྲིན་སོགས་བཀའ་དང་བསྟན་བཅོས་འགའ་ཞིག་ཀྱང་བསྒྱུར་ཏེ་དམ་པའི་ཆོས་མང་དུ་བསྒྱུར་བའི་སྲོལ་བཏོད། དེ་ནས་རྒྱལ་རབས་དྲུག་པ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་སམ་བྷ་ཝ་སོགས་པཎ་གྲུབ་སྤྱན་དྲངས། སྦས་རཏྣ་སོགས་སད་མི་མི་བདུན་རབ་ཏུ་བྱུང་། མདོ་རྒྱུད་བསྟན་བཅོས་བགྲང་ལས་འདས་པ་བསྒྱུར། ཆོས་གྲྭ་ཆེན་པོ་བཅུ་གཉིས་དང་སྒོམ་གྲྭ་དུ་མ་བཙུགས་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་མཛད། ཁྲི་རལ་བ་ཅན་གྱི་སྐབས་སྔར་ཡབ་མེས་ཀྱི་དུས་སུ་བསྒྱུར་བའི་ཆོས་རྣམས་ལ་ཞུ་གཏུགས་མཛད་དེ་སྐད་གསར་བཅད་ཀྱིས་གཏན་ཕབས། དགེ་འདུན་ཀྱི་བསྙེན་བཀུར་དང་དགེ་བཅུའི་ཁྲིམས་འཆའ་བ་སོགས་བོད་གླིང་ཐམས་ཅད་དཀར་བོ་དགེ་བའི་ལམ་ལ་བཀོད། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བ་བར་སྐབས་སུ་བདུད་ཀྱིས་ཡིད་བསླད་པའི་རྒྱལ་པོ་སྡིག་ཅན་གྱི་དབང་གིས་ཅུང་ཟད་འགྲིབ་པར་གྱུར་པ་སླར་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བདག་ཉིད་ཆེན་པོ་རྣམས་ཀྱི་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་ལས་མདོ་ཁམས་སྨད་ནས་བླ་ཆེན་དགོངས་པ་རབ་གསལ་སོགས་ཀྱིས་བསྟན་པའི་མེ་རོ་གསོས་པ་ལས་རིམ་གྱིས་བཤད་བསྒྲུབ་ཀྱི་བསྟན་པ་དར་ཞིང་། ཁྱད་པར་དུ་གནས་ལྔ་རིག་པའི་པཎྚི་ཏ་བྱང་ཆུབ་ཀྱི་སེམས་ཀྱིས་ཐུགས་རྒྱུད་གཏམས་པ་དཔལ་ལྡན་ཨ་ཏི་ཤ་དྰི་པཾ་ཀ་ར་ཤྲིཛྙྰ་ན་ཞེས་ཡོངས་སུ་གྲགས་པ་དེ་ཉིད་བོད་ཆོས་རྒྱལ་གྱི་གདུང་བརྒྱུད་ལྷ་བླ་མ་ཡེ་ཤེས་འོད་ཁུ་དབོན་གྱིས་འབད་པ་ཆེན་པོས་སྤྱན་དྲངས། བོད་དུ་ཕེབས་ནས་བྱང་ཆུབ་ལམ་གྱི་སྒྲོན་མ་སོགས་མཛད་དེ་རྒྱལ་བའི་བསྟན་པ་ལ་མ་རྟོགས་པ་དང་ལོག་པར་རྟོགས་པའི་དྲི་མ་མཐའ་དག་བསལ་ནས་བསྟན་པ་རིན་པོ་ཆེ་ཡོངས་སུ་རྫོགས་པ་ལེགས་པར་བྱི་དོར་བྱས་ཏེ་གསལ་བར་མཛད། སྲས་ཀྱི་ཐུ་བོ་ཁུ་རྔོག་འབྲོམ་གསུམ་སོགས་ཀྱིས་བཤད་སྒྲུབ་གཉི་ཀས་བསྟན་པ་བསྐྱངས་པས་ཇོ་བོ་བཀའ་གདམས་པ་ཞེས་པའི་རྣམ་ཐར་གཙང་མའི་ཚད་དུ་འཁྱོལ་བས་བོད་ཡུལ་མཛེས་པར་བྱས། གཞན་ཡང་དཔལ་ལྡན་ས་སྐྱ་པ་ཡབ་སྲས་དང་གྲུབ་དབང་མར་པ་ཡབ་སྲས་སོགས་ལས་ཀྱང་རིམ་པར་བརྒྱུད་པའི་བཤད་པ་དང་སྒྲུབ་པའི་སྡེ་མང་དུ་ཚུགས་ཤིང་། མཁས་གྲུབ་ཚད་ལྡན་དུ་མས་གངས་རིའི་ལྗོངས་ཡོངས་སུ་གང་བར་གྱུར།ཕྱིས་སུ་རྒྱལ་སྲས་དམ་པ་རྣམས་ཀྱི་ནང་ནས་ཀྱང་སྙིང་སྟོབས་དང་རྣམ་དཔྱོད་ཕུལ་དུ་བྱུང་བ་རྗེ་བཙུན་བརྟན་པའི་འཁོར་ལོ་ཉིད་ངུར་སྨྲིག་གི་ཟློས་གར་འཆང་བའི་ཚུལ་དུ་རོལ་ཤིང་མཐོན་མཐིང་རལ་པའི་ཐོར་ཅོག་ནི་པཎ་ཞྭ་གསེར་གྱི་མདོག་ཅན་དུ་མཛད་དེ་བསྟན་པའི་བདག་པོར་གྱུར་པ་རྗེ་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ་གྱིས་དགེ་བའི་བཤེས་གཉེན་མང་དུ་བསྟེན། ཕྱི་ནང་གི་གྲུབ་མཐའ་སྤྱི་དང་ནང་པའི་གྲུབ་མཐའ་བཞིའི་ཁྱད་པར་ཕྲ་མོ་དག་ལའང་རིགས་པ་དྲི་མ་མེད་པའི་སྒོ་ནས་ཞིབ་ཏུ་སྦྱངས་པས་གྲུབ་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་ཕྱིན། རིག་གནས་མདོ་སྔགས་ཐམས་ཅད་ལ་ཐོས་བསམ་བསྒོམས་པས་གྲུབ་པའི་རྟོགས་པ་མཆོག་བརྙེས། ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས། རྗེ་བཙུན་འཇམ་དཔལ་དབྱངས་ལ་ཟབ་རྒྱས་ཀྱི་གདམས་པ་མང་དུ་གསན། འཆད་རྩོད་རྩོམ་པས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་གསུང་རབ་མཐའ་ཡས་པ་གདུལ་བྱ་རྣམས་ལ་འདོམས་པར་མཛད་པས་ཤྰཀྱའི་རིང་ལུགས་དྲི་མ་མེད་པ་ཉིན་མོ་ལྟར་གསལ་བར་གྱུར་ཏོ། ། དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་མཁས་གྲུབ་སོགས་འཕགས་ཡུལ་གྱི་འཛམ་གླིང་རྒྱན་དྲུག་ལྟ་བུ་དུ་མས་རྗེ་ཉིད་ཀྱི་བཞེད་སྲོལ་ཇི་ལྟ་བ་བཞིན་རིན་པར་བསྐྱངས། རྗེ་བཙུན་དེ་ཉིད་ཀྱི་བཀའ་དྲིན་ལས་མདོ་སྔགས་བཤད་སྒྲུབ་ཐམས་ཅད་ཕན་ཚུན་འགལ་བ་མེད་པར་གཅིག་གྲོགས་སུ་གཅིག་འཆར་བའི་སྒོ་ནས་རང་གཞན་ཐམས་ཅད་ཀྱི་དོན་ལེགས་པར་སྒྲུབ་ནུས་པའི་མཁས་པ་དང་གྲུབ་པའི་སྐྱེ་བོ་དུ་མས་ས་སྟེང་ཐམས་ཅད་མཛེས་པར་གྱུར་ཞིང་ཀུན་མཁྱེན་བུ་རམ་ཤིང་པའི་རིང་ལུགས་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་བ་འདི་བཞིན་ལགས་སོ། །

    ཆེན་པོ་ཧོར་གྱི་ཡུལ་དུ་ནི་སྔོན་གནམ་གྱི་བུ་བུར་ཏོ་ཆོ་ནོར་གྲགས་པ་ལས། མི་རབས་དགུ་པ་དུ་བུན་མེར་གེན་འདས་རྗེས་ནག་མོ་ཨེ་ལན་ཡུགས་སར་གནས་པ་ལ། ནམ་མཁའ་ནས་འཇའ་འོད་ལྟ་བུ་ཞིག་བྱུང་བ་ལུས་ལ་ཕོག་པ་ལས་བདེ་བ་མྱོང་སྟེ། མངལ་དུ་སེམས་ཅན་ཆགས་པ་བཙས་ནས་པོ་ཏོན་ཆར་དུ་གྲགས། དེ་ལས་མི་རབས་དགུ་པ་ཡི་སུ་ཁེ་འི་བྰ་ཐུར་གྱི་སྲས་སུ་གནས་བསྐོས་ས་ཡི་ཚངས་པ་ཆིང་གི་སི་འཁྲུངས། ཡངས་པའི་རྒྱལ་ཁམས་ཕལ་མོ་ཆེར་མངའ་བསྒྱུར་ཤིང་། དེ་ཉིད་ཀྱི་རིགས་ལས་རྒྱལ་པོ་ཨོ་གོ་ཏའི་སྲས་གཉིས་པ་རྒྱལ་བུ་གོ་དོན་གྱིས་རིག་པའི་གནས་ལྔ་ལ་སྦྱངས་པ་མཐར་ཕྱིན་པའི་མཁས་པ་ཆེན་པོ་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་སྤྱན་དྲངས་ཏེ་མཆོད་ཡོད་དུ་འབྲེལ་ནས་བསྟན་པའི་དབུ་བརྙེས། ཧོ་པི་ལི་སེ་ཆེན་རྒྱལ་པོའི་དུས་སུ་རྗེ་བཙུན་དེ་ཉིད་ཀྱི་རིགས་དབོན་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་གདན་དྲངས་ཏི་ཤྲྰི་སྟེ་རྒྱལ་པོའི་དབུ་མངའ་གསོལ། ཆོས་ཞུས་པའི་ཡོན་བོད་ཆོལ་ཁ་གསུམ་དང་ཟང་ཟིང་མང་དུ་ཕུལ། གཙུག་ལག་ཁང་བཞེངས་པ་དང་དགེ་འདུན་གྱི་སྡེ་འཛུགས་པ། ཉན་བཤད་སྒོམ་བསྒྲུབ་བྱེད་པ་སོགས་བསྟན་པའི་སྲོལ་ལེགས་པར་བཙུགས། ཧོར་ཡིག་གསར་དུ་བརྩམས་ནའང་ཅུང་ཟད་མ་ཚང་བས་དམ་པའི་ཆོས་མང་དུ་བསྒྱུར་བ་སོགས་མ་བྱུང་འདུག ཧའི་སང་ཁུ་ལུག་རྒྱལ་པོའི་དུས་སུ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གདན་དྲངས། འདི་ལ་ཆོས་ཀྱི་འོད་ཟེར་ཡང་ཟེར་བ་འདུག་ཅིང་། གསེར་ལྡིངས་པ་གཞོན་ནུ་འོད་ཀྱི་སྲས་ཡིན་མིན་བརྟག་པར་བྱ་ཞིང་། དུས་ཐོག་འགྲིག་པར་སྣང་ལ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་སྐུ་ན་སོ་ཕྲ་བའི་སྐབས་ཀྱི་མཚན་ཆོས་ཀྱི་འོད་ཟེར་ལ་ཆོས་རྒྱལ་འཕགས་པས་ཆོས་སྐུ་འོད་ཟེར་ཞེས་བསྒྱུར་བར་ཁོང་གི་རྣམ་ཐར་ལས་འབྱུང་བ་དང་ཡང་འགྲིགས་པར་སྣང་ངོ་། ། དེས་སྔར་བརྩམས་པའི་ཧོར་ཡིག་ལ་བསྣོན་དགོས་པ་རྣམས་བསྣན་ནས་ཚང་བར་བྱས་མདོ་དང་བསྟན་བཅོས་མང་དུ་བསྒྱུར་བའི་སྲོལ་བཏོད། བུ་ཡན་ཐུ་རྒྱལ་པོའི་རིང་ལ་བཅོམ་ལྡན་རིག་རལ་གྱི་སློབ་མ་མཁས་པ་ཆེན་པོ་འཇམ་དབྱངས་པ་སྤྱན་དྲངས་ཏེ་མཆོད་གནས་མཛད། འདིས་རྒྱུ་རྐྱེན་སྦྱར་ཏེ་སྣར་ཐང་གི་བསྟན་འགྱུར་བཞེངས། ཕྱིས་སུ་ཐུ་མེད་ཨལ་ཐན་རྒྱལ་པོའི་རིང་ལ་རྒྱལ་དབང་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་གདན་དྲངས་གསོན་གཤིན་གྱི་དགེ་བར་རློམ་པའི་སྲོག་གཅོད་པ་སོགས་ཆོས་ལོག་ཏུ་སྤྱོད་པ་རྣམས་འདོར་དུ་བཅུག གཙུག་ལག་ཁང་ཆེན་པོ་བཞེངས། འབངས་རྣམས་ཆོས་མཐུན་གྱི་དགེ་བ་ལ་སྦྱོར་བ་སོགས་མཛད་དེ། དཔལ་མཉམ་མེད་རི་བོ་དགེ་ལྡན་པ་དང་མཆོད་ཡོན་དུ་འབྲེལ་བར་གྱུར། དེའི་ཅུང་རྗེས་ཙམ་ལ་པཎྚི་ཏ་ཤྲྰི་ཀེ་ཐུ་ཀུ་ཤྲྰི་ཆོས་རྗེས་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་སོག་སྐད་དུ་བསྒྱུར། ཆ་ཀར་གྱི་ལེགས་ལྡན་ཧུ་ཐུག་ཐུའི་རིང་ལ་ཡང་ཀུན་དགའ་འོད་ཟེར་སོགས་ལོ་ཙྰ་མང་དུ་བསགས་ནས་བཀའ་འགྱུར་རོ་ཅོག་སོགས་ཆོས་མང་དུ་བསྒྱུར་བར་གྲགས་ལ། དེ་དག་ནས་བརྩམས་ཏེ་ད་ལྟའི་བར་དུ་ཆོས་བསྒྱུར་བ་དང་འཆད་ཉན་བྱེད་པ་སོགས་ཆོས་ལུགས་ལེགས་པར་འཕེལ་བས་ཧོར་གྱི་ཡུལ་ལྗོངས་ཐམས་ཅད་དཀར་པོ་དགེ་བའི་ལམ་ལ་གནས་ཤིང་མཆོག་གསུམ་བླ་མར་འཛིན་པའི་དད་པ་དང་གཏོང་བ་སོགས་ཡ་རབས་ཀྱི་སྤྱོད་ཚུལ་ལ་ཤིན་ཏུ་བརྩོན་པར་གྱུར་ཏོ། །

    ཁྱད་པར་དུ་འུ་ཅག་ཆེན་པོ་ཆིང་གི་རྒྱལ་རབས་འདི་ལ་བསོད་ནམས་སྟོབས་ཀྱིས་བླ་ན་འཕགས་པ་ཐེའི་ཙུང་པོག་ཏོ་རྒྱལ་པོ་མུག་ཏེན་གྱིས་སར་བཞུགས་སྐབས་སྣང་མཐའི་སྤྲུལ་པ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་། རྒྱལ་དབང་ལྔ་པ་ཆེན་པོས་སེ་ཆེན་ཆོས་རྗེར་གྲགས་པ་མངག་བསྟན་པ་ལ་ཐུགས་ཀྱིས་དགོངས་དགོས་ཚུལ་ཞུས་པས་པོག་ཏོ་རྒྱལ་པོ་ཤིན་ཏུ་དགྱེས། བོད་ལ་རྒྱལ་བ་ཡབ་སྲས་ལ་འབུལ་བ་དང་བཤད་སྒྲུབ་ཀྱི་སྡེ་ཆེ་ཆུང་མཐའ་ཡས་པ་ལ་འབུལ་འགྱེད་གྱ་ནོམ་པ་མཛད་དེ་རི་བོ་དགེ་ལྡན་པའི་བསྟན་པ་ལ་ལྷག་པར་མོས་པར་གྱུར། མི་རིང་བར་དེའི་སྲས་གོང་མ་ཤི་ཙུ་ཤུན་ཊི་རྒྱལ་པོས་རྒྱ་བོད་ཧོར་གསུམ་གྱིས་མཚོན་པའི་གནམ་འོག་གི་སྐྱེ་འགྲོ་ཕལ་མོ་ཆེ་དབང་དུ་བསྡུས། འཕགས་པ་འཇིག་རྟེན་དབང་ཕྱུག་དང་གཉིས་སུ་མེད་པའི་རྒྱལ་དབང་ལྔ་པ་ཆེན་པོ་ཕོ་བྲང་དུ་སྤྱན་དྲངས། གཙུག་ལག་ཁང་མང་དུ་བཞེངས། རྒྱལ་དབང་དེ་ཉིད་བསྟན་པའི་བདག་པོར་མངའ་གསོལ་ཏེ་ལུང་ལས་ཀྱིས་གཟེངས་བསྟོད་པ་སོགས་རྒྱལ་བ་ཐུབ་པའི་དབང་པོའི་བསྟན་པ་ལ་སྲི་ཞུ་ལྷག་པར་མཛད། དེའི་སྲས་གང་གི་དཔལ་དང་གཟི་བརྗིད་ཕུན་སུམ་ཚོགས་པས་སྔོན་དུས་ཆེ་སོར་འགྱིང་བའིས་བདག་ཕལ་མོ་ཆེའི་སྙེམས་པ་འཕྲོག་ཞིང་། བྱམས་བརྩེའི་སྟོབས་ཀྱི་གོམ་པ་མཐའི་རྒྱལ་ཕྲན་བྱེ་བའི་ཅོད་པན་ལ་ངལ་གསོ་བའི་ས་སྐྱོང་ཆེན་པོ་འཇམ་དཔལ་དབྱངས་དངོས་གོང་མ་ཤིང་ཙུ་བདེ་སྐྱིད་རྒྱལ་པོས་དགེ་འདུན་གྱི་སྡེ་མང་དུ་བཙུགས། སྐུ་གསུང་ཐུགས་རྟེན་བགྲང་ལས་འདས་པ་བཞེངས། མཁས་གྲུབ་ཚད་ལྡན་དུ་མ་ཡུལ་གྲུ་སོ་སོ་ནས་གདན་དྲངས་ཏེ་བསྟན་པ་རྒྱས་པར་བྱེད་དུ་བཅུག གནམ་འོག་གི་སྐྱེ་འགྲོ་སྤྱི་དང་ཁྱད་པར་ཧོར་གྱི་སྐྱེ་བོ་མཐའ་དག་ལ་གཅིག་ཏུ་བརྩེ་བའི་སྒོ་ནས། རྒྱལ་བའི་བཀའ་འགྱུར་རོ་ཅོག་ཧོར་གྱི་སྐད་དུ་བསྒྱུར་བ་རྣམས་ལ་མཁས་པ་དུ་མར་ཞུ་གཏུགས་གྱིས་གཏན་ལ་ལེགས་པར་འབེབ་ཏུ་བཅུག་སྟེ་སྤར་དུ་བསྒྲུབས་ནས་དད་པ་དང་སྐལ་བར་ལྡན་པ་རྣམས་ལ་ཆོས་སྦྱིན་གྱི་སྒོ་འཕར་བརྒྱ་ཕྲག་ཕྱེ་སྟེ་ཚིམ་པར་མཛད་པ་སོགས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་མི་ནུབ་པའི་རྒྱལ་མཚན་དུ་མཛད་དོ། །

    དེ་རྗེས་འཇམ་དཔལ་རྣོན་པོ་མི་རྗེའི་གར་གྱིས་རོལ་བ་གོང་མ་ཤི་ཙུང་ཡོང་ཊིང་རྒྱལ་པོས་དཀོན་མཆོག་གསུམ་གཙུག་ཏུ་མཆོད། ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་བླ་ནས་བླར་སྤེལ་བར་མཛད་ཅིང་བསྟན་པའི་བྱ་བ་མཛད་ཚུལ་ནི་སྔ་མ་ཇི་ལྟ་བ་བཞིན་ལ། ཁྱད་པར་དུ་བདག་པོ་འདི་ཉིད་ཟབ་མོ་དབུ་མའི་ལྟ་བ་ཉམས་སུ་བཞེས་པ་ཞིག་གོ། ། གནམ་འོག་གི་ཆབ་འབངས་མཐའ་དག་ལ་བརྩེ་བ་ཆེན་པོས་ཆོས་སྲིད་ཟུང་དུ་འབྲེལ་བའི་བཀའ་ཁྲིམས་བཟང་པོས་བདེ་བར་བསྐྱངས། བསྟན་བཅོས་འགྱུར་རོ་ཅོག་གི་སྤར་གསར་དུ་བསྒྲུབས་པ་སོགས་མཁས་པས་གཅིག་ཏུ་བསྔགས་པར་འོས་པའི་མཛད་པས་ནོར་འཛིན་གྱི་ཁྱོན་དགེ་ལེགས་ཀྱིས་ཁྱབ་པར་མཛད་དོ། ། དེ་ནས་ད་ལྟའི་གོང་མ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཉིད་ཀྱིས་ཡབ་མེས་ཀྱི་སྲོལ་བཟང་པོ་གོང་ནས་གོང་དུ་འཕེལ་བ་དང་། ཆབ་འབངས་མཐའ་དག་ལ་ཐུགས་ཤིན་ཏུ་བརྩེ་བས་བདེ་བར་སྐྱོང་བའི་ཐབས་འབའ་ཞིག་ཐུགས་ལ་བརྣག་པས་བསྟན་འགྲོའི་སྨན་ཡོན་དུ་འགྱུར་བའི་མཛད་པ་རླབས་པོ་ཆེ་འཕེལ་བཞིན་པ་ནས། བྱེ་བྲག་ཧོར་སོག་སྤྱི་ལ་མཆོག་ཏུ་སྨན་པར་དགོངས་ཏེ། ཉེ་ལམ་བཀའ་ཡི་དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་རོ་ཅོག་ཧོར་གྱི་སྐད་དུ་བསྒྱུར་ཏེ་སྤར་དུ་བསྐྲུན་དགོས་ཚུལ་གྱི་བཀའ་ཕབས་པར་བརྟེན། བཀའ་སྤྱི་བོས་བླངས་ཏེ་བསྒྱུར་བ་ལ་ཉེ་བར་ཞུགས་སོ། ། དེ་ལ་ཡང་ཆེན་པོ་ཧོར་གྱི་ཡུལ་གྲུ་སོ་སོའི་སྐད་ཀྱི་བྱིངས་འདྲ་ཡང་། ཟུར་ཅུང་ཟད་ཙམ་རེ་མི་འདྲ་བ་མང་ཞིང་། ཁྱད་པར་དུ་ཆོས་བསྒྱུར་བའི་མིང་བརྡའ་འདོགས་ཚུལ་བཀས་བཅད་འདྲ་བ་ཞིག་མི་འདུག་པས། ལོ་ཙྰ་བ་དུ་མས་སོ་སོར་རང་རང་གི་འདོད་པས་ཐ་སྙད་མི་མཐུན་པ་སྣ་ཚོགས་སྦྱར་ཚེ་ཐོས་བསམ་བྱེད་པ་རྣམས་ཀྱིས་རྟོགས་དཀའ་བ་སོགས་ཉེས་པ་དུ་མའི་གཞིར་འགྱུར་པས་གསུང་རབ་ཀྱི་མིང་བརྡའི་ཐ་སྙད་འདོགས་ལུགས་རགས་བསྡུས་ཞིག་སྦྱར་ནས་སྤར་དུ་བསྒྲུབས་ཏེ། ཀུན་ལ་ཁྱབ་པར་བྱས་ན་ལེགས་ཚུལ་ཞུས་པར་དེ་ལྟར་གྱིས་ཞེས་པའི་བཀའ་སྩལ་བ་སྤྱི་བོས་མནོས་ཏེ། ཚུལ་དེ་འགོད་པར་བྱ་བ་ལ།དེ་ཡང་བོད་ཀྱི་ཡི་གེའི་འཇུག་ཚུལ་སོགས་སྤྱིའི་རྣམ་བཞག་སྟོན་པ་ཐོན་མི་སམྦྷོ་ཊས་མཛད་པའི་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ། ཁྲི་རལ་པ་ཅན་གྱི་དུས་སུ་ལོ་པཎ་རྣམས་ཀྱིས་ཆོས་བསྒྱུར་ཚུལ་བཀས་བཅད་དུ་མཛད་པ་སྒྲ་སྦྱོར་བམ་གཉིས། ཀ་ཅོག་སོགས་ལོ་ཙྰ་བ་དུ་མས་མདོ་ལས་འབྱུང་བའི་མིང་གི་རྣམ་བཞག་དུ་མ་བསྡུས་པ་བྱེ་བྲག་རྟོགས་བྱེད་ཆེ་ཆུང་། གཞན་ཡང་སྟག་སྟོན་གཞོན་ནུ་དཔལ་གྱི་དག་ཡིག་འོད་ཟེར་བརྒྱ་པ། བུ་སྟོན་སེང་གེ་འོད་ཀྱི་སྒྲ་དོན་རྒྱ་མཚོའི་མེ་ལོང་། བྱམས་པ་གླིང་པའི་སྨྲ་རྒྱན། བསམ་ལྡིངས་པའི་འཁྲུལ་སྤོང་། ཞ་ལུ་ལོ་ཆེན་གྱི་ཟ་མ་ཏོག དཔལ་ཁང་ལོ་ཙྰ་བའི་ངག་སྒྲོན། བརྡའ་གསར་རྙིང་གི་རྣམ་བཞག་སྟོན་པ་སྐྱོགས་སྟོན་གྱི་ལི་ཤི་གུར་ཁང་དང་དབུས་པ་བློ་གསལ་གྱིས་མཛད་པ། བློ་ལྡན་ཤེས་རབ་ཀྱི་ཉེར་མཁོ་བསྡུས་པ། གཞན་ཡང་དམ་པ་མང་པོས་མཛད་པའི་སུམ་རྟགས་ཀྱི་ཊིཀྐ་སོགས་མང་དུ་ཡོད་ལས་འདིར་ནི་དེ་དག་རྣམས་ལས་འབྱུང་བའི་མིང་དང་བརྡའི་རྣམ་བཞག་དང་། བརྡའ་གསར་རྙིང་གི་དབྱེ་བ་སོགས་ཆེ་ལོང་དང་རིག་གནས་སོ་སོའི་གཞུང་བསྒྱུར་བ་ལ་ཉེ་བར་མཁོ་བའི་རང་རང་གི་སྐབས་ཀྱི་མེད་དུ་མི་རུང་བའི་མིང་གི་རྣམ་གྲངས་ཇི་ལྟར་ནུས་པ་བཞིན་དུ་ལེ་ཚན་སོ་སོར་བྲི་བར་བྱའོ། །

    དེ་ལ་སྤྱིར་རྒྱལ་པའི་གསུང་རབ་རིན་པོ་ཆེ་ནི་ཐོག་མཐའ་བར་གསུམ་དུ་དགེ་བ། གྲོལ་བ་དོན་དུ་གཉེར་བ་རྣམས་ལ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་གསལ་བར་བྱེད་པའི་མིག་ཏུ་གྱུར་པ་ཤ་སྟག་ཡིན་པས། བསྒྱུར་བྱེད་ལོ་ཙྰ་རྣམས་ཀྱིས་ཀྱང་ཚུལ་འདི་ཉིད་འཇིག་རྟེན་དུ་ཡུན་རིང་དུ་གནས་ན་ཅི་མ་རུང་སྙམ་པའི་བསམ་པས་ཐུབ་བསྟན་གཅེས་པར་འཛིན་པ་འབའ་ཞིག་ཡིད་ལ་བརྣགས་ཏེ། ཁེ་འདོད་དང་གྲགས་འདོད་ཕྱོགས་སུ་ལྷུང་བའི་ཡིད་སྤངས། གཟུ་བོའི་བློས་ཚིག་དང་དོན་གྱི་ཆ་ལ་ལེགས་པར་དཔྱད། རང་གིས་ཇི་ལྟ་བ་བཞིན་མ་ཤེས་པ་རྣམས་མཁས་པར་གྲགས་པ་མཆོག་དམན་སུ་ལ་ཡང་རུང་སྟེ་ལེགས་པར་དྲིས་ཤིང་ཐེ་ཚོམ་བཅད་ནས། ཚིག་གསལ་ཞིང་གོ་བདེ་བ་དོན་དང་མི་འགལ་བར་བྱས་ཏེ་ལེགས་པར་བསྒྱུར་ན། རང་གཞན་གྱི་རྒྱུད་ལ་ལེགས་ཚོགས་དུ་མ་སྤེལ་བར་ནུས་ཞིང་། རྒྱལ་བའི་བསྟན་པ་ལ་བྱ་བ་བྱས་པར་འགྱུར་བས་བསོད་ནམས་ཀྱི་ཕུང་པོ་གཞན་དུ་མེད་པ་འཐོབ་པར་འགྱུར་གྱི། གཞན་དུ་ན་རང་ཉིད་མཁས་པ་མིན་ཀྱང་མཁས་པར་རློམ་པ་ལ་དྲེགས། གཞན་མཁས་པར་གྱུར་ཀྱང་དེ་ལ་ཕྱོགས་སུ་ལྷུང་བའི་ཡིད་ཀྱིས་སྡང་བས་བློ་མིག་བསྒྲིབས། དམ་པའི་ཆོས་ལ་གལ་ཆུང་དུ་བཟུང་བས་ཉི་མ་འཕུལ་ཐབས་ཀྱི་སྦྱོར་བས་པོ་ཏི་ཇི་མང་མང་དུ་བསྒྱུར་བ་ལ་དགའ་དག་གིས་ནི། སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་ལོག་བཤད་ཉེས་བཤད་ཀྱི་བཙོག་ཆུས་བསླད་པའི་འབྲས་བུ་རང་གཞན་ཀུན་ལ་འདི་ཕྱིར་བཟོད་པར་དཀའ་བའི་སྡུག་བསྔལ་འབྱུང་བ་ལ་ཅིར་ཡང་མི་སེམས་པར་ཟད་དོ། །

    དེ་ལྟར་ཕན་ཡོན་དང་ཉེས་དམིགས་ལེགས་པར་ངེས་པར་བྱས་ནས་བསྒྱུར་ཚུལ་དངོས་ལ། གཞུང་གི་ཚིག་རྣམས་བོད་སྐད་ཀྱི་གོ་རིམས་ཇི་ལྟ་བ་བཞིན་དུ་བསྒྱུར་ན་ཧོར་སྐད་ལ་གོ་བདེ་ཞིང་། དོན་འཁྲུགས་པར་མི་འགྱུར་བ་རྣམས་ནི་དེ་ཇི་ལྟ་བ་བཞིན་དུ་བསྒྱུར་བར་བྱ་ཞིང་། དེ་ལྟ་མ་ཡིན་པར་ཚིག་གོང་འོག་བསྣོར་ན་དོན་གོ་བ་གསལ་ཞིང་བརྗོད་བདེ་བ་རྣམས་ནི་ཚིགས་བཅད་ཡིན་ན་ཤློོ་ཀ་གཅིག་གི་ནང་དུ་གང་བདེ་བར་སྣོར་ཞིང་བསྒྱུར་བ་དང་། ཚིག་ལྷུག་པ་རྣམས་ནི་ཚིག་གཅིག་གམ་གཉིས་སམ་གསུམ་སོགས་ཚིག་དེ་དག་གི་དོན་གང་དུ་བསྙེགས་པ་ཡན་ཆད་དུ་གང་བདེ་བར་སྣོར་ཞིང་བསྒྱུར་བར་བྱ། འོན་ཀྱང་དོན་སྔ་ཕྱི་འཁྲུགས་པར་མི་འགྱུར་བ་གལ་ཆེ་ལ། དེ་ཡང་ཚིག་དེ་ཀའི་ནུས་པ་འདོན་ལུགས་ལ་ལེགས་པར་བརྟགས་དགོས་སོ། ། ཡང་འགའ་ཞིག་བོད་སྐད་ཇི་ལྟ་བ་བཞིན་བསྒྱུར་ན་ཧོར་ཡིག་ལ་ཚིག་ལྷག་ཧ་ཅང་མང་བས་དོན་གྱི་ཆ་བསྒྲིབས་པ་ལྟ་བུ་ཡང་མང་དུ་ཡོད་པས། དེ་ལ་ནི་དོན་ལ་མི་གནོད་པར་བྱས་ཏེ་ཚིག་ལྷག་རྣམས་དོར་བས་ཆོག་ལ། སྐབས་འགའ་ཞིག་ཏུ་ཚིག་ཟུར་ཅུང་ཟད་རེ་མ་བསྣན་ན་དོན་གྱི་ནུས་པ་མི་རྫོགས་པ་ལྟ་བུ་ཡང་ཡོད་པས། དེ་ལ་ནི་དོན་གསལ་བ་ལ་ཕན་ཞིང་ཚིག་རོར་མ་སོང་བའི་སྐད་ཟུར་བསྣན་ནས་བསྒྱུར་བར་བྱའོ། ། མིང་གཅིག་དོན་དུ་མ་ལ་བསྙེག་ཏུ་རུང་བ་རྣམས་ནི་ལྟག་འོག་ལ་ལེགས་པར་བརྟགས་ཏེ། ཕྱོགས་གཅིག་ལ་ཐག་གཅོད་དུ་རུང་ན་གར་བསྙེག་པ་དེར་བསྒྱུར་ལ། ཐག་གཅོད་དུ་མི་རུང་ཤིང་ཧོར་སྐད་ལ་ཕྱོགས་གཉི་ཀར་བསྙེགས་པའི་སྐད་དོད་མ་རྙེད་ན་ནི་བོད་སྐད་སོར་གནས་སུ་བཞག་པར་བྱའོ། ། ཡང་པཎ་གྲུབ་དང་རྒྱལ་བློན་ལ་སོགས་པའི་གང་ཟག་གི་མིང་དང་ཡུལ་དང་མེ་ཏོག་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་གོ་དཀའ་ཞིང་ཚིག་མི་བདེ་བ་དང་། འོལ་སྤྱིར་བསྒྱུར་དུ་རུང་ཡང་དོན་དེ་ལྟར་ཡིན་མིན་གཏོལ་མེད་པ་རྣམས་ལ་ནི་མིང་གི་མགོ་མཇུག་ཇི་ལྟར་རིགས་པར་པཎྚི་ཏ་དང་རྒྱལ་པོ་དང་། མེ་ཏོག་ཞེས་སོགས་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་བསྣན་ནས་རྒྱ་གར་སྐད་དམ་བོད་སྐད་སོར་བཞག་ཏུ་བཞག་པར་བྱའོ། ། གཞུང་ཆེན་མོའི་འགྲེལ་པ་རྣམས་ལ་རང་རང་གི་རྩ་བའི་དཔེ་སྔར་བསྒྱུར་ཟིན་པ་ཡོད་ན་འགྲེལ་པའི་ནང་གི་རྩ་བའི་ཚིག་ཀྱང་དེ་དང་མཐུན་པར་བྱ་ལ། མེད་ན་སྔོན་དུ་རྩ་བའི་དཔེ་བསྒྱུར་ཞིང་དེ་ཡང་འགྲེལ་པ་ལ་བསྟུན་ནས་བསྒྱུར་བར་བྱའོ། །རྒོལ་ཕྱིར་རྒོལ་གྱི་རྩོད་པའི་ཚིག་རྣམས་ནི་ཕན་ཚུན་གཉི་ཀའི་བསམ་པའི་གདེངས་དང་རྩོད་པ་འགྲོ་ལུགས་ལེགས་པར་བརྟགས་ཏེ་བསྒྲུབ་ངག་དང་སུན་འབྱིན་པའི་ངག་རྣོ་ཞིང་གོ་བདེ་བའི་ཚིག་གིས་བསྒྱུར་དགོས་སོ། ། གཞན་ཡང་བསྟོད་པའི་ཚིག་དང་། སྨད་པའི་ཚིག་དང་། ངོ་མཚར་བའི་ཚིག་དང་། སྐྱོ་བར་འགྱུར་བའི་ཚིག་དང་། འཇིགས་པའི་ཚིག་ལྟ་བུ་རྣམས་ལ་ནི། ཧོར་སྐད་དུ་ཀུན་ལ་གྲགས་པ་ནུས་པ་ཆེ་ཞིང་ཡིད་འཁུལ་བཏུབ་པ་སྐབས་སུ་བབས་པའི་ཚིག་གིས་བསྒྱུར་བར་བྱའོ། །གཞུང་གི་དོན་ལེགས་པར་མ་ཤོད་པའམ་ལོག་པར་བཤད་པར་མངོན་པ་འགའ་ཞིག་འདུག་ནའང་གཞུང་རྩམས་པ་ལྟར་བསྒྱུར་བར་བྱ་ཡི། གཞུང་གཞན་གྱི་ལེགས་པར་བཤད་པ་ལས་བླངས་ཏེ་འཆོས་པར་མི་བྱ་སྟེ། གལ་ཏེ་དེ་ལྟར་བྱས་ན་སློབ་དཔོན་རྣམས་ཀྱི་ལུགས་སོ་སོ་བ་རྣམས་འཁྲུག་པར་འགྱུར་བའི་ཕྱིར་རོ། ། གདམས་ངག་གི་གཞུང་རྣམས་སུ་ལྷ་དང་རྫས་དང་གྲངས་སོགས་ཀྱི་མིང་གབ་ཚིག་གཞན་གྱིས་བསྟན་པ་རྣམས་ནི་དེ་ཇི་ལྟ་བ་བཞིན་བསྒྱུར་བར་བྱ་ཡི། ། རང་མིང་རྗེན་པར་མི་བསྒྱུར་ཏེ། དེ་ལྟར་ན་གབ་པའི་དགོས་པ་མེད་པར་འགྱུར་བའི་ཕྱིར་རོ། ། ཡང་སྙན་དངགས་ཀྱི་སྐབས་སུ་མངོན་བརྗོད་ཀྱི་མིང་གིས་བསྟན་པ་བོང་བུ་ལ་མགྲིན་བཟང་ཞེས་པ་ལྟ་བུ་ཡང་མིང་དེ་ཉིད་ཀྱིས་བསྒྱུར་བར་བྱ་ཡི་རང་མིང་གིས་མི་བསྒྱུར་ཏེ། གཞན་དུ་ན་མི་མཛེས་པར་འགྱུར་བའི་ཕྱིར་བའི་ཕྱིར་རོ། །གཞན་ཡང་རྩ་བའི་རྣམ་ཤེས་དང་ཀུན་གཞི་ཞེས་པ་གཉིས་དོན་བསྙེགས་པའི་གཞི་ཕལ་ཆེར་གཅིག་ཡིན་ཀྱང་ཕལ་ཆེན་སྡེ་པ་དང་སེམས་ཙམ་པ་གཉིས་ཀྱིས་མིང་འདོགས་ལུགས་དང་བཤད་ཚུལ་ཅུང་ཟད་མི་འདྲ་བ་ལྟ་བུ་རྣམས་ཀྱང་རང་རང་གི་གཞུང་ལས་ཇི་ལྟར་འབྱུང་བ་ལྟར་བསྒྱུར་བར་བྱ་ཡི། དོན་གཅིག་པ་ལ་བསམས་ནས་ཐ་སྙད་ཕན་ཚུན་བསྲེ་བར་མི་བྱའོ། ཡང་བདེན་པར་གྲུབ་པ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་གཉིས་དབུ་མ་ཐལ་འགྱུར་བ་ལྟར་ན་དོན་གཅིག་པས་གཅིག་ཡོང་སར་གཅིག་ཤོས་སུ་བསྒྱུར་ཆོག་པའི་སྐབས་ཡོད་མོད་ཀྱང་། དབུ་མ་རང་རྒྱུད་པ་ལྟར་ན་དེ་གཉིས་ཤིན་ཏུ་མི་འདྲ་བས་དོན་གཅིག་པར་བྱེད་མི་རུང་བ་ལྟ་བུ་ཡང་མང་བས། ལེགས་པར་དཔྱད་ནས་རང་རང་གི་ལུགས་ལྟར་བསྒྱུར་ཤེས་དགོས་སོ། ། གཞན་ཡང་བདག་མེད་དང་བདེན་མེད་གཉིས་ཀྱང་དབུ་མ་པ་ལྟར་ན་འགངས་འདྲ་ན་ཡང་། གྲུབ་མཐའ་འོག་མའི་སྐབས་སུ་ཆོས་ཐམས་ཅད་བདག་མེད་པར་ཁས་ལེན་ཀྱང་བདེན་མེད་དུ་ཁས་མི་ལེན་པ་སོགས་ཀྱི་ཁྱད་པར་འགངས་ཆེ་བ་རྣམས་ཀྱང་ཕྱེད་དགོས་ཏེ། གཞན་དུ་ན་ཕྱོགས་གཅིག་ལ་དོན་གཅིག་ཏུ་བཤད་པ་མཐོང་བས་སྐབས་ཐམས་ཅད་དུ་དོན་གཅིག་པར་བཟུང་ནས་མ་བརྟག་པར་ཐ་སྙད་ཕན་ཚུན་བསྲེས་ན་གྲུབ་མཐའ་རྣམས་ཀྱི་མི་འདྲ་བའི་ཁྱད་པར་མཐའ་དག་འཆོལ་བར་འགྱུར་བའི་ཕྱིར་རོ། ། གཞན་ཡང་གྲུབ་པ། བསྒྲུབས་པ། འགྲུབ་པ། ཞེས་དང་། བཅོམ། གཞོམ། འཇོམས་ཞེས་པ་ལྟ་བུ་འདས་པ་དང་ད་ལྟ་བ་དང་མ་འོངས་པའི་ཚིག་གི་ཁྱད་པར་རྣམས་དང་། འདིས་རྙེད་པ་དང་། འདི་རྙེད་པ་ལྟ་བུ་བྱེད་པ་དང་། ལས་ཀྱི་སྒྲས་བསྟན་པའི་ཁྱད་པར་དང་། སངས་རྒྱས་ཁོ་ན་ཡོན་ཏན་དང་ལྡན་ཞེས་དང་། སངས་རྒྱས་ཡོན་ཏན་དང་ལྡན་པ་ཁོ་ན་ཞེས་པ་ལྟ་བུ་ཁོ་ན་ཞེས་པའི་སྒྲ་ཚིག་གི་གོང་འོག་ཏུ་འཇུག་པའི་ཁྱད་པར་གྱིས་གཞན་ལྡན་རྣམ་གཅོད་དང་། མི་ལྡན་རྣམ་གཅོད་ཀྱི་ཚིག་ཏུ་འགྱུར་ཚུལ་དང་། འཕྲལ་བ་ཞེས་པ་བརྡའ་གསར་ལ་སོ་སོར་ཕྱེ་བའི་དོན་ལ་འཇུག་ནའང་བརྡའ་རྙིང་ལ་དཔྲལ་བའི་སྐད་དོད་ཡིན་པ་ལྟ་བུ་སོགས་མང་དུ་ཡོད་པ་རྣམས་ལེགས་པར་ལྟག་འོག་ལ་བརྟགས་ནས་བསྒྱུར་དགོས་སོ། །

    གཞན་ཡང་ཧོར་སྐད་ལ་ཚིགས་བཅད་དང་ལྷུག་པའི་ཁྱད་པར་དང་། ཚིགས་བཅད་ཀྱང་རྐང་པ་རིང་ཐུང་སྙོམས་པ་སོགས་བོད་སྐད་ཇི་ལྟ་བ་བཞིན་མི་འབྱུང་ནའང་ཚིགས་སུ་བཅད་པ་རྣམས་ནི་སྙན་འཇེབས་དོན་རྫོགས་པ་གོ་སླ་བ་རྐང་པ་རིང་ཐུང་ཀྱང་ཕལ་ཆེར་སྙོམས་པ་བྱ་ཞིང་བསྟོད་པ་དང་གསོལ་འདེབས་ལྟ་བུ་འགའ་ཞིག་ལ་ཧོར་སྐད་ལ་གྲགས་པའི་མགོ་མཚུངས་ཀྱི་རྒྱན་ལྟ་བུ་བྱས་ཀྱང་འགལ་བ་མེད་ལ། གཞུང་ཆེན་མོ་རྣམས་ལ་ནི་དེ་ལྟར་མི་བྱ་སྟེ། གཞན་དུ་ན་ཚིག་ལྷག་མང་དུ་འཇུག་པས་དོན་བསྒྲིབས་པར་འགྱུར་བས་སོ། ། གཞན་ཡང་བརྡའ་སྦྱོར་གྱི་གཞུང་འདི་དང་གཞན་དག་ཏུ་མ་འབྱུང་བའི་བརྡའ་གསར་དུ་སྦྱོར་དགོས་པ་བྱུང་ན་རང་རང་གི་སར་འདོད་པས་རང་དགར་མི་འདོགས་པར་བསྒྱུར་བའི་གྲྭར་གཏུགས་ཏེ་གཞུང་དང་གཏན་ཚིགས་དང་མི་འགལ་བར་བསྒྱུར་བར་བྱའོ། ། དེ་དག་ནི་གླེང་གཞི་དང་ཆོས་བསྒྱུར་ཚུལ་བཀས་བཅད་མདོ་ཙམ་མོ། །

    ད་ནི་གཞུང་དོན་དངོས་ལ་འཇུག་པར་བྱ་སྟེ། དེ་ལ་གཉིས། རིག་པའི་གནས་ལྔ་སོ་སོའི་གཞུང་བསྒྱུར་བ་ལ་མཁོ་བའི་མིང་གི་རྣམ་གྲངས་བསྟན་པ་དང་། ཐུན་མོང་ལ་མཁོ་བའི་བརྡའ་གསར་རྙིང་གི་དབྱེ་བ་སོགས་བཤད་པའོ། ། དང་པོ་ལ་ལྔ། ནང་རིག་པ་དང་། གཏན་ཚིགས་རིག་པ་དང་། སྒྲ་རིག་པ་དང་། བཟོ་རིག་པ་དང་། གསོ་བ་རིག་པའི་གཞུང་བསྒྱུར་བ་ལ་མཁོ་བའི་མིང་གི་རྣམ་གྲངས་བསྟན་པའོ། ། དང་པོ་ལ། མཚན་ཉིད་ཀྱི་ཐེག་པ་དང་། སྔགས་ཀྱི་ཐེག་པ་གཉིས་ལས་དང་པོ་ལ། ཕར་ཕྱིན་དང་། དབུ་མ་དང་། མངོན་པ་དང་། འདུལ་བ་དང་། གྲུབ་མཐའ་སྤྱིའི་གཞུང་བསྒྱུར་བ་ལ་མཁོ་བའི་མིང་གི་རྣམ་གྲངས་བསྟན་པ་དང་ལྔ་ལས།དང་པོ་ནི། ཕར་ཕྱིན་གྱི་གཞུང་གི་བརྗོད་བྱའི་གཙོ་བོ་དངོས་པོ་བརྒྱད་ལ་དོན་འདུན་ཅུས་སྟོན་པས། དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མཚོན་བྱེད་ཀྱི་ཆོས་བཅུ་ལས་དང་པོ་ཐེག་ཆེན་སེམས་བསྐྱེད་ནི། ས་ལྟ་བུའི་སེམས་བསྐྱེད། གསེར། ཟླ་བ། མེ། གཏེར། རིན་ཆེན་འབྱུང་གནས། མཚོ། རྡོ་རྗེ། རི། སྨན། བཤེས་གཉེན། ཡིད་བཞིན་ནོར་བུ། ཉི་མ། གླུ། རྒྱལ་པོ། མཛོད། ལམ་པོ་ཆེ། བཞོན་པ། བཀོད་མའི་ཆུ། སྒྲ་སྙན། ཆུ་བོ། སྤྲིན་ལྟ་བུའི་སེམས་བསྐྱེད་དེ་ཉེར་གཉིས། ཡང་ན་སྨོན་པའི་སེམས་དང་། འཇུག་པའི་སེམས་གཉིས། ཡང་ན་མོས་པ་སྤྱོད་པ། ལྷག་བསམ་དག་པ། རྣམ་པར་སྨིན་པ། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དེ་བཞི། ཡང་ཕྱུགས་རྫི་ལྟ་བུ། མཉན་པ་ལྟ་བུ། རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དེ་གསུམ། ཡང་ཀུན་རྫོབ་དང་། དོན་དམ་སེམས་བསྐྱེད་གཉིས། རགས་པ་བརྡའ་ལས་བྱུང་བ་དང་། ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་དེ་གཉིས་རྣམས་སོ། །

    གཉིས་པ་ཐེག་ཆེན་བསྒྲུབ་པའི་གདམས་ངག་ལ། བསྒྲུབ་པའི་ངོ་བོ་ལ་གདམས་པ། བདེན་པ་བཞི། དཀོན་མཆོག་གསུམ། མ་ཞེན་པ། ཡོངས་སུ་ངལ་བ་མེད་པ། ལམ་ཡོངས་སུ་འཛིན་པ། སྤྱན་ལྔ། མངོན་ཤེས་དྲུག མཐོང་ལམ། སྒོམ་ལམ་ལ་གདམས་པ་དང་བཅུའོ། ། འདིའི་སྤྱན་ལྔ་དང་མངོན་ཤེས་དྲུག་དགེ་བདུན་ཉི་ཤུའི་མིང་གི་སྐོར་རྣམས་ནི་མངོན་པའི་སྐབས་སུ་བལྟ་བར་བྱའོ། །

    གསུམ་པ་ངེས་འབྱེད་ཡན་ལག་ལ། སྦྱོར་ལམ་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི། དམིགས་པ། རྣམ་པ། རྒྱུ། ཡོངས་སུ་འཛིན་པ། སྤང་བྱ་རྣམ་རྟོག ངོ་བོ་ཆེ་འབྲིང་ཆུང་གསུམ་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་སྟེ་ཁྱད་ཆོས་དྲུག་གོ། ། རྣམ་རྟོག་བཞི་ནི། ཀུན་ནས་ཉོན་མོངས་གཟུང་རྟོག་དང་། རྣམ་བྱང་གཟུང་རྟོག་གཉིས་རྫས་སུ་ཡོད་པ་དང་། བཏགས་པར་ཡོད་པར་འཛིན་པའི་འཛིན་རྟོག་གཉིས་ཏེ་བཞིའོ། །

    བཞི་པ་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ལ། རྟོགས་པའི་ཆོས་དྲུག་དང་། གཉེན་པོ་དང་སྤང་བའི་སྒྲུབ་པ། སྤང་བྱ་ཡོངས་སུ་གཏུགས་པ། ཤེས་རབ། སྙིང་བརྩེ་བ། ཐུན་མོང་མ་ཡིན་པ། གཞན་དོན་གོ་རིམས་སུ་བྱེད་པ། ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་སྒྲུབ་པ་སྟེ་སྒྲུབ་པ་བཅུ་གསུམ་གྱི་རྟེན་རིགས་བཅུ་གསུམ་མོ། །ཡང་རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་གཉིས། ལུགས་གཞན་ཉན་རང་བྱང་སེམས་ཀྱི་རིགས་གསུམ་དང་། ངེས་པའི་རིགས། མ་ངེས་པའི་རིགས། རིགས་ཆད་དང་དྲུག་ཏུ་བཤད་དོ། །

    ལྔ་པ་ཐེག་ཆེན་བསྒྲུབ་པའི་དམིགས་པ་ལ། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། འཇིག་རྟེན་ལས་འདས་པ་དང་། མ་འདས་པ་ལས། ཟག་བཅས་དང་། ཟག་མེད་ཀྱི་ཆོས་དང་། འདུས་བྱས་དང་། འདུས་མ་བྱས་པ་དང་། ཐུམ་མོང་དང་ཐུན་མོང་མ་ཡིན་པའི་ཆོས་ཏེ་བཅུ་གཅིག་གོ། །

    དྲུག་པ་ཐེག་ཆེན་བསྒྲུབ་པའི་ཆེད་དུ་བྱ་བ་ལ་སེམས་ཆེན་པོ་དང་། སྤོང་བ་ཆེན་པོ་དང་། རྟོགས་པ་ཆེན་པོ་སྟེ་གསུམ་མོ། །

    བདུན་པ་གོ་ཆའི་སྒྲུབ་པ་ལ་སྦྱིན་པ་ནས་ཤེས་རབ་ཀྱི་བར་གྱི་གོ་སྒྲུབ་དྲུག་གོ། །

    བརྒྱད་པ་འཇུག་པའི་བསྒྲུབ་པ་ལ། བསམ་གཏན་དང་གཟུགས་མེད་པའི་སྙོམས་འཇུག་ལ་འཇུག་པ་དང་། སྦྱིན་སོགས་དང་། འཕགས་པའི་ལམ། ཚད་མེད་པ། མི་དམིགས་པ་དང་ལྡན་པ། འཁོར་གསུམ་ཡོངས་སུ་དག་པ། ཆེད་དུ་བྱ་བ། མངོན་པར་ཤེས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པ་སྟེ་དགུའོ། ། འདིའི་བསམ་གཏན་གཟུགས་མེད་དང་ཞི་ལྷག་གི་སྐོར་རྣམས་མངོན་པའི་སྐབས་སུ་བལྟའོ། །

    དགུ་པ་ཚོགས་ཀྱི་བསྒྲུབ་པ་ལ། བརྩེ་བའི་ཚོགས་ཀྱི་བསྒྲུབ་པ། སྦྱིན་སོགས་དྲུག ཞི་གནས། ལྷག་མཐོང་། ཞི་ལྷག་ཟུང་འབྲེལ། ཐབས་ལ་མཁས་པ། ཡེ་ཤེས། བསོད་ནམས། ལམ། གཟུངས། ས་བཅུ། གཉེན་པོའི་ཚོགས་ཀྱི་སྒྲུབ་པ་སྟེ་བཅུ་བདུན་ནོ། འདིའི་གཟུངས་ལ་བཟོད་པ། ཆོས། དོན། སྔགས་ཀྱི་གཟུངས་ཏེ་བཞི། སྔགས་ལ་རིགས་སྔགས། གཟུངས་སྔགས། གསང་སྔགས་གསུམ་མོ། ། འདིའི་སྐབས་ཀྱི་སྟོང་ཉིད་བཅུ་དྲུག་དང་ས་བཅུ་སོགས་དབུ་མའི་སྐབས་སུ་བལྟ་བར་བྱའོ། །

    བཅུ་པ་ངེས་འབྱུང་བསྒྲུབ་པ་ལ། ཆེད་དུ་བྱ་བ་དང་། མཉམ་པ་ཉིད། སེམས་ཅན་གྱི་དོན་བྱེད་པ། འབད་པ་མེད་པ། མཐའ་ལས་འདས་པ། དོན་ཐོབ་པའི་མཚན་ཉིད། རྣམ་པ་ཐམས་ཅད་མཁྱེན་པ། དེས་ཁྱད་པར་གྱི་ལམ་གྱི་ངེས་པར་འབྱུང་བ་སྟེ་བརྒྱད་དོ། ། མཁྱེན་པ་ཡུལ་གྱི་སྒྲུབ་པ། སྦྱོར་བ་བྱེ་བྲག་གི་བསྒྲུབ་པ་གཉིས་སོ། །

    གཉིས་པ་ལམ་ཤེས་པ་ཉིད་ལ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས།དང་པོ་ལམ་ཤེས་ཀྱི་ཡན་ལག་ལ། ལམ་ཤེས་ཀྱི་སྣོད་རུང་དུ་བསྒྲུབས་པ། ཡུལ་དེས་པ། རིགས་ཀྱིས་ཁྱབ་པ། ལམ་ཤེས་གྱི་རང་བཞིན། ལམ་ཤེས་ཀྱི་བྱེད་ལས་ཏེ་ལྔའོ། །

    གཉིས་པ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་སྐབས་སུ་བདེན་བཞིའི་རྣམ་པ་ལ། སྡུག་བདེན་ལ་མི་རྟག སྡུག་བསྔལ། སྟོང་། བདག་མེད་བཞི། ཀུན་འབྱུང་བདེན་པ་ལ། རྒྱུ། ཀུན་འབྱུང་། རབ་སྐྱེ། རྐྱེན་བཞི། འགོག་བདེན་ལ། འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་བཞི། ལམ་བདེན་ལ། ལམ། རིག་པ། སྒྲུབ་པ། ངེས་འབྱིན་བཞི་སྟེ་བཅུ་དྲུག་གོ། །

    གསུམ་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་སྐབས་སུ། རང་རྒྱལ་ལ། བསེ་རུ་ལྟ་བུ་དང་། ཚོགས་སྤྱོད་ཆེ་ཆུང་གཉིས་ཏེ་གསུམ་མོ། །

    བཞི་པ་ཐེག་ཆེན་མཐོང་ལམ་ལ། བར་ཆད་མེད་ལམ། རྣམ་གྲོལ་ལམ་གཉིས། མཉམ་བཞག་དང་། རྗེས་ཐོབ་ཡེ་ཤེས་གཉིས། འདའ་བྱ་དང་། འདའ་བྱེད་ཀྱི་མཐོང་ལམ་གཉིས། ཤེས་བཟོད་བཅུ་དྲུག་མངོན་པའི་སྐབས་སུ་བལྟའོ། །

    ལྔ་པ་ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་ལ། ནད་ཞི་བ་སོགས་དྲུག་སྟེ་སླའོ། །

    དྲག་པ་མོས་པ་སྒོམ་ལམ་ལ། རང་དོན། གཞན་དོན། རང་གཞན་གཉིས་ཀའི་དོན་གྱི་མོས་པ་སྒོམ་ལམ་སྟེ་གསུམ་མོ། །

    བདུན་པ་དེའི་ཕན་ཡོན་ལ། བསྟོད་པ། བཀུར་བ། བསྔགས་པ་སྟེ་གསུམ་མོ། །

    བརྒྱད་པ་བསྔོ་བ་སྒོམ་ལམ་ལ། བསྔོ་བ་ཁྱད་པར་ཅན། མི་དམིགས་པ། ཕྱིན་ཅི་མ་ལོག་པ། དབེན་པ། སངས་རྒྱས་ཀྱི་བསོད་ནམས་དྲན་པ། ཐབས་དང་བཅས་པ། མཚན་མ་མེད་པ། རྗེས་སུ་ཡི་རང་བ། ཁམས་གསུམ་དུ་མ་གཏོགས་པ། ཆུང་འབྲིང་ཆེན་པོའི་མིང་ཅན་ཏེ་བཅུ་གཉིས་སོ། །

    དགུ་པ་རྗེས་སུ་ཡི་རང་བསྒོམ་ལམ་ལ། ཐབས་ཁྱད་པར་ཅན་དང་། ཤེས་རབ་ཁྱད་པར་ཅན་གྱིས་ཟིན་པ་གཉིས་སོ། ། དེ་རྣམས་ལ་ཟག་བཅས་སྒོམ་ལམ་ཟེར་རོ། །

    བཅུ་པ་སྒྲུབ་པ་སྒོམ་ལམ་ལ། ངོ་བོ། འབྲས་བུ། བྱེད་ལས། གནས་སྐབས་ཀྱི་ཡོན་ཏན། མཐའི་ཡོན་ཏན་གྱིས་ཁྱད་པར་དུ་བྱས་པ་ལྔའོ། །

    བཅུ་གཅིག་པ་རྣམ་དག་སྒོམ་ལམ་ལ། ས་བཅུའི་བཅུའོ། ། འདི་གཉིས་ནི་ཟག་མེད་སྒོམ་ལམ་མོ། ། སྤྱིར་མཐོང་ལམ་ལ་བདེན་པ་མངོན་རྟོགས་དང་། སྒོམ་ལམ་ལ་རྗེས་ལ་མངོན་རྟོགས་ཞེས་འབྱུང་ངོ་། །

    གསུམ་པ་གཞི་ཐམས་ཅད་ཤེས་པ་ཉིད་ལ་མཚོན་བྱེད་ཀྱི་ཆོས་དགུ་ལས། དང་པོ་ཤེས་པས་སྲིད་ལ་མི་གནས་པ་ནི། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད་དོ། །གཉིས་པ་སྙིང་རྗེས་ཞི་ལ་མི་གནས་པ་ནི། ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་འགོག་བྱེད་དོ། །

    གསུམ་པ་ཐབས་མ་ཡིན་པས་རིང་བའི་གཞི་ཤེས་སོ། །

    བཞི་པ་ཐབས་ཀྱིས་རིང་བ་མ་ཡིན་པའི་གཞི་ཤེས་སོ། །

    ལྔ་པ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་སོ། །

    དྲུག་པ་གཉེན་པོ་ཕྱོགས་ཀྱི་གཞི་ཤེས་སོ། །

    བདུན་པ་གཉེན་ཤེས་སྦྱོར་བ་ལ། ཡུལ་གྱི་སྒོ་ནས་བཞི། ངོ་བོའི་སྒོ་ནས་གསུམ། བྱེད་པའི་སྒོ་ནས་གཉིས། དཔེའི་སྒོ་ནས་གཅིག་སྟེ་བཅུ། འདིའི་བྱ་དཀའ་རྣམ་གསུམ་ནི། ཆེད་དུ་བྱ་བ། སྦྱོར་བ། ལས་བྱ་དཀའ་བའོ། །སྣང་བ་རྣམ་བདུན་ནི། རྨི་ལམ། སྒྱུ་མ། སྨིག་རྒྱུ། སྒྲ་བརྙན། གཟིགས་བརྙན། དྲི་ཟའི་གྲོང་ཁྱེར། སྤྲུལ་པའོ། །

    བརྒྱད་པ་སྦྱོར་བ་དེའི་མཉམ་པ་ཉིད་ལ་གཟུགས་སོགས་ཀྱི་ངོ་བོ་དང་། མཚན་ཉིད་དང་། དབྱེ་བ་དང་། ཡུལ་ཅན་ལ་རློམ་པ་མེད་པའི་བཞིའོ། །

    དགུ་བ་མཐོང་བའི་ལམ་སྟེ། གཞི་ཤེས་དེ་ནི་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའོ། །

    བཞི་པ་རྣམ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས།

    དང་པོ་རྣམ་པ་ལ། མེད་པ། མི་སྐྱེ་བ། དབེན་པ། མི་རྫི་བ། གནས་མེད་པ། ནམ་མཁའ། བརྗོད་དུ་མེད་པ། མིང་མེད་པ། འགྲོ་བ་མེད་པ། མི་འཕྲོགས་པ། མི་ཟད་པ། སྐྱེ་བ་མེད་པ། བྱེད་པ་པོ་མེད་པ། ཤེས་པ་པོ་མེད་པ། འཕོ་བ་པོ་མེད་པ། འདུལ་བ་པོ་མེད་པ། ངོ་བོ་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་མྱ་ངན་ལས་འདས་པ། ཀུན་ནས་ཉོན་མོངས་པ་མེད་པ། རྣམ་པར་བྱང་བ་མེད་པ། སྤྲོས་པ་མེད་པ། རློམ་པ་མེད་པ། མི་གཡོ་བའི་རྣམ་པ་སྟེ་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན། འདོད་ཆགས་དང་བྲལ་བ། མི་གནས་པ། ཞི་བ། འདོད་ཆགས་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པ། ཀུན་ནས་ཉོན་མོངས་མེད་པ། སེམས་ཅན་མེད་པ། ཚད་མེད་པ། མཐའ་གཉིས་དང་མ་འབྲེལ་བ། ཐ་མི་དད་པ། མཆོག་ཏུ་འཛིན་པ་མེད་པ། རྣམ་པར་མི་རྟོག་པ། གཞལ་དུ་མེད་པ། ཆགས་པ་མེད་པ། མི་རྟག་སོགས་བཞི། མཚན་ཉིད་མེད་པ། སྟོང་ཉིད་བཅུ་དྲུག་ནི་དབུ་མའི་སྐབས་སུ་བལྟའོ། ། ངེས་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་གོ། ། བྱད་ཕྱོགས་སོ་བདུན། རྣམ་ཐར་གསུམ། སྤྲུལ་པའི་ལམ་གསུམ། མཐོང་ཆོས་བདེར་གནས་ཀྱི་ལམ་ལྔ། འདས་ལམ་དགུ། སྤོང་ལམ་བཞི་རྣམས་ཀྱི་མིང་མངོན་པའི་སྐབས་སུ་བལྟའོ། ། སངས་རྒྱས་ཀྱི་ལམ་བཅུ་ནི། ཕར་ཕྱིན་བཅུ། སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་བཅོ་བརྒྱད་རྣམས་ཆོས་སྐུར་བལྟའོ། །དེ་བཞིན་ཉིད། རང་བྱུང་། སངས་རྒྱས་ཀྱི་རྣམ་པ་སྟེ་རྣམ་མཁྱེན་གྱི་རྣམ་པ་བརྒྱ་རྩ་བཅུ་རྣམས་བསྡོམས་པས་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་མོ། །

    གཉིས་པ་སྦྱོར་བ་ལ། སྦྱོར་བ་པོ་ནི་སངས་རྒྱས་བསྟེན་པ་སོགས་བཞི་སྟེ་སླའོ། །སྦྱོར་བ་དངོས་ལ། མི་གནས་པའི་སྦྱོར་བ། དེ་བཞིན་དུ་གནས་པ་བཀག་པ། ཟབ་པ། གཏིང་དཔག་དཀའ་བ། ཚད་མེད་པ། ཚེགས་ཆེན་ཡུན་རིང་རྟོགས་པ། ལུང་བསྟན་པ། ངེས་པར་འབྱུང་བ། བར་ཆད་མེད་པ། བྱང་ཆུབ་ལ་ཉེ་བ། བྱང་ཆུབ་མྱུར་བ། གཞན་དོན། འཕེལ་འགྲིབ་མེད་པ། ཆོས་དང་ཆོས་མིན་སོགས་མེད་པ། བསམ་གྱིས་མི་ཁྱབ་པ་མི་མཐོང་བ། རྣམ་པར་མི་རྟོག་པ། འབྲས་བུ་རིན་ཆེན་སྦྱིན་བྱེད། རྣམ་པར་དག་པ། ས་འཚམས་ཀྱི་སྦྱོར་བ་དང་ཉི་ཤུའོ། །

    གསུམ་པ་སྦྱོར་བའི་ཡོན་ཏན་ནི། བདུད་ཀྱི་མཐུ་བཅོམ་པ་སོགས་བཅུ་བཞི་དང་།བཞི་པ་སྐྱོན་ནི། འགལ་རྐྱེན་རང་ལ་བརྟེན་པ་ཉེར་གསུམ། མཐུན་རྐྱེན་མ་ཚང་བ་རང་གཞན་གང་རུང་ལ་བརྟེན་པ་ཉེར་གསུམ་སྟེ་ཞེ་དྲུག་འདི་རྣམས་མིང་འདོགས་སླའོ། །

    ལྔ་བ་མཚན་ཉིད་ལ། ཤེས་པ། ཁྱད་པར། བྱེད་པ། ངོ་བོ་ཉིད་ཀྱི་མཚན་ཉིད་དེ་བཞིའོ། །དྲུག་པ་ཐར་པ་ཆ་མཐུན་ནི། ཚོགས་ལམ་ཆེ་འབྲིང་ཆུང་གསུམ་མོ། །དད་པ་དང་། དྲན་པ་དང་། བརྩོན་འགྲུས་དང་། ཏིང་འཛིན་དང་། ཤེས་རབ་ཕུན་སུམ་ཚོགས་པ་སྟེ་ཡུལ་ལྔའོ། །དབང་པོ་རྣོ་རྟུལ་གཉིས་ནི། ཆོས་ཀྱི་རྗེས་འབྲང་དང་། དད་པའི་རྗེས་འབྲང་གཉིས་སོ། །

    བདུན་པ་ངེས་འབྱེད་ཆ་མཐུན་ནི། སྦྱོར་ལམ་སྟེ་སྔར་ལྟར་རོ། །

    བརྒྱད་པ་ཕྱིར་མི་ལྡོག་པའི་དགེ་འདུན་ལ། ཕྱིར་མི་ལྡོག་པའི་རྟགས་ཞེ་བཞི་སྟེ་གཞན་རྣམས་སླ་ལ། སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི། བསོད་སྙོམས་པ། སྟན་གཅིག་པ། ཟས་ཕྱིས་མི་ལེན་པ། ཆོས་གོས་གསུམ་པ། ཕྱིང་པ་པ། ཕྱག་དར་ཁྲོད་པ། དགོན་པ་པ། ཤིང་དྲུང་པ། གླ་གབ་མེད་པ། དུར་ཁྲོད་པ། ཙོག་པུ་པ། གཞི་ཇི་བཞིན་པ་རྣམས་སོ། ། དགུ་པ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་པའོ། །དུར་ཁྲོད་པ། ཙོག་པུ་པ། གཞི་ཇི་བཞིན་པ་རྣམས་སོ། དགུ་པ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའོ། །བཅུ་པ་ཞིང་དག་བླ་ན་མེད་པའི་སྦྱོར་བའོ། ། བཅུ་གཅིག་པ་ཐབས་མཁས་སྦྱོར་བའོ། ། ལྔ་པ་རྩེ་མོའི་མངོན་པར་རྟོགས་པ་ལ་མཚོན་བྱེད་ཀྱི་ཆོས་བརྒྱད་ལས་དང་པོ་རྩེ་མོའི་རྟགས་ནི། རྨི་ལམ་ན་ཡང་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ལྟ་བ་སོགས་རྟགས་བཅུ་གཉིས་ཏེ་སླ་ལ། དྲོད་རྩེ་སྦྱོར་རོ། གཉིས་པ་རྣམ་འཕེལ་ནི། རྩེ་མོའི་རྩེ་སྦྱོར་རོ། ། གསུམ་པ་བརྟན་པ་ནི། བཟོད་པའི་རྩེ་སྦྱོར་རོ། །བཞི་པ་སེམས་ཀུན་གནས་པ་ནི། ཆོས་མཆོག་གི་རྩེ་སྦྱོར་རོ། ། ལྔ་པ་མཐོང་ལམ་རྩེ་སྦྱོར་ལ། སྤང་བྱ་རྟོག་པ་ནི། ལྡོག་པ་གཟུང་རྟོག འཇུག་པ་གཟུང་རྟོག རྫས་འཛིན་རྟོག་པ། བཏགས་འཛིན་རྟོག་པ་བཞི་རེ་རེ་ལའང་དགུ་རེ་ཡོད་ལ། ལོངས་སྤྱད་བྱར་ཞེན་པ། ལོངས་སྤྱོད་བྱེད་དུ་ཞེན་པ་གཉིས་གཟུང་འཛིན་གྱི་ཁྱད་པར་རོ། །གཟུང་རྟོག་ཡིན་ལ་འཛིན་རྟོག་མ་ཡིན་པ་སོགས་ཀྱི་མུ་བཞི་ཡོད། མཐོང་ལམ་གྱི་འབྲས་བུ་ནི། ཟད་མེད་སྐྱེ་མེད་ཀྱི་བྱང་ཆུབ་ཆེན་པོའོ། ། སྐབས་འདིར་གང་ཟག་གི་བདག་མེད་དང་། གཟུང་འཛིན་རྫས་གཞན་གྱིས་སྟོང་པ་དང་། ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པའི་རྣལ་འབྱོར་གྱི་ས་གསུམ་བཤད་དོ། །

    དྲུག་པ་སྒོམ་ལམ་རྩེ་སྦྱོར་ལ། མཐར་གནས་སྙོམས་འཇུག་དགུ། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན། ཐོད་རྒལ་གྱི་སྙོམས་འཇུག་རྣམས་ལས། སྙོམས་འཇུག་དགུ་དང་རྟེན་འབྲེལ་བཅུ་གཉིས་ཀྱི་མིང་མངོན་པའི་སྐབས་སུ་བལྟའོ། སྤང་བྱ་སྒོམ་སྤང་གཟུང་འཛིན་གྱི་རྟོག་པའོ། །

    བདུན་པ་བར་ཆད་མེད་པའི་རྩེ་སྦྱོར་ནི། རྒྱུན་མཐའི་བར་ཆད་མེད་པའི་ཏིང་ངེ་འཛིན་ནོ།

    བརྒྱད་པ་བསལ་བྱ་ལོག་སྒྲུབ་ལ། བདེན་གཉིས་ལ་བརྟེན་པའི་ལོག་པར་རྟོགས་པ་བཅུ་དྲུག ། བསྡུ་ན་ཀུན་རྫོབ་སྒོ་ཅན་དང་། དོན་དམ་སྒོ་ཅན་གྱི་ཀླན་ཀ་གཉིས་སོ། །

    དྲུག་པ་མཐར་གྱིས་པའི་མངོན་པར་རྟོགས་པ་ལ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ནི། ཕར་ཕྱིན་དྲུག སངས་རྒྱས། ཆོས། དགེ་འདུན། ཚུལ་ཁྲིམས། གཏོང་བ། ལྷ་རྗེས་སུ་དྲན་པ་དྲུག དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་སྦྱོར་བ་སྟེ་བཅུ་གསུམ་མོ། །

    བདུན་པ་སྐད་ཅིག་མའི་སྦྱོར་བ་ལ་མཚོན་བྱེད་ཀྱི་ཆོས་བཞི་ནི། རྣམ་པར་སྨིན་པ་མ་ཡིན་པ། རྣམ་པར་སྨིན་པ། མཚན་ཉིད་མེད་པ། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་ཏེ་བཞིའོ། །

    བརྒྱད་བ་ཆོས་སྐུ་ལ་མཚོན་བྱེད་ཀྱི་ཆོས་བཞི་ལས།དང་པོ་ངོ་བོ་ཉིད་སྐུ་ལ་མཚན་ཉིད་ལྔ་ནི། འདུས་མ་བྱས་པ་དང་། དབྱེར་མེད་པ་དང་། མཐའ་གཉིས་སྤངས་པ་དང་། སྒྲིབ་པ་གསུམ་ལས་གྲོལ་པ་དང་། རང་བཞིན་གྱིས་འོད་གསལ་བའོ། ། ཡོན་ཏན་ལྔ་ནི། གཞལ་དུ་མེད་པ། གྲངས་མེད་པ། བསམ་དུ་མེད་པ། མཉམ་པ་མེད་པ། དྲི་མས་དག་པའོ། ། ཁྱད་ཆོས་གསུམ་ནི། ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་ཉེར་གཅིག་དང་ལྡན་པའི་ཁྱད་པར། སྒྲིབ་གཉིས་བག་ཆགས་བཅས་པ་དང་བྲལ་བའི་ཁྱད་པར། རང་བཞིན་བདེན་པས་སྟོང་པའི་ངོ་བོའི་ཁྱད་པར་དང་གསུམ། རང་བཞིན་རྣམ་དག་གི་ཆར་གྱུར་པ་དང་། གློ་བུར་དྲི་བྲལ་གྱི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་གཉིས། འདུས་མ་བྱས་ཀྱི་སྐུ། རྟག་པའི་སྐུ། ངོ་བོ་ཉིད་རྣམས་དོན་གཅིག  གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ། ངེས་པ་ལྔ་ནི། གནས་འོག་མིན་སྟུག་པོ་བཀོད་པ་ཁོ་ནར་བཞུགས་པ། དུས་འཁོར་བ་མ་སྟོང་བར་དུ་བཞུགས་པ། སྐུ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། འཁོར་ཐེག་ཆེན་འཕགས་པ་ཤ་སྟག་གིས་བསྐོར་བ། ཆོས་ཐེག་ཆེན་གྱི་ཆོས་འབའ་ཞིག་གསུངས་པ་རྣམས་སོ། ། ཡོན་ཏན་གྱི་ཁྱད་པར་ལྔ་ནི། སྐུ་སྟོན་པ་རྒྱུན་མི་འཆད་པ། གསུང་བརྗོད་པ་རྒྱུན་མི་འཆད་པ། ཐུགས་མཛད་པ་རྒྱུན་མི་འཆད་པ། འབད་རྩོལ་ཀྱི་མངོན་པར་འདུ་བྱེད་མེད་པ། སྣ་ཚོགས་སུ་སྣང་ཡང་བདེན་པར་མ་གྲུབ་པ་རྣམས་སོ། །མཚན་ཉིད་ལྔ་ནི། གཞན་དབང་གནས་འགྱུར་གྱི་མཚན་ཉིད། དཀར་པོའི་ཆོས་ཀྱི་རང་བཞིན་གྱི་མཚན་ཉིད། གཉིས་སུ་མེད་པའི་མཚན་ཉིད། རྒྱུན་གྱིས་རྟག་པའི་མཚན་ཉིད། བསམ་གྱིས་མི་ཁྱབ་པའི་མཚན་ཉིད་ལྔའོ། ། མཚན་སུམ་ཅུ་རྩ་གཉིས་ནི། ཕྱག་ཞབས་འཁོར་ལོས་མཚན་པ། ཞབས་རུས་སྦལ་དང་འདྲ་བ། སོར་མོ་དྲ་བས་འབྲེལ་བ། ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ། བདུན་དག་མཐོ་བ། སོར་མོ་རིང་བ། ཞབས་ཀྱི་རྟིང་པ་ཡངས་པ། སྐུ་ཆེ་ཞིང་དྲང་བ། ཞབས་པུས་མོའི་ལྷ་ང་མི་མངོན་པ། བ་སྤུ་རེ་རེ་ནས་གྱེན་དུ་ཕྱོགས་པ། བྱིན་པ་རི་དྭགས་ཨེ་ན་ཡ་དང་འདྲ་བ། ཕྱག་རིང་ཞིང་མཛེས་པ། འདོམས་ཀྱི་སྦ་བ་སྦུགས་སུ་ནུབ་པ། པགས་པ་དསེར་མདོག པགས་པ་འཇམ་ཞིང་སྲབ་པ། སྤུ་རེ་རེ་ནས་གཡས་སུ་འཁྱིལ་བ། ཞལ་མཛོད་སྤུས་བརྒྱན་པ། རོ་སྟོད་སེང་གེ་འདྲ་བ། དཔུང་མགོ་ཟླུམ་པ། ཐལ་གོང་རྒྱས་པ། རོ་མི་ཞིམ་པའང་རོ་མཆོག་ཏུ་སྣང་བ། ནྱ་གྲོ་ཏ་ལྟར་ཆུང་ཞིང་གབ་པ། དབུ་གཙུག་ཏོར་དང་ལྡན་པ། ལྗངས་རིང་ཞིང་མཛེས་པ། གསུང་ཚངས་པའི་དབྱངས་འདྲ་བ། འགྲམ་པ་སེང་གེའི་འདྲ་བ། ཚེམས་ཤིན་ཏུ་དཀར་བ། ཚེམས་ཚད་མཉམ་པ། ཚེམས་ཐགས་བཟང་བ། ཚེམས་གྲངས་བཞི་བཅུ་ཚང་བ། སྤྱན་མཐོན་མཐིང་འདྲ་བ། སྤྱན་རྫི་བ་མཆོག་གི་འདྲ་བ་རྣམས་སོ། ། དཔེ་བྱད་བརྒྱད་ཅུ་ནི། སེན་མོ་ཟངས་མདོག་ལྟ་བུ། སེན་མོའི་མདོག་སྣུམ་པ། སེན་མོ་མཐོ་བ། སོར་མོ་ཟླུམ་པ། སོར་མོ་རྒྱས་པ། སོར་མོ་བྱིན་གྱིས་ཕྲ་བ། སྐུའི་རྩ་མི་མངོན་པ། རྩ་མདུན་མེད་པ། ལོང་བུ་མི་མངོན་པ། ཞབས་མཉམ་པ། སེང་གེ་དང་། ངང་བ་དང་། གླང་པོ་ཆེ་དང་། ཁྱུ་མཆོག་གི་སྟབས་སུ་གཤེགས་པ། གཡས་ཕྱོགས་སུ་གཤེགས་པ། མཛེས་པར་གཤེགས་པ། དྲང་པོར་གཤེགས་པ། སྐུ་འཁྲིལ་བག་ཆགས་པ། སྐུ་བྱི་དོར་བྱས་པ་འདྲ་བ། སྐུ་རིམ་པར་འཚམས་པ། སྐུ་གཙང་བ། སྐུ་འཇམ་པ། རྣམ་པར་དག་པ། མཚན་ཡོངས་སུ་རྫོགས་པ། ཁོ་ལག་ཡངས་ཤིང་བཟང་བ། གོམ་པ་སྙོམས་པ། སྤྱན་དག་པ། སྐུ་གཞོན་ཤ་ཅན། ཞུམ་པ་མེད་པ། སྐུ་རྒྱས་པ། སྐུ་ཤིན་ཏུ་གྲིམས་པ། ཡན་ལག་རྣམ་པར་འབྱེད་པ། གཟིགས་པ་དག་པ། དཀུ་ཟླུམ་པ། དཀུ་སྐབས་ཕྱིན་པ། དཀུ་མ་རྙོངས་པ། ཕྱལ་ཕྱང་ངེ་བ། ལྟེ་བ་ཟབ་པ། རི་མོ་གཡས་སུ་འཁྱིལ་བ། སྤྱོད་ལམ་ལྟ་ན་སྡུག་པ། ཀུན་སྤྱོད་གཙང་བ། རྨེ་བ་གནག་བག་མེད་པ། ཕྱག་ཤིང་བལ་ལྟར་འཇམ་པ། ཕྱག་རིས་མདངས་ཡོད་པ། རི་མོ་ཟབ་པ། རི་མོ་རིང་པ། ཞལ་ཧ་ཅང་མི་རིང་བ། མཆུ་བིམ་པ་ལྟར་དམར་བ། ལྗགས་མཉེན་པ། སྲབ་པ། དམར་བ། གསུང་འབྲུག་སྒྲ་ལྟ་བུ། གསུང་མཉེན་ཞིང་འཇམ་པ། མཆེ་བ་ཟླུམ་པ། རྣོ་བ། དཀར་བ། མཉམ་པ། བྱིན་གྱིས་ཕྲ་བ། ཤངས་གཟེང་མཐོ་བ། དག་པ། སྤྱན་ཡངས་པ། རྫི་མ་སྟུག་པ། སྤྱན་པདྨའི་འདབ་མ་འདྲ་བ། སྨིན་མ་ཚུགས་རིང་བ། འཇམ་པ། སྣུམ་པ། སྤུ་མཉམ་པ། ཕྱག་རིང་ཞིང་རྒྱས་པ། སྙན་མཉམ་པ། དབང་པོ་མ་ཉམས་པ། དཔྲལ་བ་ལེགས་པར་འབྱེས་པ། དཔྲལ་བ་དབྱེས་ཆེ་བ། དབུ་རྒྱས་པ། དབུ་སྐྲ་བུང་བ་ལྟར་གནག་པ། སྟུག་པ། འཇམ་པ། མ་འཛིངས་པ། མི་གཤོར་བ། དྲི་ཞིམ་པས་སྐྱེས་བུའི་ཡིད་འཕྲོག་པར་བྱེད་པ། ཕྱག་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་ཀྱི་རི་མོས་མཚན་པ་རྣམས་སོ། ། མངོན་རྟོགས་རྒྱན་དུ་མེད་ཀྱང་མཁོ་ཆེ་བས་གསུང་དབྱངས་ཡན་ལག་དྲུག་ཅུ་ཡང་ཕྱོགས་གཅིག་ཏུ་འབྲི་བར་བྱའོ། ། དེ་ནི་མཉེན་པ། འཇམ་པ། ཡིད་དུ་འོང་བ། ཡིད་དུ་འཐད་པ། དག་པ། དྲི་མ་མེད་པ། འོད་གསལ་བ། སྙན་ཅིང་འཇེབས་པ། མཉན་པར་འོས་པ། མི་ཚུགས་པ། སྙན་པ། དུལ་པ། མི་བརླང་བ། རབ་ཏུ་དུལ་བ། རྣར་སྙན་པ། ལུས་སིམ་པར་བྱེད་པ། སེམས་སིམ་པར་བྱེད་པ། སྙིང་དགའ་བར་བྱེད་པ། དགའ་བདེ་བསྐྱེད་པ། གདུང་བ་མེད་པ། ཀུན་ཤེས་པར་བྱ་བ། རྣམ་པར་རིག་པར་བྱ་བ། རྣམ་པར་གསལ་བ། དགའ་བར་བྱེད་པ། མངོན་པར་དགའ་བར་བྱེད་པ། ཀུན་ཤེས་པར་བྱེད་པ། རྣམ་པར་རིག་པར་བྱེད་པ། རིགས་པ། འབྲེལ་བ། ཟློས་སྐྱོན་མེད་པ། སེང་གེའི་སྒྲའི་ཤུགས་ཅན། གླང་པོ་ཆེའི་སྒྲ་སྐད། འབྲུག་གི་སྐད། ཀླུའི་དབང་པོའི་སྒྲ། དྲི་ཟའི་གླུ་དབྱངས། ཀ་ལ་བིང་ཀའི་སྒྲ་དབྱངས། ཚངས་བའི་སྒྲ་དབྱངས། ཤང་ཤང་ཏེའུའི་སྒྲ་དབྱངས། ལྷའི་དབང་པོའི་དབྱངས་ལྟར་སྙན་པ། རྔའི་སྒྲ། མ་འཁེངས་པ། མི་དམའ་བ། སྒྲ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ། ཚིག་ཟུར་ཕྱིན་པ། མ་ཚང་བ་མེད་པ། མ་ཞུམ་པ། མི་ཞན་པ། རབ་ཏུ་དགའ་བ། ཁྱབ་པ། ཆུབ་པ། རྒྱུན་ཆགས་པ། འབྲེལ་པ། སྒྲ་ཐམས་ཅད་རྫོགས་པར་བྱེད་པ། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ། མ་སྨད་པ། མི་འགྱུར་བ། མ་བརྡབས་པ། ཞི་བར་བྱེད་བ། དུལ་བ། སེལ་བ། བདུད་ཚར་གཅོདཔ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། ། གསུམ་པ་སྤྲུལ་སྐུ་ལ་སྐྱེ་བ་སྤྲུལ་སྐུ། བཟོ་བ་སྤྲུལ་སྐུ། མཆོག་གི་སྤྲུལ་སྐུ་གསུམ་མོ། མཛད་པ་བཅུ་གཉིས་ནི། དགའ་ལྡན་གྱི་གནས་ནས་འཕོ་བ་དང་། ལྷུམས་སུ་ཞུགས་པ་དང་། སྐུ་བལྟམས་པ་དང་། བཙུན་མོའི་འཁོར་གྱིས་རོལ་བ་དང་། བཟོ་ཡི་གནས་ལ་མཁས་པ་དང་། ཁྱིམ་ནས་མངོན་པར་བྱུང་བ་དང་། དཀའ་བ་སྤྱད་པ་དང་། བྱང་ཆུབ་སྙིང་པོར་གཤེགས་པ་དང་། བདུད་སྡེ་བཅོམ་པ་དང་། མངོན་པར་བྱང་ཆུབ་སྙིང་པོར་གཤེགས་པ་དང་། བདུད་སྡེ་བཅོམ་པ་དང་། མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདའ་བ་སྟེ་བཅུ་གཉིས་སོ། །

    བཞི་པ་ཡེ་ཤེས་ཆོས་སྐུ་མཛད་པ་དང་བཅས་པ་ལ། ཡེ་ཤེས་ལྔ་ནི། མེ་ལོང་ལྟ་བུའི་ཡེ་ཤེས། མཉམ་པ་ཉིད་ཀྱི་ཡེ་ཤེས། སོ་སོར་རྟོགས་པའི་ཡེ་ཤེས། བྱ་བ་བསྒྲུབ་པའི་ཡེ་ཤེས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལྔའོ། །ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་ཉེར་གཅིག་ལ། བྱང་ཕྱོགས་སོ་བདུན། ཚད་མེད་བཞི། རྣམ་ཐར་བརྒྱད། མཐར་གནས་སྙོམས་འཇུག་དགུ། ཟད་པར་བཅུ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད། མངོན་ཤེས་དྲུག་རྣམས་ཀྱི་མིང་ནི་མངོན་པའི་སྐབས་སུ་བལྟའོ། །ཉོན་མོངས་མེད་པའི་ཏིང་ངེ་འཛིན། སྨོན་གནས་མཁྱེན་པ། སོ་སོ་ཡང་དག་པར་རིག་པ་བཞི་ནི། ཆོས། དོན། ངེས་ཚིག། སྤོབས་པ་སོ་སོར་ཡང་དག་པར་རིག་པའོ། །ཡོངས་སུ་དག་པ་བཞི་ནི། རྟེན། དམིགས་པ། ཐུགས། ཡེ་ཤེས་ཡོངས་སུ་དག་པ་བཞིའོ། ། དབང་བཅུ་ནི། ཚེ། སེམས། ཡོ་བྱད། ལས། སྐྱེ་བ། མོས་པ། སྨོན་ལམ། རྫུ་འཕྲུལ། ཡེ་ཤེས། ཆོས་ལ་དབང་བའོ། ། སྟོབས་བཅུ་ནི། གནས་དང་གནས་མ་ཡིན་པ། ལས་ཀྱི་རྣམ་པར་སྨིན་པ། མོས་པ་སྣ་ཚོགས་པ། ཁམས་སྣ་ཚོགས་པ། དབང་པོ་མཆོག་དང་མཆོག་མ་ཡིན་པ། ཐམས་ཅད་དུ་འགྲོ་བའི་ལམ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ། སྔོན་གྱི་གནས་རྗེས་སུ་དྲན་པ། འཆི་འཕོ་བ་དང་སྐྱེ་བ། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། ། མི་འཇིགས་པ་བཞི་ནི། རྟོགས་པ་ཕུན་ཚོགས་ལ། བར་དུ་ཆོད་པའི་ཚེས་བསྟན་པ་ལ། ངེས་པར་འབྱུང་བའི་ལམ་བསྟན་པ་ལ། སྤངས་པ་ཕུན་ཚོགས་ལ་མི་འཇིགས་པའོ། ། བསྲུང་བ་མེད་པ་གསུམ་ནི། སྐུ་དང་། གསུང་དང་། ཐུགས་ཀྱི་སྐྱོན་ཡོངས་སུ་དག་པས་བསྲུང་བ་མེད་པའོ། །དྲན་པ་ཉེ་བར་བཞག་པ་གསུམ་ནི། ཆོས་མཉན་པར་འདོད་པ་ལ་རྗེས་སུ་ཆགས་པ་མེད་པ། མཉན་པར་མི་འདོད་པ་ལ་ཁོང་ཁྲོ་བ་མེད་པ། གཉིས་ཀ་འདྲེས་མ་ལ་ཆགས་སྡང་གཉི་ཀ་མེད་པའོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད། བག་ཆགས་ཡང་དག་པར་བཅོམ་པ། སྐྱེ་བོ་ཐམས་ཅད་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ། མ་འདྲེས་པའི་ཆོས་བཅོ་བརྒྱད་ནི། སྐུ་ལ་འཁྲུལ་པ་མེད་པ། གསུང་ལ་ཅ་ཅོ་མེད་པ། དྲན་པ་ཉམས་པ་མེད་པ། ཐུགས་མཉམ་པར་མ་བཞག་པ་མེད་པ། ཐ་དད་པའི་འདུ་ཤེས་མེད་པ། མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ་སྤྱོད་པས་བསྡུས་པ་དྲུག བདུན་པ། བརྩོན་འགྲུས། དྲན་པ། ཏིང་འཛིན། ཤེས་རབ། རྣམ་པར་གྲོལ་བ་ལས་ཉམས་པ་མེད་པ་སྟེ་རྟོགས་པས་བསྡུས་པ་དྲུག སྐུ་དང་། གསུང་དང་། ཐུགས་ཀྱི་འཕྲིན་ལས་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་རྗེས་སུ་འབྲང་བ་སྟེ་འཕྲིན་ལས་ཀྱིས་བསྡུས་པ་གསུམ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མངའ་བ་སྟེ་ཡེ་ཤེས་ཀྱིས་བསྡུས་པ་གསུམ་མོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སོགས་གསུམ་སྟེ་སྡེ་ཚན་ཉེར་གཅིག་གོ། །འཕྲིན་ལས་ཉེར་བདུན་ནི། ཞི་བའི་ལས་ལ་འགོད་པ། གཞན་རྒྱུད་སྨིན་བྱེད་བསྡུ་བཞི་ལ་འགོད་པ། བླང་དོར་རྟོགས་པ་ལ་འགོད་པ་སྟེ་ཚོགས་ལམ་ལ་འགོད་པའི་འཕྲིན་ལས་གསུམ། གནས་ལུགས་ཀྱི་དོན་རྟོགས་པ་ལ། ཕྱིན་དྲུག་རྫོགས་བྱེད་ལ། གཉིས་དོན་གྱི་སྤྱོད་པ་ལ། ལྟ་བ་རྣམ་དག་ལ་འགོད་པ་སྟེ་སྦྱོར་ལམ་ལ་འགོད་པའི་བཞི། སྟོང་ཉིད་མངོན་སུམ་དུ་གསར་དུ་རྟོགས་པ་ལ་འགོད་པ་སྟེ་མཐོང་ལམ་ལ་འགོད་པའི་གཅིག ཚུལ་ཁྲིམས་ཀྱི་ཉམས་ལེན་ལ། བཟོད་པའི་ཉམས་ལེན་ལ། བྱང་ཆུབ་ཕྱོགས་མཐུན་ཤེས་པའི་ཤེས་རབ་ལ། བདེན་བཞི་ཤེས་པའི་ཤེས་རབ་ལ། བདེན་པར་ཞེན་པ་བཟློག་པ་ལ། དཀོན་མཆོག་བཏགས་པ་པའི་བྱང་ཆུབ་འཐོབ་པ་ལ། ཞིང་རྣམ་པར་དག་པ་ལ། ཐེག་དམན་དུ་མི་ལྟུང་བར་ངེས་པའི་འཚང་རྒྱ་བ་ལ། སེམས་ཅན་གྱི་དོན་ཚད་མེད་པ་བསྒྲུབ་པ་ལ། ཡོན་ཏན་ཁྱད་པར་ཅན་བསྒྲུབ་པ་ལ། བྱང་ཆུབ་ཀྱི་ཡན་ལག་ལ། ལས་ཆུད་མི་ཟ་བ་ལ། བདེན་པ་ཤེས་པ་ལ། ཕྱིན་ཅི་ལོག་ཟད་པ་ལ། གཞི་མེད་པ་ལ། རྣམ་བྱང་རྫོགས་པ་ལ། སྲིད་ཞི་མཉམ་ཉིད་ལ་འགོད་པའི་འཕྲིན་ལས་ཏེ་སྒོམ་ལམ་ལ་འགོད་པའི་བཅོ་བརྒྱད། མི་གནས་པའི་མྱང་འདས་ལ་འགོད་པ་སྟེ་འབྲས་བུ་ལ་འགོད་པའི་གཅིག་སྟེ་སངས་རྒྱས་ཀྱི་འཕྲིན་ལས་ཉེར་བདུན་ནོ། །ཕ་རོལ་ཏུ་ཕྱིན་པའི་གཞུང་གི་བརྗོད་བྱའི་གཙོ་བོ་རྣམས་ཀྱི་མིང་གི་རྣམ་གྲངས་མདོར་བསྡུས་པའོ། །    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག