མདུན་ཤོག- རིག་གནས་འཚོ་བ།- གསུང་འབུམ།

གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་རི་བོ་དྭངས་བསིལ་གྱི་དཀར་ཆག

རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།    2013-12-19 10:56

    ༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་རི་བོ་དྭངས་བསིལ་གྱི་དཀར་ཆག་མཇུག་མ་ཚང་བ༢༨ཡོད།

      ན་མོ་མཉྫུ་ཤྲི་ཡེ། མཁའ་ཁྱབ་ཞིང་གི་རྒྱལ་བའི་མདུན་ས་རུ། །ཟབ་མོའི་གཏམ་གྱི་རྔ་ཆེན་སྒྲོགས་མཁས་ཤིང༌། །སྣ་ཚོགས་བརྟན་གཡོའི་གར་གྱིས་འགྲོ་བ་ཀུན། །འདྲེན་མཛད་འཇམ་པའི་དབྱངས་དེར་གུས་པས་འདུད། །མགོན་པོ་དེ་ཡི་རླབས་ཆེན་ཐུགས་བསྐྱེད་དང༌། །སྨོན་ལམ་རྒྱ་མཚོའི་དཔལ་གྱིས་ཡོངས་བཟུང་བའི། །གནས་མཆོག་རི་བོ་རྩེ་ལྔ་ཞེས་གྲགས་པའི། །བཀོད་པའི་ཁྱད་པར་མདོ་ཙམ་བྲི་བར་བྱ། །

    དེ་ཡང་འཛམ་བུ་གླིང་འདི་ན་བྱིན་རླབས་ཅན་གྱི་གནས་ཁྱད་པར་དུ་འཕགས་པ་ལྔ་ཡོད་པར་གྲགས་ཏེ། དབུས་ན་རྒྱ་གར་རྡོ་རྗེ་གདན། ཤར་ན་རྒྱ་ནག་རི་བོ་རྩེ་ལྔ། ལྷོ་ན་རི་བོ་པོ་ཏ་ལ། ནུབ་ན་མཁའ་འགྲོའི་གནས་ཨོ་ཊི་ཡ་ན། བྱང་ན་རིགས་ལྡན་གྱི་གནས་ཤམྦྷ་ལ་རྣམས་སོ། །བྱེ་བྲག་ཏུ་མ་ཧཱ་ཙི་ནར་གྲགསཔའི་རྒྱ་ནག་གི་རྒྱལ་ཁམས་འདིར་བྱིན་རླབས་ཅན་གྱི་རི་ཆེན་བཞི། རི་གཉན་ཆེན་པོ་ལྔ། ཆུ་ཀླུང་ཆེན་པོ་རྣམས་སུ་ཡོད་པ་ལས་དང་པོ་བཞི་འཕགས་པ་འཇམ་དཔལ་གྱི་གནས་རི་བོ་རྩེ་ལྔའམ་རི་བོ་དྭངས་བསིལ།འཕགས་པ་སྤྱན་རས་གཟིགས་ཀྱི་གནས་རི་བོ་པོ་ཏ་ལའམ་གྲུ་འཛིན། འཕགས་པ་ཀུན་ཏུ་བཟང་པོའི་གནས་ཨེ་མི་ཤན་དུ་གྲགས་པ་རི་བོ་གླང་ཆེན། འཕགས་པ་སའི་སྙིང་པོའི་གནས་ཅིའུ་བཧའ་ཤན་ཏེ། བཞི་ཡིན་ལ། འདིའི་ནང་ནས་འཕགས་པ་འཇམ་དཔལ་གྱི་གནས་རི་བོ་རྩེ་ལྔ་འདི་ནི། བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་དུ་མ་ནས་གསལ་བར་ལུང་བསྟན་ཅིང༌། འཕགས་ཡུལ་རྒྱ་ནག་ཧོར་བོད་ཀྱི་མཁས་པ་དང་གྲུབ་པའི་སྐྱེ་བོ་ཚད་ལྡན་གྲགས་ཆེ་བ་ཟམ་མ་ཆད་པར་བྱོན་ནས་སྒྲུབ་པ་མཛད་ཅིང་འཕགསཔའི་ཞལ་གཟིགས་པ་སོགས་ཀྱི་གཏམ་རྒྱུད་མང་བ་དང༌། གནས་ཆེན་འགའ་ཞིག་ལ་འདྲ་མིན་གཉིས་རེ་ཙམ་ཡང་ཡོད་པར་སྣང་ནའང་རི་བོ་རྩེ་ལྔ་འདི་ནི་ད་ལྟ་ཡོངས་སུ་གྲགས་པ་འདི་ཉིད་ལུང་གིས་ཟིན་པ་དངོས་ཡིན་པ་ལ་མཁས་བླུན་སུས་ཀྱང་དོགས་གནས་སུ་འཛིན་པ་མེད་པས་རྩོད་མེད་ཀྱི་གནས་བྱིན་རླབས་ཅན་དུ་ངེས་པ་རྙེད་པར་སྣང་ངོ་། །

    དེ་ཡང་ཡིད་ཆེས་བསྐྱེད་པའི་ཕྱིར་རྒྱལ་བས་ལུང་བསྟན་ཅིང༌། གནས་སྒོ་ཕྱེ་ཚུལ་དང༌། གནས་ཀྱི་བཀོད་པའི་ཁྱད་པར་བཤད་པ་དང༌། སྐྱེས་ཆེན་དམ་པ་དུ་མ་བྱོན་པའི་ཚུལ་དང༌། དད་ལྡན་རྣམས་ལ་འཕགས་པས་སྣང་བ་ཁྱད་པར་ཅན་སྩལ་བའི་ཚུལ་དང༌། ཆོས་རྒྱལ་རིམ་བྱོན་རྣམས་ཀྱིས་སྙེན་བཀུར་ཇི་ལྟར་མཛད་པའི་ཚུལ་དང་ལྔ་ལས།དང་པོ་ནི། འཇམ་དཔལ་རྩ་རྒྱུད་ལས། རྒྱ་དང་རྒྱ་ནག་ཆེ་ཉིད་ན། །འཇམ་པའི་དབྱངས་ནི་རབ་འགྲུབ་འགྱུར། །ཞེས་དང༌། བྱང་ཆུབ་སེམས་དཔའ་དཔའ་བོ་ཆེ། །འཇམ་པའི་དབྱངས་ནི་འོད་ཆེན་པོ། །མངོན་སུམ་དེ་ཡི་ཡུལ་དག་ན། །བྱིས་པའི་གཟུགས་ཀྱིས་བཞུགས་པ་ཡིན། །གྲུབ་པའི་ཞིང་མཆོག་དམ་པ་ལ། །མི་ནི་ཡོངས་སུ་སྒྲུབ་པར་འགྱུར། །ཞེས་པའི་ལུང་སྔ་མས་རྒྱ་ནག་གི་ཡུལ་འདི་འཕགས་པ་འཇམ་དཔལ་གྱིས་འདུལ་བའི་ཞིང་ཡིན་པར་བསྟན་ཅིང༌། རྒྱ་ནག་གི་ཆེ་ཆུང་གི་ཁྱད་པར་ནི་ཀྭང་ཊེའུ་ལ་སོགས་པའི་རྒྱ་གར་ནག་གི་མཚམས་ཀྱི་ས་ལ་རྒྱ་ནག་ཆུང་ངུ་དང༌།དེ་ཚུན་གྱི་རྒྱ་ནག་གི་ཡུལ་ལྗོངས་རྣམས་ལ་རྒྱ་ནག་ཆེན་པོར་སྔོན་གྱི་ཡིག་རྙིང་རྣམས་སུ་གྲཊ་པ་ལྟར་རོ། ། ལུང་ཕྱི་མས་ཡུལ་དེར་འཕཊ་པ་འཇམ་དཔལ་བྱིས་པའི་གཟུགས་ཀྱིས་གནས་པར་གསུངས་པ་ཡང་རྒྱལ་བའི་བསྟན་པ་ཕྱོགས་འདིར་མ་དར་བའི་སྔ་རོལ་ནས་རི་བོ་རྩེ་ལྔ་འདིར་སྤྲུལ་པའི་ཁྱེའུ་ཟུར་ཕུད་ལྔ་པ་ཞིག་ཡང་ཡང་རྒྱུ་བ་གཉུག་མར་གནས་པའི་བོན་པོ་སོཊ་མཆོག་དམན་དུ་མས་མཐོང་བར་རྒྱའི་ཡིག་རྙིང་ལས་འབྱུང་བ་དང་ཤིན་ཏུ་མཐུན་ནོ། །ཁྱད་པར་དུ་གནས་ཀྱི་མཚན་དང་བཅས་པ་གསལ་པའི་ལུང་བསྟན་ཚུལ་ནི་མདོ་སྡེ་ཕལ་པོ་ཆེ་ལས། བྱང་ཤར་གྱི་མཚམས་རི་བོ་དྭངས་བསིལ་ཞེས་བྱ་བ་བསྐལ་པ་དང་པོའི་དུས་བྱང་ཆུབ་སེམས་དཔའི་ཚོགས་ཡང་དག་པར་འདུ་བའི་གནས་ཡིན་ཏེ། ད་ལྟ་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་རང་གི་འཁོར་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུའི་ཚོགས་དང་བཅས་པ་གནས་དེར་རྟག་ཏུ་གནས་ཤིང༌། དམ་པའི་ཆོས་རྒྱ་ཆེར་བསྟན་ཅིང་བཞུཊ་སོ། །ཞེས་དང༌། ཙི་ནའི་ཡུལ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཞུཊ་གནས་ཕོ་བྲང་ཞིག་ཡོད་པའི་མིང་སྲེད་མེད་ཀྱི་བུའི་བྲག་ཁུང་ཞེས་བྱ་བ་བསྐལ་པ་དང་པོའི་དུས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚོཊ་ཤིང་བཞུཊ་པའི་གནས་ཡིན་ནོ།།ཞེས་དང༌། གཟུངས་རིན་པོ་ཆེའི་གཏེར་མཛོད་དམ་མཚན་གཞན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་ཡི་གེ་བརྒྱད་པའི་ཆོ་ག་ཞིབ་མོ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་སྡེ་སྣོད་གསུམ་པ་བོ་བྷི་རུ་ཙིས་འགྱུར་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། བྱང་ཤར་ཀྱི་མཚམས་སུ་མ་ཧཱ་ཙི་ན་ཞེས་བྱ་བའི་ཡུལ་ཆེན་པོ་ཡོད་པ་དེར་ལྷུན་པོ་རྩེ་ལྔ་པ་ཞེས་བྱ་བའི་རི་བོ་ཡོད་ལ་ང་ཉིད་མྱ་ངན་ལས་འདས་པའི་འོག་ཏུ་གནས་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པས་སྤྱོད་ལམ་ཅི་བདེ་བའི་ཚུལ་གྱིས་གནས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དམ་པའི་ཆོས་རབ་ཏུ་སྟོན་ཅིང་རྒྱ་ཆེར་བསྟན་པར་འགྱུར་རོ། །ལྷ་དང་ཀླུ་ལ་སོཊ་པའི་དྲེགས་པ་སྡེ་བརྒྱད་དཔག་ཏུ་མེད་པས་ཡོངས་སུ་བསྐོར་ཏེ་མཆོད་པ་དང་བཀུར་སྟི་རིམ་གྲོ་བྱེད་པར་འགྱུར་རོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། དེ་རྣམས་སུ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པའི་གནས་ཡིན་པ་དང་གནས་ཀྱི་མཚན་དང་བཅས་པ་གསལ་བར་བསྟན་ལ། སྐབས་འདིར་སྔོན་གྱི་དཀར་ཆག་རྙིང་པར་རྗེ་བཙུན་འཇམ་དཔལ་དབྱངས་སྔོན་གྱི་དུས་ན་དེ་བཞིན་གཤེགས་པ་ཀླུའི་རིགས་མཆོག་རྒྱལ་པོ་ཞེས་བྱ་བར་སངས་རྒྱས་ཟིན་པ་དང༌། ད་ལྟར་གྱི་དུས་སུ་ཡང༌། འཇིག་རྟེན་གྱི་ཁམས་གསེར་མདོག་ཅན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་གཡོ་བ་མེད་པའི་སྐྱེས་བུ་ཆེན་པོ་འཇམ་པའི་དཔལ་ཞེས་བྱ་བས་སངས་རྒྱས་ཀྱི་མཛད་པ་མཛད་བཞིན་པ་དང༌། མ་འོངས་པ་ན་འཇིག་རྟེན་གྱི་ཁམས་རྡུལ་དང་བྲལ་བ་ཞེས་བྱ་བ་ན་དེ་བཞེན་གཤེགས་པ་ཀུན་ཏུ་གཟིགས་པ་ཞེས་བྱ་བར་འཚང་རྒྱ་བའི་མཛད་པ་སྟོན་པར་འགྱུར་གསུངས་པ་སོགས་དང༌། གཞན་ཡང་སྔོན་གྱི་རྒྱལ་བ་དཔག་ཏུ་མེད་པའི་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བའི་བཤེས་གཉེན་མཛད་པ་དང༌། བདག་ཅག་གི་སྟོན་པ་ལ་སོགས་པའི་ད་ལྟར་གྱི་རྒྱལ་བ་དཔག་ཏུ་མེད་པའི་སྤྱན་སྔར་སྲས་ཀྱི་ཐུ་བོའི་ཚུལ་བཟུང་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྫོགས་པར་མཛད་པ་སོགས་དང༌། ཕྱོགས་བཅུའི་རྒྱལ་བ་དཔག་ཏུ་མེད་པའི་མཚན་ནས་བརྗོད་ཅིང་མཆོད་པ་དང་བསྙེན་བཀུར་བ་སོགས་ལས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མཚན་ཙམ་བརྗོད་པ་ཡང་ཕན་ཡོན་ཆེ་བ་སོགས་སངས་རྒྱས་ཕལ་པོ་ཆེ་དང༌། འཇམ་དཔལ་རྣམ་པར་རོལ་པའི་མདོ་དང༌། ཞིང་བཀོད་ཀྱི་མདོ་དང་།ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང༌།དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་སོགས་དྲངས་ནས་བཤད་ཅིང་དེ་དག་ལ་བརྟེན་ནས་སྤྲུལ་པའི་ཞིང་ཁྱད་པར་ཅན་འདི་ལ་ཡིད་དང་བའི་སྒོ་ནས་མཇལ་བའི་ཆེད་དུ་གོམ་པ་བོར་བ་ཙམ་དང་ཕྱག་འཚལ་བ་དང་བསྐོར་བ་དང་མཆོད་པ་དང་བསྙེན་བཀུར་བ་སོགས་ཀྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་མཆོད་པ་སོགས་ཀྱི་བསོད་ནམས་སྡུད་པར་བསྒྲུབ་སྣང་སྟེ་ཤིན་ཏུ་ལེགས་པར་སྣང་ནའང་ཚིག་མངས་སུ་དོགས་པས་འདིར་མ་བྲིས་ལ་མདོ་དེ་དང་དེ་དག་ཏུ་བལྟས་པས་ཤེས་པར་འགྱུར་རོ། །

    གཞན་ཡང་འཕགས་པ་སྤྱན་རས་གཟིགས་དང༌། ཀུན་ཏུ་བཟང་པོ་དང༌། མཐུ་ཆེན་ཐོབ་དང༌།བྱང་ཆུབ་སེམས་དཔའ་དྲི་མེད་གྲགས་པ་དང༌། གཞོན་ནུ་ནོར་བཟང་ལ་སོགས་པ་ས་ལ་གནས་པའི་རྒྱལ་སྲས་ཆེན་པོ་རྣམས་རང་རང་གི་འཁོར་ཚོགས་དུ་མ་དང་བཅས་ཏེ་ཡང་དང་ཡང་ཏུ་གནས་འདིར་ལྷགས་ནས་རྗེ་བཙུན་འཇམ་དཔལ་དབྱངས་དང་ཆོས་ཀྱི་གཏམ་བགྲོ་བར་མཛད་ཅིང་རྫུ་འཕྲུལ་གྱི་བཀོད་པ་སྣ་ཚོགས་པས་རོལ་པར་ཡང་གསུངས་སོ། །ཁྱད་པར་དུ་གནས་ཆེན་འདི་ཉིད་སྤྲུལ་པའི་གནས་སུ་ཀུན་ལ་མངོན་པར་གྱུར་པའི་ལོ་རྒྱུས་ནི། བདག་ཅག་གི་སྟོན་པ་འཇིག་རྟེན་དུ་བྱོན་པ་ནས་རྒྱ་ནག་གི་ཡུལ་གྱི་ཊེའུ་རྒྱལ་རབས་ཀྱི་སྟོད་ཀྱི་ཆ་ཡིན་ལ་དེ་ནས་མི་རིང་བའི་དུས་ཞིག་ན་རི་བོ་རྩེ་ལྔའི་གནས་འདིར་འཇའི་གུར་ཁྱིམ་གྱི་ནང་དུ་གཞོན་ནུ་སྐྲ་ཟུར་ཕུད་ལྔར་བཅིངས་ཤིང་གོས་དཀར་པོ་གྱོན་པ་ཞིག་སྐྱེ་བོ་ཀུན་གྱིས་ཡང་ཡང་མཐོང་བ་བྱུང་འདུག་པས་སྐྱེ་བོ་རྣམས་ཀྱི་ཨུ་ཀྱེ་ཐུང་ཙི་སྟེ་གཞོན་ནུ་ཟུར་ཕུད་ལྔ་པ་དང༌། ཡང་ལ་ལས་པེ་ཡི་ཥྱན་ཏེ་དྲང་སྲོང་གོས་དཀར་ཅན་དུ་འབོད་པ་བྱུང༌། དེ་སྐབས་སངས་རྒྱས་ཀྱི་བསྟན་པ་ཕྱོགས་འདིར་མ་དར་ཞིང་གནས་འདི་ཡང་བོན་གྱིས་བཟུང་བའི་དུས་ཡིན་པས་གཉུག་མར་གནས་པའི་བོན་པོ་རྣམས་ཀྱིས་རང་གི་སྟོན་པའི་རྣམ་འཕྲུལ་ཡིན་པར་བཟུང་སྟེ་ཤར་ཕྱོགས་རྒྱ་ནག་གི་བསྟན་པའི་བདག་པོ་ནོར་བུའི་ཕོ་བྲང་གི་དབང་ཕྱུག་གཞོན་ནུ་ཞེས་མཚན་དུ་གསོལ་བར་གྲགས། དེ་ནས་ཊེའུ་རྒྱལ་པོ་མོའུ་ཝང་གིས་ལྷ་ཁང་བཞེངས་ནས་གཞོན་ནུ་དེ་ཉིད་ཀྱི་སྐུ་བརྙན་གྲུབ་ཏེ་མཆོད་པར་བྱས་སོ། །དུས་ཕྱིས་ཧན་གུར་གྱི་རྒྱལ་པོ་མིང་རྙིའི་ལོ་བདུན་པའི་ཆོ་འཕྲུལ་ཟླ་བའི་ནུབ་ཅིག་རྒྱལ་པོའི་རྨི་ལམ་དུ་གསེར་གྱི་མི་ཆེན་པོ་སྐུ་དཔངས་སུ་འདོམ་གསུམ་ཙམ་ཡོད་པ་ཉི་མ་ལྟར་གཟི་བརྗིད་ཆེ་བ་ཞིག་དང་ཕོ་བྲང་དུ་ཕྲད་པར་རྨིས།ཕྱིས་ཉིན་མདུན་ན་འདོན་ལ་བཤད་པས་དེ་ན་རེ། སྔོན་གྱི་ཊེའུའི་ཡིག་ཚང་ན་ནུབ་ཕྱོགས་སུ་འཕགས་པའི་དྲང་སྲོང་ཁྱད་པར་ཅན་ཞིག་སྐྱེས་ལོ་སྟོང་ན་དེའི་བསྟན་པ་ཕྱོགས་འདིར་དར་བར་འགྱུར་ཟེར་བ་ཞིག་འདུག་པ་རྒྱལ་པོའི་མཚན་ལམ་དེ་དང་མཐུན་པར་སྣང་ཞེས་ཞུས་སྐད། དེར་རྒྱལ་པོས་ཝང་ཟུན་ཟེར་བའི་བློན་པོ་ཞིག་ཟླ་བོ་བཅོ་བརྒྱད་དང་བཅས་ཆོས་ལུགས་དེ་ཚོལ་བར་རྒྱ་གར་དུ་བརྫངས། དེའི་ཚེ་ཙི་ནའི་ཡུལ་གྱི་སྐྱེ་བོ་མཐའ་དག་དཀར་པོ་དགེ་བའི་ལས་ཀྱི་མཐུ་ཡོངས་སུ་སྨིན་པའི་དུས་ལ་བབས་པས་རྒྱ་གར་གྱི་ཡུལ་ནས་དགྲ་བཅོམ་པ་མ་ཏང་ཀི་པ་དང༌། པཎྚི་ཏ་བྷ་ར་ན་ཞེས་པ་གཉིས་ཀྱིས་ཕྱོགས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་བ་དང༌། འཕགས་པ་འཇམ་དཔལ་གྱི་སྤྲུལ་པའི་གནས་སྒོ་འབྱེད་པའི་དུས་ལ་བབས་པ་མངོན་པར་ཤེས་པས་གཟིགས་ཏེ། བཅོམ་ལྡན་འདས་ཀྱི་བྲིས་སྐུ་ཅིག་ཐེག་པ་ཆེ་ཆུང་གི་མདོ་སྡེ་དུ་མ་རིང་བསྲེལ་བྲེ་གང་བཅས་གདན་དྲངས་ཏེ་ཕེབས་པ་དང་ཡུའི་ཅི་ཞེས་པའི་ས་ཆར་རྒྱལ་པོའི་བང་ཆེན་པ་རྣམས་ཀྱིས་མཇལ། རིམ་གྱིས་གདན་དྲངས་ཏེ་མེ་མོ་ཡོས་ལོའི་དགུན་ཟླ་ཐ་ཆུང་གི་ནང་དུ་ཕོ་བྲང་ཆེན་པོར་ཕྱག་ཕེབས། རྟེན་རྣམས་རྒྱལ་པོར་གཟིགས་སུ་ཕུལ་བས་སྟོན་པའི་འདྲ་ཐང་དེ་སྔར་རྒྱལ་པོའི་རྨི་ལམ་དུ་བྱུང་བའི་སྐུ་དེ་དང་ཇི་ལྟ་བ་བཞིན་མཐུན་པར་བྱུང་བ་ལ་རྒྱལ་པོ་ཐུགས་ཤིན་ཏུ་དགྱེས། སྔར་གྱི་རྨི་ལམ་རྣམས་བཤད་པས་དགྲ་བཅོམ་པ་ན་རེ། འདི་ནི་ངེས་པར་དེ་བཞིན་གཤེགས་པས་རང་གི་བསྟན་པ་རྒྱལ་པོ་ཉིད་ལ་གཏད་པའི་རྟགས་སུ་མངོན་པས་ཅིས་ཀྱང་ཐུགས་ལ་འདོགས་པར་རིགས་སོ། །ཞེས་ཞུས་ཤིང་ཕན་ཚུན་ཆོས་ཀྱི་དྲིས་རྨེད་མང་དུ་མཛད། ཡང་རྒྱལ་པོ་ན་རེ། ངེད་ཀྱི་རྒྱལ་ཁམས་འདི་རྣ་རྟག་པར་འཚོ་ཞིང་གཞེས་ཏེ་འགྲོ་བའི་དོན་མཛད་པའི་སྐྱེས་ཆེན་དམ་པ་འགའ་ཞིག་མེད་དམ་ཞེས་དྲིས་པས། དགྲ་བཅོམ་པ་ན་རེ། རི་བོ་རྩེ་ལྔ་འདི་ལ་འཕགས་པ་འཇམ་དཔལ་རྟག་ཏུ་བཞུགས་ཤིང་ཆོས་སྟོན་ལ་ལྷ་དང་ཀླུ་ལ་སོགས་པའི་སྡེ་བརྒྱད་ཀྱི་ཚོགས་རྣམས་འདུལ་བར་མཛད་མོད་ཀྱི། ལས་སྒྲིབ་སྲབ་ཅིང་སྣང་བ་དག་པའི་གདུལ་བྱ་རྣམས་མ་གཏོགས་པས་མཐོང་བར་དཀའོ། ། ཞེས་ཞུས་ཏེ་ཕྱིས་དེ་ལོ་དགྲ་བཅོམ་པ་རི་བོ་དྭངས་བསིལ་དུ་ཕེབས། ལྷའི་མིག་གིས་སྤྲུལ་པའི་གནས་ཀྱི་ཁྱད་པར་རྣམས་གཟིགས་ཤིང་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་སོགས་ངོས་བཟུང་སྟེ་ཕྱིར་ཕེབས། གནས་ཀྱི་སྙིང་པོ་རྒྱ་གར་འཕགས་པའི་ཡུལ་གྱི་བྱ་རྒོད་ཕུང་པོའི་རི་དང་མཚུངས་པས་དེར་ལྷ་ཁང་བསྐྲུན་ནས་མིང་ཀྱང་བྱ་རྒོད་ཕུང་པོའི་ལྷ་ཁང་དུ་བཏགས་ན་ལེགས་ཚུལ་རྒྱལ་པོ་ལ་བསྙད་པས། རྒྱལ་པོས་ཀྱང་ཇི་སྐད་གསོལ་བ་ལྟར་ལྷ་ཁང་གསར་དུ་བཞེངས་ཏེ་རྒྱལ་པོ་འཁོར་དང་བཅས་པས་ཡིད་ཆེས་ཀྱི་དད་པ་གསར་དུ་ཐོབ་པའི་རྟེན་དུ་དགོངས་ནས་དགྲ་བཅོམ་པས་བཏགས་པའི་མཚན་ལ་དད་ཐོབ་ཞེས་པའི་ཚིག་ཟུར་བསྣན་ཏེ། དད་ཐོབ་བྱ་རྒོད་ཕུང་པོའི་ལྷ་ཁང་ཞེས་པའི་མཚན་གསོལ། དེ་ནས་བཟུང་སྟེ་སྤྲུལ་པའི་གནས་ཀྱི་སྒོ་ཕྱེ་ཞིང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་གྱུར་ཏོ། །རི་བོ་དྭངས་བསིལ་གྱི་གནས་བཤད་དད་པའི་པངྨོ་རྒྱས་བྱེད་ངོ་མཚར་ཉི་མའི་སྣང་བ་ཞེས་བྱ་བ་ལས་རྒྱལ་བས་ལུང་བསྟན་ཚུལ་དང་གནས་སྒོ་ཕྱེ་ཚུལ་བཤད་པའི་ལེའུ་སྟེ་དང་པོའོ། །

    གཉིས་པ་གནས་ཀྱི་བཀོད་པའི་ཁྱད་པར་བཤད་པ་ནི། གནས་མཆོག་འདི་ལ་རྒྱ་ནག་གི་སྐད་དུ་ཨུ་ཐའི་ཤན་ཏེ་རི་བོ་རྩེ་ལྔ་ཞེས་པ་དང༌། མཚན་གཞན་ཆིང་ལྱིང་ཤན་ཏེ་རི་བོ་དྭངས་བསིལ་དུ་ཡང་གྲགས་ལ། རི་བོ་རྩེ་ལྔ་ནི། སྤྱིར་གནས་འདིའི་རྨང་གཞི་མཐའ་སྐོར་ལ་རྒྱ་ནག་ལུགས་ཀྱི་རྒྱང་གྲགས་ལྔ་བརྒྱ་ལྷག་ཙམ་གྱི་རྒྱ་ཁྱོན་དང་བཅས་ལ་དེ་ཡང་ཕྱོགས་གང་ནས་སོང་ཀྱང་གྱེན་དུ་བགྲོད་དགོས་པས་ས་གཞི་བྱིངས་ལས་འདིའི་རྨང་གཞི་ཆེ་མཐོ་ཞིང་འཕགས་པ་ཞིག་སྣང་ངོ༌། །རྨང་གཞི་དེའི་སྟེང་དུ་རི་བོ་རྣམས་ནི་སྟབས་འབྲེལ་ཞིང་བརྗིད་ཆགས་ལ་ལྷུན་སྡུག་པའི་རྩེ་མོ་ལྔ་གྱེས་པའི་ཚུལ་དུ་ཡོད་ལ།དེ་ཡང་ནུབ་དབུས་བྱང་ཤར་གྱི་རྩེ་མོ་བཞི་ཕྲེད་བསྒྲིགས་དང་ལྷོ་རི་ནི་ཡས་ལོགས་ཀྱི་མདུན་ངོས་སུ་ཅུང་ཟད་རྒྱངས་ཙམ་ན་ཡོད་དོ། །སྔོན་གྱི་དམ་པ་རྣམས་ཀྱི་གསུངས་ལས། རྩེ་མོ་ལྔ་ནི་འཇམ་དཔལ་ལོངས་སྐུ་རྣམ་པར་སྣང་མཛད་ཆེན་པོའི་ཕུང་པོ་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔའི་རང་མདངས་སྤྲུལ་པའི་སྐུ་རིགས་ལྔའི་རྣམ་པར་ཤར་བ་མཚོན་པར་གསུངས་པ་ལ་དཔག་ན་དབུས་རི་སྐུ་དང་།ཤར་རི་ཐུགས་དང༌། ལྷོ་རི་ཡོན་ཏན་དང༌། ནུབ་རི་གསུང་དང༌། བྱང་རི་འཕྲིན་ལས་ཀྱི་གནས་སུ་སྣང་བས་དེ་རྣམས་རིམ་པ་བཞིན་དུ་རྣམ་སྣང་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་མེད་དང༌། དོན་ཡོད་སྒྲུབས་པའི་རིགས་ཀྱི་སྤྲུལ་པའི་སྐུའི་གནས་སུ་མངོན་ནོ། །དེ་ཡང་ཝེའི་གུར་གྱི་ཝེན་ངྷི་རྒྱལ་པོ་གནས་འདིར་རི་དྭགས་བཤོར་དུ་འོངས་པ་ལས་སྤྲུལ་པའི་དགེ་སློང་ཡ་མཚན་ཅན་ཞིག་ཕྱི་བཞིན་དུ་འབྲངས་ཏེ་གནས་གཞི་སློང་བ་ལ། རྒྱལ་པོས་ཇི་ཙམ་འདོད་དྲིས་པས་གདིང་བས་ཅི་ཙམ་ནོན་པའི་ས་འདོད་གསུང་བ་ལ་འཕགས་པ་ཅི་བདེར་བཞེས་ཞིག་ཞུས་པས། སྤྲུལ་པའི་དགེ་སློང་གིས་གདིང་བ་གནམ་དུ་འཕངས་པས་སྤྲིན་བཞིན་ཏུ་ཆགས་ཏེ་རྒྱང་གྲགས་ལྔ་བརྒྱའི་ཁོ་ར་འཁོར་ཡུག་ཁྱབ་པར་གྱུར་པས་རྒྱལ་པོ་ངོ་མཚར་ཏེ།སྤྲུལ་པའི་དགེ་སློང་དུ་ཤེས་ནས་རྟ་བསྐྱོད་དེ་ཕྱི་བཞིན་སྙེགས་པས་འཕགས་པ་མི་སྣང་བར་གྱུར་ལ་རི་བོ་ཞིག་རྒྱལ་པོའི་རྗེས་སུ་འབྲངས་པས་རྒྱལ་པོ་གདོང་ཕྱིར་ཕྱོགས་ཏེ་རི་བོ་གླེན་པ་ཨང་ཞེས་སྨྲས་པས་རི་བོ་དེར་ཆགས། དེ་ནས་བཟུང་རི་བོ་དེ་ལ་ཧན་ཤན་ཞེས་རི་བླུན་པོར་གྲགས་སོ། །དེས་ན་སྤྲུལ་པའི་གནས་འདིའི་རྒྱ་ཁྱོན་གྱི་ཚད་ནི་དེའི་དུས་སུ་གསལ་བར་གྱུར་སྣང་ངོ་ ། །

    ད་ནི་རི་སོ་སོའི་བཀོད་པ་བཤད་པར་བྱ་སྟེ། དེ་ཡང་ལྷོ་རི་ནི་མཐོ་ཚད་རྒྱང་གྲགས་སོ་བདུན་རྩེའི་མཐའ་སྐོར་རྒྱང་གྲགས་གཅིག་ཏུ་གནས་ལ་རྩེ་མོ་གཞོང་པ་ཁ་སྦུབ་པའི་ཚུལ་དུ་ཡོད། (ཀྱིན་ཤེའུ་ཕུང་)མདོག་བཟང་བཀྲ་བའི་སྤོ་ཞེས་བྱ་ཞིང་མཚན་གཞན(ཤྱན་ཧྲ་ཤན)དྲང་སྲོང་མེ་ཏོག་རི་ཞེས་ཀྱང་གྲགས།འདི་ལ་བྱིན་རླབས་ཅན་གྱི་གནས་ཉི་ཤུ་རྩ་གཅིག་ཡོད་པར་གསུང་ལ། (ཕུ་ཤན་ཐ)ཀུན་བཟངམཆོད་རྟེན་ནི་རིའུ་སྡེབས་སུ་ཡོད། ལྷོ(ཀུ་ནན་ཐའི)རི་རྙིང་པ་ནི། རིའི་ལྷོ་ངོས་ཀྱི་རྒྱང་གྲགས་གཉིས་ཙམ་ན་ཡོད་ཅིང༌། སྔོན་གྱི་ཅིང་རྒྱལ་པོའི་དུས་སུ་སྐྱེས་ཆེན་དམ་པ་ཞིག་གིས་ལྷ་ཁང་བསྐྲུན་པར་མཛད།(ཤི་ཋེང་)རྡོ་མཁར་ནི། རིའི་ལྷོ་ངོས་རྒྱང་གྲགས་ཉི་ཤུའི་ས་ན་ཡོད་ཅིང་ཕྱོགས་བཞིའི་རི་བ་གམ་ཀྱི་ཚུལ་དུ་གནས། (ཤི་ཥྱན་ཤེན་གུའི)རྡོའི་རུས་སྦལ་ནི། དྲང་སྲོང་མེ་ཏོག་རིའི་མདུན་ཞོལ་དུ་ཡོད་པའི་རུས་སྦལ་གྱི་དབྱིབས་ཅན་གྱི་སྤྲུལ་པའི་རྡོ་ཞིག་གོ། །ཀླུ་དཀར་(བེ་ལུང་ཋི)པོའི་མཚོ་ནི། རིའི་ཤར་ལྷོའི་མདུན་ཞོལ་ན་ཡོད། (ཆ་ཆྱན་ལིང)མདའ་བཙུགས་སྒང་ནི། རིའི་ཤར་ངོས་ཀྱི་རྒྱང་གྲགས་ཉི་ཤུའི་ས་ན་ཡོད་ལ་སུང་གུར་གྱི་རྒྱལ་པོས་བྱང་ཕྱོགས་སུ་དཔུང་འཇུག་གནང་སྐབས་དེར་སླེབ་ནས་འཕགས་པའི་སྐུ་བརྙན་ཕྱག་བརྒྱད་པ་ཞིག་ཞལ་གཟིགས་པའི་སར་ཕྱག་མདའ་བཙུགས་ནས་མཚན་མ་བྱས་པས་མདའ་བཙུགས་སྒང་དུ་གྲགས། ཚང་(ཝན་མུ་ཕིང་)ཚིང་འཁྲིགས་པ་ནི། རིའི་ལྷོ་ནུབ་རྒྱང་གྲགས་བཞི་བཅུའི་མཚམས་ན་ཡོད་པའི་ཐང་གུར་གྱི་དུས་སུ་གནས་ཆེན་ངོ་མཚར་ཅན་དུ་གྲཊ་པ་ཞིག་ཡིན་པར་སྣང༌། (ལུང་ གུང་ཤེང་དུ་)ཀླུའི་ཕོ་བྲང་གི་ཤུལ་ནི། ཕྱི་བསྐོར་གྱི(སོ་པོ་ཟི)ཀླུ་མོའི་གླིང་གི་འགྲམ་དུ་ཡོད་ལ་སྔོན་ཀླུ་མོ་ཞིག་ཆོས་ཉན་དུ་འོངས་ནས་ཕྱིར་ལོག་ཏེ་རང་གནས་སུ་སླེབ་པ་ན་གྲུབ་པ་བརྙེས་ཏེ་མཚོ་སྐམ་པའི་ཤུལ་དུ་གྲགས། ལྷའི་(ཤེང་ཇུང་ཤན)གཎྚའི་རི་ནི། རིའི་ལྷོ་ངོས་རྒྱང་གྲགས་བརྒྱད་ཅུའི་ས་ན་ཡོད་ཅིང་སྔོན་སྤྲུལ་པའི་གཎྚ་ཞིག་ནམ་མཁའ་ནས་བབས་པ་ལྕགས་ཀྱི་དྲ་མིག་ཏུ་བཏགས་ཏེ་མཆོད་པ་ལ་བར་སྐབས་ཞིག་གཎྚ་དེ་ཉིད་རང་སྒྲ་གྲགས་བཞིན་འཕུར་ཏེ་སོང་བས་ལྕགས་དྲ་ཤུལ་དུ་ལུས་པ་ད་ལྟའང་ཡོད། འཕགས(ཤེང་སེང་ཨའི)ཚོགས་སྡིངས་ནི། མིང་(ཏི་ཤུའི་ཨའི་)གཞན་ཆུ་ཐིག་སྡིངས་ཡང་ཟེར་ཞིང་རིའི་ལྷོ་ངོས་ཀྱི་རྒྱང་གྲགས་བདུན་ཅུའི་སར་ཡོད་ལ་སྔོན་ཐང་གུར་གྱི་དུས་སུ་སྤྲུལ་པའི་གནས་བརྟན་ཞིག་བཞེངས་བཞིན་དུ་མྱ་ངན་ལས་འདས་པའི་སར་གྲགས། སྔོན་གྱི་འདམ (ཀུ་ཅུ་ལིན)བུའི་ཚལ་ནི། རིའི་ལྷོ་ངོས་རྒྱང་གྲགས་སུམ་ཅུའི་ས་ན་ཡོད་ཅིང་ཐང་གུར་གྱི་དུས་སུ་ཧྭོ་ཅུ་ཞེས་པའི་སློབ་དཔོན་ཞིག་གིས་གྲུབ་པ་ཐོབ་པའི་གནས་ཡིན། ལྷོ་བལྟས་རི་ནི(ཚེ་ཡང་ལིང་)། རིའི་ལྷོ་ནུབ་རྒྱང་གྲགས་སུམ་ཅུའི་ས་ན་ཡོད།གྲུབ་ཆེན་སངས་རྒྱས་བསྐྱངས་ཀྱིས་འཕགས་པ་འཇམ་དཔལ་གྱི་ཞལ་གཟིགས་པའི་གནས་ཡིན་ཞིང་འདི་ན་གཙུག་ཏོར་རྣམ(ཅིན་ཤེང་ཥྭོད)རྒྱལ་གྱི་མཆོད་རྟེན་ཀྱང་ཡོད་ལ་ཚི་ཡང་ཧུ་ཞེས་པའི་ཆུ་ཀླུང་ཆེན་པོ་ཡང་འདི་ནས་བརྡོལ་བར་སྣང༌། འདུན(ཇི་གུད་ཏུང)བཟང་ཕུགས་ནི། དྭངས་(ཆིང་ལྱང་ཤི)བསིལ་རྡོའི་མདུན་ངོས་ན་ཡོད། (ཧྥ་ཧྭོ་ཏུང)པད་དཀར་ཕུགས་ཀྱང་དེ་དང་ཉེ་བ་ན་ཡོད། །ཆི་ཧྥོའི་ཏུང་)སངས་རྒྱས་བདུན་གྱི་ཕུགས་ནི། རིའི་ལྷོ་ནུབ་རྒྱང་གྲགས་ཉི་ཤུའི་ས་ན་ཡོད་ཅིང་སྔོན་འཕགས་ཡུལ་གྱི་སློབ་དཔོན་བདུན་འདིར་བྱོན་ནས་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པ་ཡེ་མ་བཞེངས་པས་ཕྱིསདེར་སངས་རྒྱས་བདུན་གྱི་སྐུ་བཞེངས་པར་གྲགས། (ཆྱིན་ཧྥོའི་ཏུང་)སངས་རྒྱས་སྟོང་གི་ཕུགས་ནི། རིའི་བྱང་ཤར་གྱི་ལོགས་ན་ཡོད།སྔོན་གྱ་ཇིང་གི་དུས་སུ་དའུ་ཧྥང་ཞེས་པའི་བཙུན་པ་ཞིག་གནས་མཇལ་དུ་འོངས་ནས་འདིར་སླེབ་པ་ན་སྤྲུལ་པའི་སྒྲོན་མེ་འབུམ་ཕྲག་བརྒལ་བ་མཐོང་ཞིང་སྒྲོན་མེ་དེ་དག་བྲག་ཕུག་ཏུ་ཞུགས་པའི་རྗེས་སུ་རང་ཉིད་ཀྱང་ཞུགས་པས་ཕུགས་པའི་ནང་ཐམས་ཅད་རྒྱལ་བའི་སྐུ་བརྙན་གྱིས་གང་བར་སྣང་ཞིང༌། ཡང་ཕུག་པའི་ནང་དུ་ཆུ་ཀླུང་ཆེན་པོ་འཁྲུགས་པའི་སྒྲ་ཐོས་པས་སྐྲག་སྟེ་ཐུགས་རྗེ་ཆེན་པོའི་མཚན་ནས་བརྗོད་ཅིང་སངས་རྒྱས་ཀྱི་སྐུ་བརྙན་འགྲུབ་པར་ཁས་བླངས་ཕས་གློ་བུར་དུ་སྤྲུལ་པའི་སྒྲོན་མེ་གཅིག་བྱུང་བས་སྣ་དྲངས་ཏེ་ཕུག་པ་ནས་ཐོན། དེ་ཕྲལ་དུ་ཕུག་པ་དེར་སངས་རྒྱས་སྟོང་གི་སྐུ་བཞེངས་པར་བྱས་སོ།།(ཀིན་ཀོ་ལིང)གསེར་གྱི་བ་གམ་རི་ནི། རིའི་ནུབ་བྱང་མཚམས་སུ་ཡོད། སྔོན་དད་པ་བརྟན་པའི་བློནཔོ་ཞིག་ནམ་མཁའི་ངོས་སུ་སྤྲུལ་པའི་གཞལ་ཡས་ཁང་ངོ་མཚར་ཅན་མཐོང་བ་ལ་དཔེ་བླངས་ནས་ལྷ་ཁང་བཞེངས་པའི་་ས་ཡིན། དེ་དང་ཉེ་བ་ན་གསེར་གྱི་གཞོང་པ་ཁ་གྱེན་དུ་བསྟན་པ་ལྟ་བུའི(ཅྱེན་ཕེན་གུ)གསེར་སྡེར་གཤོང་དུ་གྲགས་པ་ཡོད། དེ་དང་འདབ་ཆགས་པ་ན་སྦྲུལ་ཤོང་ཞེས་པ་གཅིག་ཀྱང་ཡོད། དེའི་ཤར་ངོས་ན་དུང (ཧའི་ལོ་ཋེང)མཁར་ཟེར་བ་ཞིག་ཡོད་དེ་སྔོན་མི་ཞིག་གིས་སྤྲུལ་པའི་ཕོ་བྲང་དང་རྒྱ་མཚོ་འཁྲུགས་པའི་རྦ་རླབས་དུང་གི་དབྱིབས་སུ་ཡོད་པ་མཐོང་བའི་གནས་ཡིན་པར་གྲགས་སོ། །ཤར་རི་ནི་མཐོ་ཚད་རྒྱང་གྲགས་སོ་བརྒྱད་དང་རྩེའི་མཐའ་བསྐོར་རྒྱང་གྲགས་གསུམ་ཡོད་ལ་རྩེ་མོ་གསེར་ཉའི་རྒྱབ་ཀྱི་རྣམ་པར་གནས། རིའི་རྩེ་མོ་ནས་བལྟས་པའི་ཚེ་མེ་ལོང་ཕྱིས་པ་ལྟ་བུའི་ཤར་གྱི་རྒྱ་མཚོ་རྒྱང་རིང་པོ་ན་མཐོང་བས་རྒྱ (ཝང་ཧའི་ཧྥུན)མཚོ་མཐོང་བའི་སྤོ་ཞེས་མཚན་དུ་གྲགས། རི་འདི་ལ་བྱིན་རླབས་ཅན་གྱི་གནས་བཅུ་བཞི་ཡོད་ལ། (ནོ་ལོ་ཡན་ཁུ)སྲེད་མེད་ཀྱི་བུའི་ཕུག་ནི། རིའི་ཤར་ངོས་ན་ཡོད་ཅིང་ཕུག་པ་འདི་ནང་གི་རླུང་རེག་བྱ་རྩུབ་ཅིང་གྲང་ངར་ཆེ་བས་དབྱར་གཞུང་ལའང་ཆབ་རོམ་མི་འཇུ་བར་སྣང་ཞིང་སྤྲུལ་པའི་ཀླུ་ཚོགས་འདུ་བའི་བྱང་ཆུབ་སེམས་དཔའི་གནས་སུ་གསུང་ལ་ཕལ་ཆེར་གསང་བའི་བདག་པོ་དང་རྗེ་བཙུན་འགྲོ་བ་མཛད་པའི་གནས་སུ་མངོན་ནོ། །ཚགས་(ལི་ཙི་ཐ)ཞྭའི་མཆོད་རྟེན་ནི། རིའི་རྩེ་མོར་ཡོད་ལ་སུང་གུར་གྱི་མདུན་ན་འདོན་ཞིག་དང༌། ཆི་ཧྭ་ཏཱ་ཤི་ཟེར་བའི་སློབ་དཔོན་ཆེན་པོ་གཉིས་ཀྱི་མཐོང་སྣང་ལ་ཚགས་ཞྭ་གྱོན་པའི་བཙུན་པ་མི་རིགས་མི་འདྲ་བ་ཞིག་གང་ནས་ཆ་མེད་པར་འདིར་སླེབ་ནས་ཚགས་ཞྭ་བོར་ཏེ་སྲེད་མེད་ཀྱི་བུའི་ཕུག་པར་ཐལ་གྱིས་ཞུགས་པ་མཐོང་བས་རྗེ་བཙུན་གྱི་སྤྲུལ་པར་ཤེས། ཚགས་ཞྭ་བླངས་ཏེ་ནང་གཞུག་ལ་བཅུག་པའི་མཆོད་རྟེན་བརྩེགས་པར་བཤད་དོ། །སྤྱན(ཀྭན་ཡིན་ཕིང་)རས་གཟིགས་ཀྱི་བཞུགས་ཁྲི་ནི། རིའི་རྒྱབ་ལོགས་སུ་རྒྱང་གྲགས་གཅིག་གི་ས་ན་ཡོད་ཅིང་རྒྱུ་མཚན་ཞིབ་པར་མ་བཤད་ཀྱང་སྤྱན་རས་གཟིགས་དང་རྗེ་བཙུན་བགྲོ་བ་མཛད་པའི་གནས་སུ་མངོན་ནོ། །(ཧྥ་ཡན་གུ)སྡོང་པོ་བགོད་པའི་སྦུགས་ནི། རིའི་ནུབ་བྱང་མཚམས་ན་ཡོད།(ཅོའུ་ལིན)འབྲས་བུའི་ཚལ་ནི། རིའི་བྱང་ཤར་ལོགས་སུ་ཡོད། ཝེའི་གུར་ཕྱི་མའི་དུས་ཀྱི་འདུན་ན་འདོན་གྱི་ནང་མི་ཞིག་གིས་ཤ་བ་དཀར་པོ་ཞིག་མཐོང་བ་བདས་ཏེ་འདིར་སླེབ་པ་ན་ཨག་ཚོམ་དཀར་པོ་ཅན་གྱི་རྒན་པོ་མཁར་བ་བརྟེན་པ་ཞིག་ཁང་བཟང་གི་སྒོ་འགྲམ་ན་འགྲེང་བཞིན་པས། ཁྱོད་ཀྱིས་ཤིང་ཐོག་ཞིག་ཟོ་དང་འགྲངས་པར་འགྱུར་རོ་ཞེས་གདམས་པའི་སྣང་བ་བྱུང༌། སླར་བཙལ་བས་རྒན་པོ་ཁང་བཟང་ཤ་བ་དང་བཅས་པ་མི་སྣང་བར་འབྱུང་བའི་གནས་སུ་གྲགས། ཡང་རིའི་བྱང་ཕྱོགས་སུ(ཨུ་ཝང་ཋེང་)རྒྱལ་པོ་ལྔའི་མཁར་ཞེས་པ་གཅིག་ཀྱང་ཡོད། དེ་དང་འདབ་ཆགས་པ་ན་ལྷའི(ཐྱིན་ཋེང)མཁར་ཞེས་པ་བར་སྣང་སྤྲིན་གྱི་གསེབ་ཏུ་ལྷའི་གཞལ་མེད་ཁང་གི་རྣམ་པ་མཐོང་མ་ཐག་ཏུ་འཇིག་རྟེན་གྱི་འཁྲུལ་སྣང་ཟད་པར་གྱུར་པ་སྔོན་གྱི་དད་ལྡན་མང་པོ་ལ་ལན་དུ་མར་བྱུང་བའི་གནས་ཡོད། རིའི་ཤར་ངོས་ན་ཚོགས (ཏཱ་ཧོའུ་ཀུ)ཆེན་པོའི་སྦུགས་ཞེས་པ་ཞིག་ཡོད་དེ། ཆུ་ཕྲན་མང་པོ་འདུ་ཞིང་ཧོ་ཐོ་ཞེས་པའི་ཆུ་ཀླུང་ཆེན་པོ་ཡང་འདི་ནས་འབྱུང་བར་བཤད། རིའི་ཤར་ལྷོའི་ངོས་ན་རྒྱང་གྲགས་ཉི་ཤུ་ཙམ་ན་མེ(ཧྭ་ལིན)ཏོག་གི་ཚལ་ཞེས་པ་སྔོན་སྡོང་པོ་བཀོད་པའི་གནས་སུ་གྲགས་པ་ཡོད། ཡང་རིའི་ཤར་ལྷོའི་མཚམས་ཀྱི་རྒྱང་གྲགས་བདུན་ཅུ་ན་སྤྲུལ་པའི་ཆུ(ལིན་ཆུན)ཚན་ཞིག་དང༌། རྒྱང་གྲགས་དྲུག་ཅུ་ན་(མྡབོཅ་ཆྭོན)རྟས་བྲུས་པའི་ཆུ་མིག་ཞེས་པ་དང༌། (ལུང་ཆྭོན་སྒང་)འབྲུག་མཚོའི་སྒང་ཞེས་པ་དང༌། རྒྱང་གྲགས་ལྔ (ཧྭ་ཡན་གུ)བཅུའི་ས་ན་སྔོན་གྱི(གིལུལུ་ལིང་)ལམ་སྒང་ཞེས་པ་དང༌། ལྷོ་ཕྱོགས་ཀྱི་རྒྱང་གྲགས་ལྔའི་ས་ན་ལྕགས (ཐྱེཕུ)ཀྱི་ཚང་ཞེས་པ་རྣམས་ཡོད། (ཆི་ཥྱན་ཀུ)ཀུ་སུ་ལུའི་དབེན་གནས་ནི། རིའི་ལྷོ་ནུབ་མཚམས་ཀྱི་སུལ་ན་ཡོད། (ཏེ་ཚད) ཡོན་ཏན་མཛོད་ཞེས་པའི་བརྟུལ་ཞུགས་ཅན་ཞིག་གིས་གྲུབ་པ་ཐོབ་པའི་གནས་ཡིན། དེ་དང་ཉེ་པ་ན་སྤྱན(ཀོན་ཡིན་ཏུང་)རས་གཟིགས་ཀྱི་ཕུག་ཞེས་བྱ་བ་ཡོད་དེ་ནང་དུ་ཆུ་མིག་ཅིག་ཡོད་པ་དེའི་རོ་གཞན་ལས་ཆེས་ཁྱད་པར་དུ་འཕགས་པར་བཤད། སྤྲུལ(ཧྭོ་ཇུ་ལིན)པའི་སྨིག་ཚལ་ནི། རིའི་ལྷོ་ནུབ་མཚམས་ཀྱི་ཞོལ་རྒྱངས་གྲགས་ཉི་ཤུའི་ས་ན་ཡོད། སྔོན་གྱི་དད་ལྡན་རྣམས་ཀྱིས་སྤྲུལ(ཧྲོ་ཇུ་ལིན)པའི་སྨིག་ཚལ་སྟུག་པ་མཐོང་བས་རྩར་ཕྱིན་པ་ན་མི་སྣང་བར་གྱུར་པ་ཡང་ཡང་བྱུང་བས་གནས་དེར་ལྷ་ཁང་བཞེངས་སྐད། དེ་དང་ཉེ་བ་ན(ཆིང་ཕུང་)མུ་མེན་རི་ཡོད་དེ་ད་ལྟ་ཏྷྰ་ལོ་ཏིང་སྟེ་དུད་དཀར་གྱི་ཏོག་ཏུ་གྲགས་པ་འདིར་བསམ་གཏན་པ་མི་སྨྲ་པའི་བརྟུལ་ཞུགས་ཅན་ཡེ་མི་ཉལ་བར་འགྲེང་བཞིན་དུ་བསམ་གཏན་བསྒོམ་པ་ཞིག་བྱུང་ད་ལྟ་རང་ཅག་ཆིང་གུར་གྱི་ཤེང་ཙུ་རྒྱལ་པོ་ཐུགས་རྗེ་ཅན་གྱིས་འཇམ་དཔལ་རིགས་ལྔའི་ལྷ་ཁང་བཞེངས་ཏེ་བཀོད་པ་མཛེས་པར་མཛད་པས་འདི་ནས་དད་ལྡན་གྱི་སྐྱེ་བོ་རྣམས་ཀྱིས་སྤྲུལ་པའི་སྒྲོན་མེ་མང་དུ་མཇལ་བར་སྣང་ངོ༌། །འདིའི་མདུན་ན་ཞལ(ཥྱན་ཤེན་ཐའི)གཟིགས་བ་གམ་ཞེས་པ་ཞིག་ཡོད་དེ། སྔོན་ཐང་གུར་གྱི་ཀྭན་ཀོ་ཤི་ཞེས་པའི་འཕགས་པའི་གནས་བརྟན་ཞིག་བར་སྣང་ལ་བྲག་རིའི་སྟེང་དུ་རྗེ་བཙུནའཇམ་དཔལ་དབྱངས་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བཞུགས་པ་ལ་འཇའ་འོད་སྣ་ལྔའི་གུར་ཁྱིམ་གྱིས་བསྐོར་བ་གཟིགས་པའི་གནས་ཡིན་ལ། འདིའི་ནོར་(ཤན་ཚྱའི་ཏུང)བཟང་ཕུག་ནི། གཞོན་ནུ་ནོར་བཟང་དང་འཕགས་པ་འཇམ་དཔལ་བགྲོ་བ་མཛད་པའི་གནས་སུ་མངོན། སྔོན་གྱི་ལྟ་ཁང་ཞིག་རལ་དུ་གྱུར་པ་ད་ལྟ་ཁོ་བོས་ཉམས་གསོས་བྱས་པ་ལགས་སོ། །ཟླ(མིང་ཡྭེ་ཋི)བ་གསལ་བའི་རྫིང་བུ་ནི། རིའི་ལྷོ་ནུབ་མཚམས་སུ་ཡོད་ལ་དད་ལྡན་རྣམས་ཀྱིས་རྫིང་བུ་འདིའི་ནང་དུ་གནམ་སྟོང་གི་མཚན་མོ་ཟླ་བའི་གཟུཊ་བརྙན་གསལ་བ་མཐོང་བ་མང་དུ་འབྱུང་འདུག འདིའི་ལྷོ་ཕྱོགས་རྒྱང་གྲགས་ཉི་ཤུ་ན་རྡོ་སྐུའི(ཤི་ཕོ་ལིང་)རི་ཞེས་བྱ་བའི་གནས་བྱིན་ཅན་ཞིགཡོད་དེ། ཆུ(མན་ཁུང་ཤི)བརྡོལ་རྡོ་ནི། རིའི་རྩེར་ཡོད་ལ་དབྱར་གྱི་དུས་སུ་ཆུ་བརྡོལ་བ་ལ་དད་ལྡན་རྣམས་ཀྱིས་ངོ་མཚར་ཅན་དུ་གོ་ནས་སྤྱིལ་བུ་བྱས་སོ། །གཞན་ཡང་དཀྱིལ (ཙི་ཕུ)འཁོར་མཆིན་ཁ་ཞེས་པ་རི་ལྔའི་སྤྱི་མིང་ཡིན་ཀྱང་ཤར་རིའི་སྒོས་མིང་དུ་བཏགས་པ་དང༌། གཟི(ཧྭོང་ཝེའི་ལིང་)བརྗིད་སྒང་ཞེས་སྔོན་སུང་གུར་ཀྱི་མདུན་ན་འདོན་(ཊད་ཤེང་ཡིང་)མཆོག་ཏུ་དཔའ་བ་ཞེས་པས་རྗེ་བཙུན་གྱི་སྤྲུལ་བའི་འོད་ཟེར་འབུམ་ཕྲག་མང་པོ་མཐོང་བ་ལས་མིང་དེ་ལྟར་བཏགས་པ་ཡང་ཤར་རི་ཉིད་ཡིན་ནོ། །དཀར་ཆག་རྙིང་པར་རང་བྱོན་རྡོ(ཀྲན་ལའི་ཤི)ཞེས་པ་ཞིག་ཡོད་པར་བཤད་ཀྱང་གང་ན་ཡོད་དང་ལོ་རྒྱུས་གསལ་བར་མི་སྣང་ངོ༌། །ནུབ་རི་ནི་མཐོ་ཚད་རྒྱང་གྲགས་སུམ་ཅུ་སོ་ལྔ་རྩེ་མོ་མཉམ་ཞིང་རྩེའི་མཐའ་སྐོར་ལ་རྒྱང་གྲགས་གཉིས་ཡོད་མཚན་ལ་ཟླ་བའི་ཐོད་ཅན་གྱི་སྤོ(ཀྭ་ཡེའི་ཧྥུང་)ཞེས་གྲགས། རྩེ་ན་ཆུ་མིག་ཡོད་ཅིང་འདི་ལ་བྱིན་རླབས་ཅན་གྱི་གནས་བཅུ་བདུན་ཡོད་པར་བཤད།རིའི་བྱང་ལོགས་སུ(པཱ་གུད་ཏེ་ཤུའི)ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་ཞེས་བྱ་བ་རོ་ནུས་ཁྱད་པར་དུ་འཕགས་པ་བྱིན་རླབས་ཅན་ཞིག་ཡོད། སྤྲུལ་པའི་མི(འེལ་ཤེང་ཏུའི་ཐན་ཤི)གཉིས་བགྲོ་བ་མཛད་པའི་རྡོའི་བསྟན་ནི། སྔོན་ཐང་གུར་གྱི་ཧྥ་ལིན་ཞེས་པའི་དད་ལྡན་ཞིག་གིས་དྲང་སྲོང་རྒན་པོ་གོས་དཀར་དང་གོས་ནག་གྱོན་པ་གཉིས་རྡོ་དེའི་སྟེང་དུ་ལྷན་ཅིག་གསུང་གླེང་མཛད་པ་མཐོང་བས་དྲུང་དུ་རྒྱུག་པར་མི་སྣང་བར་གྱུར་ཞེས་གྲགས། དེའི་དྲུང་ན་འཇམ་དཔལ་གྱི་ཆིབས་པ(ཤི་ཙི་ཅུང་)སེང་གེའི་ཞབས་རྗེས་ཅན་གྱི་རྡོ་ཡོད། རིའི་ཤར་ངོས་ན་གླང(ནིའུ་སིན་གི)པོའི་མཆིན་པ་ལྟ་བུའི་རྡོ་བྱིན་ཅན་ཞིག་ཡོད། རིའི་བྱང་ཤར་གྱི་མཚམས་ན(ཝེན་ཤུ་སི་པོ་ཋི)འཇམ་དཔལ་གྱི་ལྷུང་བཟེད་བཀྲུས་པའི་རྫིང་བུ་ཡོད་དེ། སྔོན་བགྲེས་མོ་སྐྲ་དཀར་ཞིག་གིས་རྫིང་བུ་དེར་ལྷུང་བཟེད་བཀྲུས་པ་མིང་པིན་ཞེས་པའི་བཙུན་པ་ཞིག་གིས་མཐོང་སྟེ་ཁྱོད་གང་ནས་འོངས་ཞེས་དྲིས་པར། བགྲེས་མོ་ན་རེ། དབུས་རི་ནས་ཟན་སློང་དུ་འོངས་ཞེས་སྨྲ་མ་ཐག་མི་སྣང་བར་གྱུར་པས་ཚལ་དང་རི་སུལ་ཐམས་ཅད་འོད་ཀྱིས་ཁྱབ་པར་གྱུར་ཞེས་གྲགས། རིའི་བྱང་ཤར་གྱི་མཚམས་ན་སྔོན་སྤྲུལ་པའི་དྲང་སྲོང་ཞིག་འདམ་རྫབ་ཀྱིས་འཚོ་ཞིང་དཀའ་ཐུབ་ཡུན་རིང་དུ་མཛད་པའི་གནས་དྲང་སྲོང(ཉི་ཇའི་ཧྭ་ཤང་ཕི་ཏིང་ཋུ)འདམ་ཟས་ཅན་གྱི་དབེན་གནས་སུ་གྲགས། རིའི་ནུབ་བྱང་མཚམས་ན(ནྱིའོ་མེན)བྱ་སྒོ་དང༌། ནུབ་ཀྱི་ཞོལ་ན(ལུང་ཁུ)ཀླུ་ཕུག་དང༌།ལྷོ་ནུབ་ཀྱི་སུལ་ན(ཤི་མེན)རྡོའི་སྒོ་དང༌། ནུབ་བྱང་གི་མཚམས་ན་གླང་(ལི་ནིའུ་ཀུ)གི་གཤོང་དང༌།ཡང་ནུབ་བྱང་གི་མཚམས་ན་བསམ་གཏན་སྦུགས (ཆན་ཐང་གེའུ)དང༌། ནུབ་ཀྱི་རྒྱང་གྲགས་ལྔ་བཅུའི་ས་ན་མཐོན་པོའི་སྡིངས (ཡེ་གུ)ཞེས་པ་རྣམས་ཡོད་དེ། དེ་དག་ཀྱང་སྐལ་ལྡན་གྱི་སྐྱེ་བོ་མང་པོ་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་དང་གསུང་གི་སྣང་བ་སྩལ་བ་དང༌། རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་ཅན་བསྟན་པའི་གནས་ཤ་སྟག་གོ། །བདུད་སྦས་པའི་རྫ་རི (བྰིམོ་ཡན)ནི། རིའི་ནུབ་ངོས་རྒྱང་གྲགས་བཞི་བཅུ་ན་ཡོད་ལ་སྔོན་བདུད་མོ་ཆོས་བྱེད་པ་ལ་བར་ཆད་བརྩོམས་པ་ཞིག་ཡོད་པ་རྗེ་བཙུན་གྱིས་འདིར་བསྐྲད་ནས་རྫ་རི་ཆེན་པོའི་འོག་ཏུ་མནན། རྫ་རི་དེ་རྗེ་བཙུན་གྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པར་གྲགས། སྔོན་རྗེ་བཙུན་གྱི་སྤྲུལ་པ་བརྟུལ་ཞུགས་སྤྱོད་པའི་གནས་བརྟན་མུ་ཆ་ཞེས་པ་ཞིག་ཀྱང་འདིར་བཞུགས། གནས་འདི་ན་ཀླུ་ཕུག་ཞེས་པ་ཞིག་ཡོད་པ་དེར་དད་ལྡན་རྣམས་ཀྱིས་གསོལ་བ་བཏབ་ན་མཐོང་སྣང་རྣམ་པ་སྣ་ཚོགས་འཆར་བར་བཤད། དེའི་ནུབ་ལོགས་ན(ས་ཏྭ་ལའི)སེམས་དཔའི་བྲག་ཞེས་པ་ཞིག་ཡོད་དེ། སྔོན་ཇིན་གུར་གྱི་དུས་སུ་ཏའི་ཇེའུ་ཞེས་པའི་ས་ཆར་ཝང་ཤི་ཟེར་པའི་བུ་མོ་ཞིག་མནའ་མར་འྭགྲོ་མ་འདོད་པས་བྲོས་ཏེ། འདིར་འོངས་ནས་ཁུར་ཚོད་ཟ་ཞིང༌། བསིལ་བ་བཏུང་ནས་སྡོད་པ་ཕ་མས་རྙེད་ནས་ཁྱེར་གྲབས་བྱས་པས། བུ་མོ་དེ་བྲག་འདིའི་སྟེང་ནས་མཆོངས་པ་སར་མ་ལྷུང་ཞིང་ནམ་མཁར་འཕུར་ཏེ་སོང་བར་གྲགས། དབུས་རི་དང་ནུབ་རི་གཉིས་ཀྱི.བར་ན(ཥྱར་ཤན)སྤོས་ཀྱི་རི་ཞེས་པ་ཞིག་ཡོད།བྱང་རི་ནི། མཐོ་ཚད་རྒྱང་གྲགས་བཞི་བཅུ། རྩེ་མོ་མཉམ་ཞིང་རྩེའི་མཐའ་སྐོར་ལ་རྒྱང་གྲགས་བཞི་ཡོད་ལ་མཚན་ལ(ཐྱེའེ་རྒྱེའུ་ཧྥུང)སྐར་མའི་གཙུག་ལྡན་སྤོ་ཞེས་གྲགས།རི་འདི་ལ་རྗེ་བཙུན་གྱི་བཀའ་སྡོད་ཀླུ་རྒྱལ་འཁོར་བཅས་ཀྱི་བཞུགས་གནས་ཡོད་པས་རྟག་ཏུ་སྤྲིན་དང་ན་བུན་འཁྲིགས་པར་བཤད་ཅིང༌།རི་རྩེ་ནས་ཤར་དུ་རྒྱ་མཚོ་ཆེན་པོ་དང༌། བྱང་དུ་ཆེན་པོ་ཧོར་གྱི་ཡུལ་གྲུ་རྣམས་མཐོང༌། འདི་ལ་བྱིན་རླབས་ཅན་གྱི་གནས་ཉི་ཤུ་རྩ་བདུན་ཡོད། ཀླུ(ཥེ་ལུང་ཋི)བཙན་ནག་པོའི་རྫིང་བུ་ལ། གསེར་གྱི (ཀིན་ཇིང་ཋི)ཁྲོན་པར་ཡང་གྲགས་པ་ནི། ལྷ་ཀླུ་སྡེ་བརྒྱད་ཀྱི་ཕོ་བྲང་ཡིན་ཅིང་ཆར་འབེབས་སོགས་ཀྱི་ལས་ལ་ཤིན་ཏུ་མྱུར། འཇམ་དཔལ་གྱི་ཆོས་ཁྲི་ནི། རིའི་ཤར་ངོས་སུ་ཡོད་ཅིང་གནས་མཇལ་དུ་འོངས་པའི་དད་ལྡན་དུ་མས་གཎྚའི་སྒྲ་དང་འཕགས་པའི་དགེ་འདུན་ཚོགས་པས་ཆོས་ཀྱི་དབྱངས་སྒྲོགས་པའི་སྒྲ་རྟག་པར་ཐོས་པ་ཞིག་ཡོད། (ངྷང་ཡེན་ཧྥུང་)བརྟུལ་ཞུགས་སྤྱོད་པའི་མཆོད་རྟེན་ནི། སྔོན་ཐང་གུར་གྱི་དུས་སུ། ལྷོ་ཕྱོགས་ཕུ་ཀྱིན་གྱི་སར་འཁྲུངས་པའི་ངྷེ་ཡེན་ཞེས་པའི་བཙུན་པ་རྟོགས་པ་མཐོ་ཞིང༌། རྫུ་འཕྲུལ་དང་ལྡན་པ་ཞིག་བྱུང་བ་དེ་མཁར་སིལ་ནམ་མཁའ་ལ་འཇོག་པ་སོགས་ཀྱི་རྫུ་འཕྲུལ་བསྟན་ནས། ཡུལ་གྱི་དམག་འཁྲུགས་ཞི་བར་བྱས་ཏེ། བྱང་རི་འདིར་ཕེབས་ནས། སྤྱིའུ་ཚུགས་སུ་བཞེངས་ནས་འདའ་ཚུལ་བསྟན་པར་སྲིད་མོས་མཆོད་རྟེན་འདི་བཞེངས་པ་ཡིན་འདུག སྡིག་ཅན་གསོན(ཤེང་ཥྱང་ཡུའི)པར་དམྱལ་བར་ལྷུང་བ་ཐར་པའི་གནས་ནི། རིའི་བྱང་གི་ཞོལ་ན་ཡོད་ལ་སུའི་གུར་གྱི་དུས་སུ་ཊད་ཨའི་ཞེས་པའི་ཁྱིམ་པ་ཞིག་གིས་ཀླུ་རྫིང་གི་དོང་ཅོ་བརྐུས་ནས་བྲོས་པར་ཆས་པ་ན་གློ་བུར་དུ་རླུང་ནག་འཚུབ་མས་བདས་ཏེ་དེར་ལྷུང་བ་ན་སྟེང་ནས་གད་པས་མནན། འོག་གཅོང་རོང་ཟབ་མོ་དང་བཅས་པའི་འཁྱགས་རོམ་དུ་ཚུད་ཅིང་སྤྲིན་ནག་གི་མུན་པ་གཏིབས་པས་མཚན་རངས་པོར་སྨྲེ་སྔགས་འདོན་ཅིང་རྗེ་བཙུན་གྱི་མཚན་ནས་བརྗོད་ཅིང་གསོལ་བ་བཏབ་པས་སྐབས་ཞིག་ན་སྤྲིན་གྱི་མཐོང་ཕྱེ་ནས་རི་བོང་དཀར་པོ་ཞིག་གིས་ལམ་སྣ་དྲངས་ནས་ཐར་བར་མཛད་ཅེས་འབྱུང༌། གནས་(ལོ་ཧན་ཐའི)་བརྟན་གྱི་ཁྲི་ནི། རིའི་ཤར་ངོས་ན་ཡོད་ཅིང་ཐང་གུར་གྱི་དུས་སུ་གནས་བརྟན་བཅུ་དྲུག་འདིར་འདུས་ནས་རྫུ་འཕྲུལ་གྱིས་བྱོན་པར་གྲགས། དེའི་ཤར་ལྷོ་བྱང་རི་ཤར་རི་གཉིས་ཀྱི་བར་ན་སྡོང (ཧྲ་ཡན་ལིང་)པོ་བཀོད་པའི་ལ་ཞེས་པ་དང༌། རིའི་ཤར་ལྷོ་ངོས་ཀྱི་རྒྱང་གྲགས་ཉི་ཤུ་ཙམ་ན་བ་གམ་ལྟ་བུའི་སྡིང༌། ཞེས་པ་ཡོད། རྡོ་རྗེའི་ཕུག་ནི (ཀྱན་ཀང་ཞུ)བ་གམ་ལྟ་བུའི་སྡིངས་ཀྱི་ཤར་ངོས་ཀྱི་རིའི་ལྡིངས་ན་ཡོད། སངས་རྒྱས་སྲས་དང་བཅས་པའི་གསང་བའི་དཀྱིལ་འཁོར་ཡིན་ལ།སྔོན་གྱི་ཡིག་རྙིང་དུ། རྒྱལ་བ་རྣམས་ལ་མཆོད་པའི་ཡོ་བྱད་ལེའུ་ཀྭན་ཀུ་འཇིག་རྟེན་གསུམ་ན་གནས་པའི་གྲུབ་པའོ་རྫས་རྣམས་མ་ཚང་བ་མེད་པར་གཏེར་དུ་བཞུགས་པ་དང༌། སངས་རྒྱས་འོད་སྲུང་གི་དུས་སུ་ལངྐའི་ཡུལ་གྱི་སྲིན་པོའི་རྒྱལ་པོས་རོལ་མོའི་ཆ་བྱད་དང༌། གསེར་དངུལ་གྱི་གླེགས་བུ་ལ་བྲིས་པའི་སྡེ་སྣོད་གསུམ་སོགས་མདོ་རྒྱུད་གྱི་གླེགས་བམ་དུ་མ་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་གྲུབ་པའི་སྐྱེ་བོ་རྣམས་ཀྱིས་འདིར་གཏེར་དུ་བཅུག་པར་བཤད་ལ། གྲུབ་ཐོབ་ཆེན་པོ་སངས་རྒྱས་བསྐྱངས་ཀྱང་ཕུག་པ་འདིར་ཞུགས་ནས་རིག་འཛིན་བརྙེས་ཏེ་ཐུན་མོང་གི་སྣང་ངོར་ཕྱིར་མ་འཐོན་པར་བཤད་དོ། །དེ་དང་ཉེ་བ་ན་འོ(པེ་ཤུའི་ཋི)མའི་རྫིང་བུ་ཡོད་དེ། དད་ལྡན་རྣམས་ཀྱིས་མིག་འཁྲུད་པ་སོགས་བྱས་ན་ཕན་པར་བཤད་དོ། །ཨུ་ལང་ཞེས་པའི་སློབ་དཔོན་གྱི་བསྟི་གནས་ནི། བ་གམ་ལྟ་བུའི་སྡིངས་ཀྱི་ནུབ་ཕྱོགས་ན་ཡོད་ལ་སྔོན་སུང་གུར་གྱི་ཡང་ཡེའི་སྲས་ལྔ་པ་ལྔ་པ་རབ་ཏུ་བྱུང་བའི་གནས་སོ། །(ཡུའི་ཚྭན)ཡང་ཊིའི་ཆུ་མིག་ནི། ཨུ་ཅོ་ཞེས་པའི་དད་ལྡན་གྱིས་རྗེ་བཙུན་གྱི་སྤྲུལ་པའི་ཁྱེའུས་གླང་ལ་ཆུ་ལྡུད་པའི་ས་ཡིན་ནོ། །མཉེན་ལྡེམ(ཙེ་ཥྱ་གུ)གཤོང་ནི་ད་ལྟ(བེའི་བྲའི་ཀེའུ)བྱང་རི་སྦུགས་སུ་གྲགས་པ་སྟེ་གནས་ཆེན་འདི་སྦས་ལུང་བཟང་པོ་ཞིག་ཡིན་ལ་བསམ་གཏན་པ་རྣམས་ཏིང་ངེ་འཛིན་ལ་རོལ་པའི་གནས་སོ ། །

    ཀླུ་སྒོ(ལུང་མེན)ནི། རིའི་མདུན་ཞོལ་ན་ཡོད་འདིའི་མདུན་ན་སྤྲིན(ལིའུ་ཡུན་ཤི)འབྱུང་བའི་རྡོ་དང༌། རྒྱབ་ན་སྤྲིན(ཙང་ཡུན་ཀུ)གྱི་ཕུགས་བྱ་བ་ཡོད་ཅིང་འདི་ལས་སྤྲིན་འབྱུང་ན་ཆར་པ་འབེབས་པར་སྣང༌། སྔོན་གནས(ཁོ་ཞུན་མན)མཐུན་ཞེས་པའི་དམ་པ་ཞིག་གིས་རང་གི་ལྕེ་ལས་བཏོན་པའི་ཁྲག་གིས་མདོ་སྡེ་ཕལ་པོ་ཆེ་བཞེངས་པའི་གནས་ཀྱང་འདི་ཡིན་པར་སྣང༌། དེ་དང་འདབས་ཆཊ་པ་ན་ཆུ་མིག(ཀིན་ཤ་ཆྱྭན)གསེར་བྱ་ཅན་བྱ་བ་དང༌། རིའི་བྱང་གི་ཞོལ་ན(ཤྱན་ཞིན་ཨན)དྲང་སྲོང་གི་བསྟི་གནས་བྱ་བ་་ཡོད། རིའི་བྱང་ཕྱོགས་རྒྱང་གྲགས་བདུན་གྱི་མཐའ་ན་ལྷ་མོ་དགུའི་ཁྲུས (ཀྱིའུ་ནའུའི་ཆྱྭན)རྫིང་བྱ་བ་ཡོད་དེ། སྔོན་གྱི་དུས་སུ་སྤྲུལ་པའི་ལྷ་མོ་དགུ་འདིར་ཡང་ཡང་འབབས་ཏེ་བརྐྱལ་ཞིང་ཁྲུས་བྱེད་པ་ཀུན་གྱིས་མཐོང་བར་སྣང༌། རིའི་ནུབ་བྱང་ཕྱོགས་ན་དགེ་སློང་ལྔ་བརྒྱའི་སྦས(ཚང་ཇེད་གུ)ལུང་བྱ་བ་ཡོད་དེ་སྔོན་གྱི་དུས་སུ་འཕཊ་ཡུལ་གྱི་བཙུན་པ་ལྔ་བརྒྱ་གནས་འདིར་སྦས་པའི་ཚུལ་གྱིས་བསམ་གཏན་སྒོམ་ནས་གྲུབ་པ་ཐོབ་སྐད།རྩེ(ངྷ་ཧྭོང་ཇྱན)མོ་ཆེན་པོ་ཞེས་བྱ་བ་ནི།རིའི་བྱང་ཕྱོཊ་ན་ཡོད་ཅིང་བྱང་རི་རྙིང་པར་གྲགས།མཁར(ཇོ་ཤི་ཆྱྭན)བསིལ་བཙུགས་པའི་ཆུ་མིག་ནི། དབེན (ལན་ཞེ་ཟི)པའི་གླིང་ཞེས་པའི་ལྷ་ཁང་ན་ཡོད་ཐང་གུར་གྱི་ཐོག་མའི་སྐབས་སུ(ཏོའུ་ཥྱན)དྲང་སྲོང་ལམ་པ་ཞེས་པའི་ཧྭ་ཤང་ཞིག་གིས་རྩྭའི་སྤྱིལ་བུ་བཟུང་སྟེ་སྦས་པའི་བརྟུལ་ཞུགས་ཀྱིས་སྒྲུབ་པ་མཛད་པ་ན་རྒྱུན་ཏུ་ཆུ་ལེན་པ་ལ་ངལ་ཞིང་ཡོད་སྐབས་སྤྲུལ་པའི་དགེ་སློང་ཀུན་ཏུ་རྒྱུ་ཞིག་བྱུང་ནས་ལུས་འཁྲུ་བས་ཆུ་ལོང་ཞིག་གསུང་བས་དྲང(ཏོའུ་ཆྱན)སྲོང་ལམ་པས་ཚེགས་ལ་མ་རྩེགས་པར་ཆུ་བླངས་ཏེ་འོངས། དེའི་ཕྱིས་ཉིན་ཡང་གོས་འཁྲུ་བའི་ཆུ་ལོང་ཞིག་གསུང་བས་ཆུ་སྣོད་བཟུང་ནས་ཆུ་ལེན་པར་ཕྱིན་པས་ཆུ་སྣོད་ཆག ཡང་ཆུ་སྣོད་གཞན་བླངས་ཏེ་ཚེགས་ལ་མ་ལྟོས་པར་ཆུ་བླངས་ཏེ་འོངས་པས། སྤྲུལ་པའི་དགེ་སློང་ན་རེ། ཁྱོད་ངེས་པར་དྲང་པོ་ཞིག་འདུག་གསུང་ནས་མཁར་བསིལ་སྤྱིལ་བུའི་མདུན་དུ་བཙུཊ་ཏེ། (ཏོ་རྩེ་རྒྱན)དྲང་སྲོང་ལམ་པ་ལ་མཁར་བསིལ་ཕྱུང་ཞིག་གསུང་བ་ལྟར་བྱས་པས་ཤུལ་ནས་ཆུ་མིག་རོ་ཞིམ་པོ་ཞིག་ཐོན། སྤྲུལ་པའི་དགེ་སློང་གིས་མཁར་བསིལ་བླངས་ཏེ་སེ་གོལ་གཏོག་ཞིང་ནམ་མཁར་འཕུར་ཏེ་སོང་སྐད། འདི་ན་སྔར་བཤད་པའི་སྤྲུལ་པའི་དགེ་སློང་སྙེགས་པའི་རྒྱལ་པོའི་རྗེས་སུ་འབྲངས་པའི(ལན་ཤན)རི་བླུན་པོ་ཞེས་པའང་ཡོད། རིའི་ལྷོ་ནུབ་མཚམས་ཀྱི་རྒྱང་གྲགས་བཞི་བཅུའི་མཚམས་ན(ཝེན་སེའུ་ཤན)ཐོས་པའི་འཛིན་པའི་རི་ཞེས་བྱ་བ་དང༌། བྱང་ཕྱོགས་རྒྱང་གྲགས་བཞི་བཅུའི་མཚམས་ན་རིན་པོ(པའུ་ཐ་ཤན)ཆེའི་རི་བྱ་བ་དང༌། ཤར་ཕྱོགས་རྒྱང་གྲགས་བདུན་ཅུའི་མཚམས་ན(ཆིན་ཁི་ཤན)རོལ་རྩེད་རི་བྱ་བ་ཡོད། ཕྱི་མ་འདི་ན་ཆུ་མགོ་མིག་གསུམ(ཕིན་ཙི་ཆྱྭན)པ་བྱ་བ་ཡོད་ཅིང་འདི་ལས་ཧོ་ཐོ་ཞེས་པའི་ཆུ་ཀླུང་ཆེན་པོ་འབྱུང་ངོ་། །དབུས་རི་ནི་མཐོ་ཚད་རྒྱང་གྲགས་སོ་བརྒྱད་དུ་ཡོད་ཅིང་རྩེ་མོ་སྙོམ་ལ་རྩེའི་མཐའ་བསྐོར་དུ་རྒྱང་གྲགས་ལྔ་ཡོད་མཚར་སྡུག (ཚུད་ཡན་ཧྥུང་)ལྷུན་པོའི་སྤོ་ཞེས་གྲགས།འདི་ལ་བྱིན་རླབས་ཅན་གྱི་གནས་ཉེར་བརྒྱད་ཡོད་པ་ལས།བྱ(ལིང་ཇིའུ་ཧྥུང་)རྒོད་ཕུང་པོའི་རི་ནི། རི་འདིའི་པང་ན་ཡོད་ཅིང་སྔར་དགྲ་བཅོམ་པ་མ་ཏང་ཀི་པས་རྒྱ་གར་གྱི་བྱ་རྒོད་ཕུང་པོའི་རི་དང་མཚུངས་པར་གསུངས་པ་དེ་ཡིན་ལ་ད་ལྟ་བྱང་ཆུབ(ཕུ་ས་ཏིང་)སེམས་དཔའི་སྤོར་གྲགས།འདིའི་ནུབ་ངོས་ན(ཀན་ཏུ་ཆྱྭན)བདུད་རྩི་ཆུ་ཀླུང་ཞེས་བྱ་བ་ཡོད།འདིའི་མདུན་ན་ཡོད་པའི(ངྷ་པོའུ་ཐ)ནོར་བུ་ཆེན་པོའི་མཆོད་རྟེན་ནི། གནས་ཆེན་འདིའི་ལྟེ་བ་ཡིན་ཞིང་དགྲ་བཅོམ་པ་མ་ཏང་ཀི་པས་ལྷའི་མིག་གི་མངོན་ཤེས་ཀྱིས་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་དེ་བཞིན་གཤེགས་པའི་རིང་བསྲེལ་ཅན་གྱི་མཆོད་རྟེན་དུ་གཟིགས་ཏེ་ངོས་བཟུང་བ་དེ་ཡིན། ཧན་གུར་གྱི་དུས་ནས་བཟུང་སྟེ་ད་ལྟའི་བར་གྱི་རྒྱལ་རབས་མཐའ་དག་གིས་ཉམས་གསོས་དང་ཕུ་དད་མཛད། ད་ལྟ་ཡང་འོད་ཟེར་དགུང་ལ་རེག་པར་སྤྲོ་བ་དད་ལྡན་རྣམས་ལ་མངོན་སུམ་དུ་གྱུར་ཞིང་དྭངས་བསིལ་རི་བོའི་གནས་ཀྱི་ཡང་རྩེར་བསྔགས་པ་ལགས་སོ། །

    མཆོད་རྟེན་འདིའི་ནུབ་ངོས་ན་ཐུབ་པའི་ཞབས་རྗེས་ཀྱི་རྡོ་ཡོད་དེ། སྔོན་བཅོམ་ལྡན་འདས་མྱ་ངན་ལས་འདའ་ཁར་རྩྭ་མཆོག་གྲོང་དུ་གཤེགས་པར་ཉེ་བ་ན་རྡོའི་སྟེང་དུ་ཞབས་རྗེས་བཞག་ནས་མ་འོངས་པ་ན་འདི་ལ་བསྙེན་བཀུར་བྱེད་པ་རྣམས་ཀྱི་ལས་སྒྲིབ་དག་ནས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ་ཞེས་ལུང་བསྟན། ཞབས་རྗེས་དེ་ཡང་མཐིལ་དུ་རྩིབས་སྟོང་བཀྲ་ཞིང་སོར་མོ་རྣམས་ལ་བཀྲ་ཤིས་པའི་རྟགས་ཀྱིས་མཚན་པ་སྲིད་དུ་ཚོན་བཅུ་དྲུག་དང་ཞེང་དུ་ཚོན་དྲུག་ཡོད་ལ་མ་ག་ངྷ་པ་རྣམས་ཀྱི་མཆོད་པའི་རྟེན་དུ་བཞུགས་སོ། །ཐང་གུར་གྱི་དུས་སུ་རྨད་བྱུང་གཟི་བརྗིད་ཅན་ཞེས་པ་རྒྱ་གར་དུ་ཕྱིན་ཏེ་མཁས་པར་སྦྱངས་པས་རྡོ་རྗེ་གདན་གྱི་མཁན་པོ་མཛད་པ་དེས་འདྲ་རིས་བླངས་ཏེ་རྒྱལ་པོ་ལ་ཕུལ་བ་ཙི་ནའི་རྒྱལ་རབས་ཀུན་གྱི་མཆོད་གནས་སུ་གྱུར། མིང་གུར་གྱི་དུས་སུ་མཁས (མིང་ཆིད)གྲུབ་བསམ་འཕེལ་ཞེས་པའི་ཧྭ་ཤང་ཤྱྭན་ཇྱྭང་ཧཱ་ཐྭི་གཉིས་ཀྱིས་དགེ་བསྐུལ་གྱིས་ནོར་བསྒྲུབ་ཏེ་ཞབས་རྗེས་དེ་ཉིད་རྡོ་ལ་བརྐོས་ཏེ་རི་བོ་དྭངས་བསིལ་གྱི་གནས་འདིར་གུས་ལྡན་བསོད་ནམས་གསོག་བའི་ཞིང་ས་དམ་པར་བཞུགས་སུ་གསོལ་བ་ཡིན་ནོ། །

    འཇམ་དཔལ་གྱི(ཝེན་ཤུ་ཧྥ་ཐ)དབུ་སྐྲའི་མཆོད་རྟེན་ནི། མཆོད་རྟེན་ཆེན་པོའི་ཤར་ཕྱོགས་སུ་ཡོད་ལ་སྔོན་གྱི་དུས་སུ་རྗེ་བཙུན་དབུལ་མོའི་རྣམ་པར་སྤྲུལ་པའི་དབུ་སྐྲའི་མཆོད་རྟེན་ཡིན་ལ། དུས་ཕྱིས་མིང་གུར་གྱི་དུས་སུ་ཉམས་གསོས་གྱི་སྐབས་ཕྱེ་ནས་བལྟས་པས་དབུ་སྐྲའི་མདངས་མ་ཉམས་པར་གསེར་འོད་འཕྲོ་བར་སྣང་ཞེས་འབྱུང་ངོ༌། །

    ཤེར(པོ་ཞ་ཆྱྭན)ཕྱིན་གྱི་ཆུ་མིག་ནི། མཆོད་རྟེན་ཆེན་པའི་ཤར་ངོས་སུ་ཡོད། ཐང་གུར་གྱི་ཧྭ་ཤང་ཤེས་རབ་སྦས་པ་ཞེས་པའི་དམ་པ་ཞིག་གིས་འདིར་ལྷ་ཁང་བཞེངས་ཏེ་རྡོ་རྗེ་གཅོད་པ་རྒྱུན་འདོན་དུ་མཛད་ཏེ་བྱིན་གྱིས་རླབས་པས་ཆུ་མིག་འདི་བརྡོལ་བ་ལས་འདི་ལྟར་གྲགས། མེ(ཐ་ཧྭ་ཡོན)ཏོག་སྣ་ཚོགས་ཀྱི་ཚལ་ནི། མཆོད་རྟེན་ཆེན་པོའི་མདུན་ངོས་སུ་ཡོད་ཐང་གུར་གྱི་དུས་སུ་བྱོང་སྡོམ་འབོགས་པའི་གཙང་ཁང་བཞེངས་པའི་ས་ཡིན། རིའི་ཤར་ལྷོའི་མཚམས་སུ་ཀ(ཧྥུང་ལིན་གུ)ལ་བིང་གའི་ལུང་པ་དང༌།དེའི་རྒྱབ་གྱི་ལར་རྒྱ(ཤི་ཆུང་ཏུང)ཡར་ཕུག་པ་ཡོད། རྒྱ་གར་དྲང་སྲོང་(ཕྲན་ཤྱན་ཤན)གི་རི་ནི། རི་འི་ཤར་ངོས་རྒྱང་གྲགས་སུམ་ཅུའི་མཚམས་ན་ཡོད། སྔོན་དྲང་སྲོང་ལྔ་བརྒྱས་འདིར་མེ་ཏོག་ཨུཏྤ་ལའི་བཅུད་ལེན་བྱས་ཏེ་གྲུབ་པ་ཐོབ་སྐད།འདིའི་ནུབ་ཕྱོགས་ན (དིང་གེའུ)ཁྲོན་བུའི་གཤོང་དང༌། དེའི་ལྷོ་ཕྱོགས་ན་རྒྱ་ཤུག(ཡང་བེ་ཡུའི)གི་ཚལ་དང༌། རིའི་ལྷོ་ཕྱོགས་ན་འབྲུག (ཀྱིའུ་ལུང་ཀང་)དགུའི་སྒང་ཡོད།འདི་ན་ཡོད་པའི་ལིང་གུང་(ལིང་གུང་ཐ)མཆོད་རྟེན་ནི་སུང་གུར་གྱི་དམག་དཔོན་དད་པ་ཅན་ཞིག་གི་མཆོད་རྟེན་ཡིན་པར་གྲགས།སྨྱུག་ཚལ་གྱི(ཇུ་ལིན་ཤེ་ལི་ཐ)རིང་བསྲེལ་མཆོད་རྟེན་ནི། རིའི་ལྷོ་ཕྱོགས་ཀྱི་སྨྱུག་ཚལ་གླིང་གི་མདུན་ན་ཡོད་ལ་མིང་གུར་གྱི་ཞིང་པ་རྒན་པོ་ཞིག་གིས་རྡོ་སྒྲོམ་དུ་སྦས་པའི་དངུལ་གྱི་ཟ་མ་ཏོག་ཞིག་རྙེད་པ་ཕྱེ་བས་བཻ་ཌྰུརྱའི་བུམ་པར་འོད་འཚེར་བའི་རིང་བསྲེལ་རྒྱ་ཕྲག་དུ་མ་བཅུག་པ་དང་ཁ་བྱང་ལ་བཙུན་པ་སྤྲིན་གྱི་མེས་པོའི་ཐུགས་དམ་རྟེན་ཡིན་ཞེས་བཏབ་འདུག་པ་མཐོང༌། ཕྱིས་ཁྱིམ་བདག་དང་བཙུན་པ་དད་ལྡན་རྣམས་ཀྱིས་མཆོད་རྟེན་དུ་བྱས་པར་གྲགས། སྨྱུག(ཇུ་ལིན་ཤིའོ་ཥྱང་)ཚལ་གྱི་སྐུ་གཟུགས་ཆུང་བ་ནི།དེ་བཞིན་གཤེགས་པའི་སྐུ་བརྙན་ཁྲི་དང་བཅས་པ་ཁྱད་མཚར་བྱིན་རླབས་ཀྱི་གཟི་འོད་འབར་བ་ཞིག་ཡོད། རིའི་ལྷོ་ཕྱོགས་རྒྱང་གྲགས་བཞི་བཅུ་ན་དྭངས (ཆིང་ལྱོང་གུ)བསིལ་གྱི་ལུང་པ་ཡོད་ལ། དེའི་ཕུགས་ན་དྭངས་བསིལ་རྙིང་པར (གུ་ཆིང་ཁྱི)གྲགས་པ། ཕ་ཇུའི་ཞེས་པའི་ཧྭ་ཤང་གིས་བཞེངས་པའི་ལྷ་ཁང་ཡོད།དྭངས་(ཆིང་ལྱོང་ཤི)བསིལ་གྱི་རྡོ་ནི། དེའི་ནུབ་ངོས་ཀྱི་འདབས་ན་ཡོད་ཅིང་རྡོའི་དཔངས་སུ་ཚོན་དྲུག་ཅུ་རེ་ལྔ་དང༌། མཐའ་སྐོར་ལ་འདོམས་དགུ་དང་ཚོན་ཉི་ཤུ་ཡོད་པ་མཉམ་གྲུ་བཞི་པ་འཁྱིལ་པ་རང་བྱུང་དུ་དོད་པ་སྟེང་དུ་མི་ཇི་ཙམ་ཚོགས་ཀྱང་མི་ཤོང་བ་མེད་པ་ཞིག་ཡིན། སྔོན་སྤྲུལ་པའི་བཙུན་པ་ཞིག་རྡོ་འདིའི་སྟེང་དུ་སྐྱིལ་དཀྲུང་བྱས་ཏེ་སྐྱེ་བོ་མང་པོ་ལ་ཆོས་འཆད་པའི་སྒྲ་དབྱངས་སྙན་ཅིང་གསལ་བ་བཞིན་དང་ཆ་བྱད་འཇིགས་སུ་རུང་བ་དྲུང་དུ་སླེབ་ན་མི་སྣང་བར་གྱུར་པ་ཞིག་བྱུང་བར་གྲགས།གཏམ་རྒྱུད་རྙིང་པར་རྡོ་འདི་ཀླུའི་རྒྱལ་པོས་རྗེ་བཙུན་གྱི་བཞུགས་ཁྲིར་ཕུལ་བ་ཡིན་བྱུང༌། འདིའི་བྱང་ངོས་ན་དྭངས(ཆིང་པྱོང་ཋ)བསིལ་གྱི་ཁྲོན་པ་དང༌། ཡང་མི་རིང་བ་ན་དགྲ(ལོ་ཧན་ཏུང་)བཅོམ་ཕུག་དང༌། རིའི་མདུན་ངོས་ཀྱི་ཆུ་ཕྲན་ལ་དྭངས(ཆིང་ལྱོང་ཁྱོའུ)བསིལ་ཟམ་པ་ཡོད།ལོ(ཝན་ཉྱིན་པིང་)ཁྲིའི་ཁྱགས་རོམ་ནི། རིའི་ཤར་གྱི་ཞོལ་ན་ཡོད་ཅིང་དབྱར་གཞུང་ལ་ཡང་མི་འཇུ་བའི་འཁྱགས་རོམ་རྔམས་སུ་གཞུ་འདོམས་དུ་མ་ཡོད་པ་དེའི་སྲུབས་ལས་སྐྱེས་པའི་འབྲས་བུ་ཅན་གྱི་ཤིང་རྣམས་དབྱར་དུས་མེ་ཏོག་ཁ་འབུས་ཤིང་འབྲས་བུ་འཆག་པའི་ངོ་མཚར་བ་ཡོད།རིའི་ཤརལྷོའི་རྒྱང་གྲགས་གསུམ་ན་བསིལ (ཁན་ཤན་ཤི)རིའི་རྡོ་ཞེས་བྱ་བ་ཡོད།པད (ཡུའི་ཧྭ་ཐི)དཀར་རྫིང་བུ་ནི། རིའི་ཤར་ལྷོའི་ལྡེབས་ན་ཡོད། སྔོན་དགྲ་བཅོམ་པ་ལྔ་བརྒྱས་དབྱར་གནས་མཛད་པའི་གནས་ཡིན་ལ་ད་ལྟ་འདིར་དགྲ་བཅོམ་ལྔ་བརྒྱའི་སྐུ་བརྙན་བྱིན་རླབས་ཤིན་ཏུ་ཆེ་བའི་ཡ་མཚན་ཅན་གྱི་ལོ་རྒྱུས་ཟུར་ཏུ་ལྟ་བར་བྱའོ། །འདིའི་རྫིང་བུར་པདྨ་དཀར་པོ་ཡང་ཊིའི་པདྨ་ལྟ་བུ་མང་དུ་ཕྱེ་བའི་སར་སྔོན་གྱི་བློན་པོ་ཞིག་གིས་རྡོའི་མཚན་མ་བྱས་སོ། །

    རིའི་ནུབ་བྱང་ན་ཀ(ཁྱེ་ལན་གེའུ)ལནྟ་ཀའི་སྦུགས་བྱ་བ་ཡོད།འཕགས (ལན་ཤེད་ཐོའུ་ཡུའི་ཋི)པའི་ཚོགས་ཀྱི་ཁྲུས་རྫིང་ནི། དབུས་རི་དང་བྱང་རིའི་མཚམས་ན་ཡོད་ཅིང་སྔོན་ཆུ་མིག་གཙང་ཞིང་ཡིད་འཕྲོག་པ་ཞིག་ཡོད་སྐད། དེར་གནས་མཇལ་བ་རྣམས་ཀྱིས་སྤྲིན་དང་འཇའ་འོད་ཀྱི་ནང་དུ་འཕགས་པའི་སྐུ་དང་མཁར་བསིལ་མེ་ཏོག་སོགས་ཀྱི་གཟུགས་བརྙན་མང་པོ་མཐོང་བ་ཡང་ཡང་བྱུང་བར་གྲགས་ཤིང་གཏམ་རྒྱུད་རྙིང་པ་ལས་རྗེ་བཙུན་གྱི་སྐུ་ཁྲུས་མཛད་པའི་རྫིང་བུར་བཤད། ཕྱིས་སུ་བླ་གབ་བཟུང་བ་ལ་བརྟེན་ནས་མཐོང་སྣང་ཉུང་དུ་སོང་ཟེར།མེ(ཐའི་ཧྭ་ཋི)ཏོག་མཆོག་གི་རྫིང་བུ་ནི། རི་རྩེའི་ནུབ་བྱང་ན་ཡོད་ཅིང་མཇལ་མཁན་སོ་སོ་ལ་རྒྱ་གཏིང་གི་ཚད་མཐོང་སྣང་མི་འདྲ་བ་དང་ཤིན་ཏུ་དྭངས་པས་སྤུའི་ཉག་མ་ཚུན་ཆད་ཀྱང་གསལ་བར་མཐོང་བ་ཡོད། རིའི་ལྷོ་ནུབ་མཚམས་ཀྱི་འོད་ཟེར(ཁྱི་ཀྭང་ཐ)སྩོལ་བའི་མཆོད་རྟེན་ནི།མིང་གུར་གྱི་སློབ་དཔོན་ཆེན་པོ་ཞིག་དང་བློན་ཆེན་གཉིས་ཀྱིས་རྗེ་བཙུན་གྱི་ཐུགས་རྗེ་བསྐུལ་བའི་ཚེ་སྣང་བ་ཁྱད་པར་ཅན་སྩལ་བའི་གནས་སུ་མཆོད་རྟེན་འདི་བཞེངས་སྐད། དབུས(ཐའི་ཇུད་ཤེ་ལི་ཐ)རིའི་རིང་བསྲེལ་མཆོད་རྟེན་ནི།ཐང་གུར་གྱི་གྲུབ་པ་བརྙེས་པའི་སློབ་དཔོན་ལན་གུ་ཧྥ་ཤི་ཞེས་པ་ཞིག་གིས་འཕགས་ཡུལ་གྱི་གྲུབ་ཐོབ་ཞིག་ལས་རིང་བསྲེལ་བསླངས་ཏེ་ལྕགས་ཀྱི་མཆོད་རྟེན་གྱི་ནང་དུ་བཅུག་ནས་དེའི་ཕྱིར་རྡོའི་མཆོད་རྟེན་ཆེན་པོ་བཞེངས་པར་འདུག ཕྱིས་མིང་གུར་གྱི་དུས་སུ་མཆོད་རྟེན་དེ་གཡོ་ཞིང་འགྱེལ་ལ་ཁད་པ་ན་གློ་བུར་དུ་ནམ་མཁར་སྤྲིན་འདུས་ཏེ་ཆར་འབེབས་ཤིང་འབྲུག་སྒྲ་དྲག་པོ་བསྒྲགས་པས་ཆེམ་ཆེམ་གཡོས་པ་ན་མཆོད་རྟེན་སྔ་མཁོ་བཞིན་བསྲོང་བར་གྱུར་ཏོ། །

    སེང་གེའི་ཁྱིམ་ནི། རིའི་ལྷོ་ནུབ་མཚམས་ཀྱི་ལ་སྒང་དུ་ཡོད་ལ་སྔོན་དད་ལྡན་རྣམས་ཀྱིས་གནས་དེར་སེང་གེ་མང་པོ་འཕྱོ་བ་མཐོང་ལ་ཕྱིས་མིང་གུར་གྱི་སློབ་དཔོན་ཆེན་པོ་ཤེས་རབ(ཊི་ཀྭང་)འོད་ཟེར་དང་(ཊིང་ལི་)གཙང་མའི་མཐུ་ཅན་གཉིས་ཀྱིས་དགོན་པ་བཞེངས་ནས་ཕྱོགས་བཞིའི་དགེ་འདུན་གློ་བུར་དུ་ལྷགས་པ་རྣམས་ཀྱི་བསྟི་གནས་སུ་བྱས་སོ། །

    དེ་ལྟར་གོང་གསལ་དཀར་ཆག་རྙིང་པ་ན་བྱིན་རླབས་ཅན་གྱི་གནས་ལྷོ་རིར་ཉེར་གཅིག ཤར་རིར་བཅུ་བཞི། ནུབ་རིར་བཅུ་བདུན། བྱང་རིར་ཉེར་བདུན། དབུས་རིར་ཉེར་བརྒྱད་དེ་བསྡོམས་པས་བརྒྱ་དང་བདུན་ཡོད་པར་བཤད་ཀྱང་དེ་ལས་དེང་སང་འགའ་ཞིག་རྙིང་གོགས་ཀྱིས་མི་མངོན་པར་སོང་བའང་ཡོད་ལ། ཡང་ཕྱིས་སུ་སྐྱེས་ཆེན་དམ་པ་དང་དད་ལྡན་གྱི་སྐྱེས་བུ་རྣམས་ལ་རྗེ་བཙུན་གྱིས་སྐུ་དང་གསུང་གི་སྣང་བ་སྩལ་བའི་གནས་རྣམས་སུ་རྒྱལ་བློན་བཙུན་པ་ཁྱིམ་བདག་དུ་མས་གསར་དུ་བཞེངས་པའི་མཆོད་རྟེན་དང་གཙུག་ལག་ཁང་ཀྱང་མང་དུ་མཆིས་སོ། །རྩེ་ལྔ་པ་དཔལ་ལྡན་གྲགས་པས། དབུས་རི་སེང་གེ་འགྱིང་བ་འདྲ་བ་རྣམ་སྣང་གི་ཞིང་བྱང་ཆུབ་མཆོད་རྟེན་གྱི་དབྱིབས་ཅན་དང༌། ཤར་རི་གླང་ཆེན་བསྙེམས་པ་འདྲ་བ་མི་བསྐྱོད་པའི་ཞིང་བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་དབྱིབས་ཅན་དང༌། ལྷོ་རི་རྟ་མཆོག་ཉལ་བ་འདྲ་བ་རིན་བྱུང་གི་ཞིང་ཆོ་འཕྲུལ་མཆོད་རྟེན་གྱི་དབྱིབས་ཅན་དང༌། ནུབ་རི་རྨ་བྱ་གར་བྱེད་པ་འདྲ་བ་འོད་དཔག་མེད་ཀྱི་ཞིང་མྱང་འདས་མཆོད་རྟེན་གྱི་དབྱིབས་ཅན་དང༌། བྱང་རི་ཤང་ཤང་བསྣོལ་བ་འདྲ་བ་དོན་གྲུབ་ཀྱི་ཞིང་ལྷ་བབས་མཆོད་རྟེན་གྱི་དབྱིབས་ཅན་དུ་གསུང་བ་ཡང་དམ་པ་སྔ་མའི་གསུང་རྒྱུན་ལ་བརྟེན་པ་གོར་མ་ཆག་ཞིང་འདི་ལ་དཔག་ནས་གནས་རྣམས་སུ་རིགས་སོ་སོ་ལ་བརྟེན་པའི་སྒྲུབ་པ་དང་ལས་བྱེད་པའི་མྱུར་ཁྱད་ཐ་དད་པ་ཡང་ཡོང་བར་མངོན་ནོ ། །

    གཞན་ཡང་དཀར་ཆག་རྙིང་བ་ལས། རྩེ་ལྔའི་མཐའ་བསྐོར་ན་ཉེ་བའི་གནས་སྤང་རི་བཞི་ཡོད་པར་བཤད་དེ། ཤར་ན་རྩེ(ཆིང་ཧྥུང་ཁྱུའི)མོ་སྔོན་པོའི་སྤང་རི། ལྷོ་ན(ཇུ་མིང་ཁྱུའི)རབ་གསལ་སྤང་རི།ནུབ་ན་བཞད་ཚལ(ཁོ་ལིན་ཁྱུའི)གྱི་སྤང་རི། བྱང་ན(ཤྭན་མིང་ཁྱུའི)བསིལ་གྲིབ་ཆེན་པོའི་སྤང་རི་སྟེ་བཞི་པོ་འདི་ཡང་གླེང་གཞི་ངོ་མཚར་ཅན་དང་ལྡན་པར་བཤད་དོ། །

    གཞན་ཡང་གནས་ཆེན་འདི་ན། འཇམ་དབྱངས་མེ་ཏོག(ཀྱིན་པུ་ཞུང་)གསེར་ཆེན་ཁྱད་པར་ཅན་དང༌། རྩྭ་དོན(ལིང་ཊི)ཡོད་ལྕགས་ཀྱུ་ཞེས་པའི་རྩྭའི་རིགས་གཉིས་ཡོད་དེ་མི་ཕལ་པས་མཐོང་དཀའ་ཞིང་གལ་ཏེ་རྙེད་ནས་ཟོས་ན་སྐྱེ་བ་དྲན་ཞིང་འཇའ་ལུས་འཐོབ་པར་བཤད་པས་ད་ལྟ་རི་བོ་རྩེ་ལྔའི་མེ་ཏོག་གསེར་ཆེན་དང༌། སྤང་ཤ་མོ་གཉིས་འབད་པས་ཚོལ་བ་ཡང་འདི་ལ་བརྟེན་པ་ཡིན་ནོ། །ཡང་མེ་ཏོག་གསེར་ཆེན་དང༌། ཉི(ཞེ་ཀྱུའི)འབུས་དང༌། (པེ་ཊི)ཤུག་སྤོས་དང༌། (གུའི་ཀྱིན་ཆེའུ)འདྲེ་འཇིགས། (པོ་ནང)ལྷུང་བཟེད་ཀྱི་ཤུགས་འདྲ་བའི་མེ(ཁོ་བོའུ)ཏོག་ཁུག་མ། (ཏཱ་ཀྱི)བཀྲ་ཤིས་གྱི་མེ་ཏོག ལྷའི་མེ་ཏོག (ཐྱིན་ཧྭ)ཞེས་པའི་མེ་ཏོག་གི་རིགས་དང༌། མེམ་ཏེང༌། བྱ་རྐང༌། འཇམ་དཔལ་གྱི་དབུ་ལོར་གྲགས་པའི(ཕུ་ས་ཤྱན)སེམས་དཔའི་སྲད་བུ། བྱ(རྐྱི་ཟུ)རྐང་ཞེས་པའི་རྩྭ་ཁྱད་པར་ཅན་གསུམ་དང༌། ཕུ་ལིང༌། ཆང་སྲུང༌། དཔའ་བོ(ཧྭང་ཆི)སེར་པོ། ཧྭང་ཇིང༌། མྱང་རྩི་སྤྲས(ཧྭང་ལྱིན) །(མུ་ཀྭོ)བིལ་བ། འཁན་པའི་རིགས་ཡེན་ཆེན་ཁོའུ། (ཏཱའི་ཧྭར) ལྕུམ་རྩ།ཋི་ཤོ་ཡོ། སུག་འདྲ(ཀྱེའི་ཀེང་)། མཚེ་ལྡུམ(མ་ཧྭང་)། ལི་ལུ། (པེ་ཀྱི) ར་མཉེ།མཐྱན་མ།ཨུ་ཡོ། ཤིང(གན་ཟོའུ)མངར།ཆའི་ཁོ། སི་སིང་ཐེང༌། པེ་ཧི། ཤ་ཤེན། ཤོའུ་ཧོའི་ཤྱང༌། ཀྭན་ཇུང༌། མུ་ཟེ། ཙི(ཆིན་ཀྱོའུ)ཏྲ་ཀ ཚང་ཇུ་ཤུ་དག ཅོང་ཞི(ཇུང་ཡུ་ཤི)སོགས་སྨན་གྱི་རིགས་བྱིན་རླབས་ཅན་དུ་མ་འབྱུང་ཞིང་གཞན་ཡང་བོད་ཀྱི་སྨན་པ་མཁས་པ་རྣམས་ཀྱིས་བལྟས་པའི་ཚེ་སྟོང་རི་ཟིལ་པ། གཡས་ཀྱི་མ། རྩྭ་ཨ་བ།སླེ་ཏྲེ།ཀནྟ་ཀ་རི། ཅོང་ཞི་རྟ་སོ་མ། བྲག་ཞུན། སྤང་རྒྱན། ལུག་མིག རྟག་ཏུ་ངུ་རྣམ་པ་གསུམ། གཟེར་འཇོམས་སོགས་སྨན་གྱི་རིགས་རྣམ་པ་དུ་མ་ངོས་འཛིན་རྒྱུ་སྣང་ངོ་། །

    གཙུག་ལག་ཁང་གི་སྐོར། དཀར་ཆག་རྙིང་པར། རི་ལྔའི་ནང་བསྐོར་ལ་ལྷ་ཁང་དྲུག་ཅུ་རེ་བཞི་དང༌། ཕྱི་བསྐོར་ལ་སུམ་ཅུ་སོ་དྲུག་ཡོད་པར་བཤད་པ་ལས (ཏཱ་ཤྱིན་ཐུང་ཟི)མངོན་པར་གསལ་བའི་ལྷ་ཁང་ནི་ཕྱོགས་འདིའི་བསྟན་པའི་དབུ་བརྙེས་པའི་ཐོག་མ་དགྲ་བཅོམ་པ་མ་ཏང་ཀི་པ་སོཊ་ཀྱིས་ངོས་བཟུང་ཞིང་དད་ཐོབ་བྱ་རྒོད་ཕུང་པོའི་ལྷ་ཁང་དུ་བཏགས་པ་སོགས་སྔར་བཤད་ཟིན་ལ། རྒྱལ་བ་མ་ཕམ་པའི་སྤྲུལ་པ་ཆིང་ལྱོང་ཀྭཽ་ཤིའི་གདན་ས་ཡང་འདི་ཡིན་ཅིང་ཧན་གུར་ནས་བཟུང་སྟེ་ད་ལྟའི་ཆིང་གུར་གྱི༧གོང་མ་བདག་པོ་ཆེན་པོའི་བར་གྱི་ས་སྐྱོང་མཐའ་དག་གིས་ཉམས་གསོས་དང་ཕུ་དུད་བླ་ན་མེད་པར་མཛད་དོ།།འཇམ་དཔལ(ཏཱ་ཝེན་ཤུ་ཟི)སྡེ་ཆེན་ནི། ཐང་གུར་གྱི་དུས་སུ་རྒྱལ་པོའི་སྲས་པོ་ཆོས་ཀྱི་སྤྲིན(ཧྥ་ཡུན)ཞེས་པའི་སློབ་དཔོན་ཞིག་གིས་རྗེ་བཙུན་གྱི་སྐུ་བཞེངས་རྒྱུ་བཟོ་བོ་ལ་གཏད་པས་བཟོ་བས། རྗེ་བཙུན་གྱི་སྐུ་དབྱིབས་ཇི་ལྟར་ཡིན་དྲིས་པ་ལ་སློབ་དཔོན་གྱིས་གསོལ་བ་བཏབ་པས། ཞག་བདུན་ན་སྤྲིན་གྱི་གསེབ་ནས་རྗེ་བཙུན་གྱི་སྐུ་ལྟ་བས་ཆོག་མི་ཤེས་པ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ་འོད་ཟེར་ཚད་མེད་པ་འཕྲོ་བ་ཞིག་ཞལ་གཟིགས། ཕྲལ་དུ་རི་མོར་བྲིས་ཟིན་པ་དང་དེ་ཉིད་མ་དཔེར་བྱས་ནས་སྐུ་གཟུཊ་བཞེངས་ཏེ་མཆོད་པས་སྐུ་དངོས་ཀྱིས་བྱོན་པའི་ལྷ་ཁང ་(ཇེང་ཡུང་ཡན)དུ་གྲགས། མིང་གུར་ཀྱི་ཡོང་ལོ་རྒྱལ་པོས་ཏ་ལའི་ལོ་མར་བྲིས་པའི་རྒྱ་གར་གྱི་མདོ་སྡེའི་དཔེ་བཞུཊ་སུ་གསོལ་ཞིང་ཆིང་ཧྭ་རྒྱལ་པོའི་རིང་བཀའ་འགྱུར་དང་འཇམ་དཔལ་སྨྲ་སེང་གེ་སྐུ་བཞེངས། འུ་ཅག་གི་ཆེན་པོ་ཆིང་གུར་གྱི༧ཤེང་ཙུ་སྣང་མཛད་རྒྱལ་པོས་གནས་བརྟན་ངག་དབང་བློ་བཟང་བླ་མར་བསྐོས་ཏེ་དགེ་ལྡན་པའི་འདུས་སྡེ་བཙུགས། ༧ཤེང་ཙུ་ཐུཊ་རྗེ་ཅན་གྱི་རྒྱལ་པོས་བཀའ་འགྱུར་དང་འཇམ་དཔལ་སྨྲ་སེང་གེ་སྐུ་བཞེངས། གཙུག་ལག་ཁང་གི་རྒྱ་ཕིབ་གསེར་མདངས་ཅན་དུ་བྱས། རིན་པོ་ཆེའི་མཆོད་རྫས་གྲངས་ལས་འདས་པ་ཕུལ་ཞིང་བཙུན་པ་བརྒྱད་ཅུའི་ནན་མའི་འཚོ་བ་སྦྱར་བ་སོགས་བསྙེན་བཀུར་ཕུལ་དུ་བྱུང་བ་མཛད་དོ། །

    ནོར་བུ་ཆེན་པོའི(ཏྰ་པོའུ་ཐ་ཡྭན་ཟ)མཆོད་རྟེན་གྱི་ལྷ་ཁང་ནི།གནས་ཀྱི་ལྟེ་བ་ཡིན་པ་དང༌།ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་དང༌། འཇམ་དཔལ་གྱི་དབུ་སྐྲའི་མཆོད་རྟེན་ཡོད་ཚུལ་སོགས་སྔར་བཤད་ཟིན། མིང་གུར་གྱི་ཡུང་ལོ་རྒྱལ་པོའི་དུས་ནས་དགེ་འདུན་གྱི་སྡེ་བཙུགས་ཤིང་ལྷ་ཁང་བཞེངས་པར་སྣང་ངོ༌། །

    ཀུན་ཏུ(ཏཱ་ཡྭོན་ཇོའུ་ཟི)ཁྱབ་པའི་ལྷ་ཁང་ནི་མིང་གུར་གྱི་ཡུང་ལོའི་དུས་རྒྱ་གར་གྱི་ཤྲི་ཨ་ཤྲ་ཀ་ཞེས་པའི་གྲུབ་ཐོབ་ཞིག་གདན་དྲངས་ཏེ་བཞུགས་པའི་གནས་ཡིན་ཞིང་དེས་རྒྱལ་པོ་འཁོར་བཅས་ལ་གསང་སྔཊ་ཀྱི་ཆོས་ཀྱང་མང་དུ་གནང༌། སྐུ་གདུང་མཆོད་རྟེན་ཀྱང་ལྷ་ཁང་འདི་ཉིད་ན་བཞུགས་སོ། །རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་པ་ཡང་དབྱར་རིང་དུ་མར་ལྷ་ཁང་འདི་ཉིད་ལ་བཞུགས་པར་རྣམ་ཐར་ལས་གསལ་བར་བཤད་དོ། །

    ཐུབ་བསྟན་གསལ་བའི (ཏཱ་ཀྭོང་ཙུར་ཟི)གླིང་ནི་ཕུ་ས་ཏིང་གི་མདུན་ངོས་སུ་ཡོད་ལ་མིང་གུར་གྱི་དུས་དགེ་འདུན་གྱི་སྡེ་བཙུགས་ཤིང་ལྷ་ཁང་འཁར་བའི་རྒྱ་ཕིབ་ཅན་བཞེངས་ཏེ་ད་ལྟ་ཐུང་ཝྰ་ཏྱེན་དུ་གྲགས།སྒྲ(ལོ་ཧེའུ་ཟི)གཅན་འཛིན་གྱི་ལྷ་ཁང་ནི། སུང་གུར་གྱི་མདུན་ན་འདོན་མཆོག (ཊང་ཤེང་ཡིང་)ཏུ་དཔའ་བའི་རྗེ་བཙུན་ཞལ་གཟིགས་པའི་སར་ལྷ་ཁང་བཞེངས་པ་སྟེ་མཆོད་རྟེན་ཆེན་མོའི་བྱང་ཤར་ན་ཡོད། སྨོན་ལམ་རྒྱ་མཚོའི་ལྷ (ཝོང་ཡྭོན་ཟི)ཁང་ནི། ཕུ་ས་ཏིང་གི་ཤར་ན་ཡོད་ལ་སྔོན་གྱི་རྒྱལ་པོ་དམ་པ་ཞིག་རབ་ཏུ་བྱུང་བའི་ས་དང༌། དེའི་རྒྱབ་ན་དེ་ཉིད་ཀྱི་བཙུན་མོ་རབ་ཏུ་བྱུང་བའི་ལྷ་ཁང་ཡོད་དེ་གཉིས་ཀས་ཀྱང་རྟོགས་པ་བརྙེས་པར་གྲགས་སོ། །དེའི་རྒྱབ་ན་ཆོས་རྒྱལ་ལྷ་ཁང་ཞེས་པ་ཡོད་སྡོང་པོ་བཀོད་པའི་ཕུགས་ན་ཐམས་ཅད་སྐྱོབ་པའི་ལྷ་ཁང་(ཕུ་ཅི་ཟི)ཞེས་པ་ཞིག་ཡོད་དེ་རང་རེའི་ཆིང་གུར་གྱི་དུས་སུ་ཉམས་གསོས་མཛད་དོ། །

    ཤེར་ཕྱིན་ལྷ་ཁང་(བོ་ཞེ་ཟི)ནི། བ(ལེའུ་ཀྭར་ཀུ)གམ་ལྟ་བུའི་སྡིངས་ཀྱི་སྦུགས་ན་ཡོད་ཨུ་ཇོ་ཞེས་པའི་དམ་པ་ཞིག་གིས་དག་སྣང་གི་ལྷ་ཁང་དུ་རྗེ་བཙུན་དང་མཇལ་བའི་གནས་ཡིན་ལ་སྤྲུལ་པའི་ཁྱེའུས་སྐྱེལ་ཐུང་བྱས་ཏེ་འདི་ལ་ཤེར་ཕྱིན་ལྷ་ཁང་ཞེས་སྨྲས་པས་ཕྱིས་ལྷ་ཁང་འདི་བཞེངས་པ་ལགས། ཡང་སྦུགས་དེ་ན་ཆབ་སྲིད(ཐའི་བུང་ཥིང་ཀྲེ་ཟི)བདེ་རྒྱས་ཀྱི་ལྷ་ཁང་ཡོད་དེ། སུང་གུར་གྱི་ཞུའི་ཀྱན་ཞེས་པའི་དཀའ་ཐུབ་སྤྱོད་པའི་དྲང་སྲོང་ཞིག་གནས་འདིར་སྤྱིལ་བུ་བྱས་ཏེ་སྦྱངས་པའི་ཡོན་ཏན་ལ་རྟག་པར་གནས་པས་རབ་ཏུ་བྱུང་བ་དང་ཁྱིམ་པ་ཐམས་ཅད་ཤིན་ཏུ་མོས་པར་གྱུར། རྒྱལ་པོ་ཡང་འདིའི་ཡོན་ཏན་གྱིས་མགུ་བར་གྱུར་ནས་ལྷ་ཁང་འདི་བཞེངས་ནས་ཕུལ་ཏེ་མཆོད་གནས་སུ་མཛད་པ་ཡིན། སྡོང་པོ་བཀོད་པའི་སྒང་(ཧཱ་ཡན་ལིང)ན་ཆོས་ཀྱི(ཧྥ་ཡུན་ཟི)སྤྲིན་གྱི་ལྷ་ཁང་ཞེས་པ་ཡོད་དེ་ཐང་གུར་གྱི་ཏིང་འཛིན་སྤྱོད་པའི་སློབ་དཔོན་ཞིག་སློང་མོའི་འཚོ་བ་ལ་བརྟེན་པའི་གནས་ཡིན། དྲིན་གྱིས(ཝུ་ཨེན་ཟི)ས་ཁྱབ་པའི་ལྷ་ཁང་ནི་ཐམས་ཅད(ཕུ་ཅི་ཟི)སྐྱོབ་པའི་ལྷ་ཁང་གི་ཤར་ན་ཡོད་ཅིང་མིང་གུར་གྱི་རྒྱལ་བོས་རྒྱ་གར་ཤྲི་པཎྚི་ཏའི་དུས་སྟོན་གྱི་མཆོད་པ་ཆེན་པོ་བྱས་པའི་གནས་ཡིན། ཇུར་ཆིད་ཀྱིན་གུར་གྱིས་བཞེངས་པའི་མཉམ་ཉིད་རིག་པའི(ཕེང་ཇང་ཟི)ལྷ་ཁང་དང་དྲིན་གཟོའི (བོའུ་ཨེན་ཟི)ལྷ་ཁང་གཉིས་སྡོང་(ཧྭ་ཡན་གུ)པོ་བཀོད་པའི་ཕུགས་ན་ཡོད་ཀྱང་ད་ལྟ་ཤུལ་ཙམ་ལུས་པར་གྱུར་ཏོ། །ཡང་དེ་ན་གསེར་གྱི་ཞིང་(ཀྱིན་ཀྱེའི་ཟི)ཁམས་བྱ་བ་ཡོད་དེ་ཅད་ཨུ་ཞེས་པའི་དམ་པ་ཞིག་རྗེ་བཙུན་དང་དངོས་སུ་མཇལ་བའི་གནས་ཡིན་པར་སྣང༌། པདྨ་དཀར་པོའི་གླིང་ནི་དབུས་རིའི་ཤར་ལྷོའི་ལྡེབས་ན་ཡོད་སྔོན་དགྲ་བཅོམ་ལྔ་བརྒྱས་གནས་འདིར་དབྱར་གནས་མཛད་པ་ལ་ལྷ་ཀླུ་འབྱུང་པོ་རྣམས་ཀྱིས་འཚོ་བ་སྦྱར་བས་དྲེའུ་བཅུ་ཕྲག་དུ་མ་ཁྲིད་མཁན་མེད་པར་རང་ཉིད་ཀྱིས་འཚོང་འདུས་ནས་ཟས་བསོད་པ་བླངས་ཏེ་དགེ་འདུན་ལ་འགྲེམས་པ་བྱུང༌། དེ་སྐབས་རྫིང་བུའི་ནང་དུ་ཡང་ཊིའི་མདོག་ལྟ་བུའི་པདྨ་དཀར་པོའི་ཚལ་ཁྱད་མཚར་ཅན་བྱུང་ཞིང་མདུན་ན་ཁ་ཕྱེ་བར་གྱུར། འཕྲལ་དུ་ལྷ་ཁང་བཞེངས་པ་ཕྱིས་མིང་གུར་གྱི་དུས་སུ་ཉམས་གསོས་བྱས་ཏེ་ཚེ(ཝན་ཤིའུ་ཟི)དཔག་གླིང་དུ་བཏགས་ད་ལྟའི་ཆིང་གུར་གྱི་དུས་སུ་རི་བོ་དགེ་ལྡན་པའི་འདུས་སྡེ་བཙུགས་པར་སྣང༌། དེ་དང་ཉེ་བ་ན་ལྷ་ཁང་(ཐྱེ་ཝ་ཟི)ལྕགས་ཐོག་ཅན་བྱ་བ་ཆུ་མིག(སན་ཆྱྭན)གསུམ་གྱི་བཅུད་འདྲེས་པའི་ས་ཡོད་ལ་འདིར་ཕྱིས་སུ་རང་རེ་དགེ་ལྡན་པའི་རི་ཁྲོད་པ་བརྩོན་འགྲུས་དགེ་སློང་གིས་སྒྲོལ་མའི་ལྷ་ཁང་ཞིག་བཞེངས་འདུག རྟག་བདེ(ཤེའུ་ཉིར་བེ)གླིང་ནི། དེ་དག་གི་མདུན་ངོས་ན་ཡོད་ཅིང་ལྷ་ཁང་འདི་ཐོག་མའི་དུས་ནས་ཡོད་པར་གྲགས་ལ་ཆིང་གུར་གྱི་རྒྱལ་པོ་ཀའུ་ཡང་གི་སྲས་གསུམ་པ་སྔོན་གནས་རྗེས་སུ་དྲན་ཏེ་རང་ཉིད་ཀྱི་ལུས་རས་བལ་གྱིས་དཀྲིས་ཏེ་འབྲུ་མར་བཀུས་ནས་མར་མེ་འབར་ཏེ་རྗེ་བཙུན་ལ་ཕུལ་ན་མེ་ལྕེའི་ནང་དུ་རྗེ་བཙུན་གྱི་སྐུ་དྲང་སྲོང་རྒན་པོའི་ཆ་ལུགས་ཅན་དོས་པུ་དོན་པ་ཉུག་རུམ་པས་མཐོང་ཏེ་རྒྱལ་པོར་སྦྲན་པས་མཉེས་ཏེ་ལྷ་ཁང་བཞེངས་པར་མཛད། ཕྱིས་ཐང་གུར་དང་སུང་གུར་གྱི་རྒྱལ་པོ་རྣམས་ཀྱིས་ཉམས་གསོས་རིམ་པར་མཛད་ཅིང་ཧོར་གྱི་དུས་བྱང་སེམས་སྡོང་པོས་བརྒྱན་པ་ཞེས་བྱ་བའི་སྐྱེས་བུ་ཆེན་པོ་ཞིག་གིས་འདིར་སྒྲུབ་པ་ལ་བཞུགས་པར་མཛད། ཧོར་རྒྱལ་པོས་ཀྱང་བསྙེན་བཀུར་མཛད། དེང་སང་རང་རེ་དགེ་ལྡན་པའི་སྒྲུབ་སྡེ་ཡིན་ནོ། །གཡས(སི་ཤེའུ་ཉིང་ཟི)གྱི་རྟག་བདེ་གླིང་ནི་ཧོར་དུས་ཀྱི་བློན་པོ་ཞིག་གིས་བཞེངས་པར་གྲགས། ཕུ་ས་ཏིང་གི་ནུབ་ཕྱོགས་ན་མཆོད་རྟེན་གསུམ་པའི་གླིང་(སན་ཐ་ཟི)ཡོད། མཚར(ཤུ་ཤྱེང་ཟི)སྡུག་སྐུ་བརྙན་གླིང་ནི། རྒྱ་གར་དྲང་སྲོང་(ཐན་གྱེན་ངྷ་ན)གི་རིའི་ཤར་ཕྱོགས་ན་ཡོད་ལ་འདིའི་རྟེན་གྱི་གཙོ་བོ་འཇམ་དཔལ་སྨྲ་བའི་སེང་གེ་བཞེངས་པའི་དུས་སུ་ལྷ་བཟོས་ཇི་ལྟར་བྱེད་མ་ཤེས་ནས་གསོལ་བ་བཏབ་པས་ཤིང་སྡོང་ཞིག་གི་རྩ་བར་འཇའ་འོད་ཀྱི་ནང་དུ་འཇམ་དཔལ་སེང་གེ་ལ་ཆིབས་པ་སྐུ་ཚད་མཐོ་ཞིང་གཟི་བརྗིད་ཆེ་བ་ཞིག་དངོས་སུ་བྱོན་ནས་ང་དང་འདྲ་བར་བཞེངས་ཤིག་གསུངས་པས་ལྷ་བཟོས་གཟི་བརྗིད་མ་བཟོད་ནས་བག་ཟན་རིལ་པོ་ཞིག་ལག་ཏུ་ནས་བླངས་པ་རྗེ་བཙུན་གྱིས་ཞལ་དཀྱིལ་ཇི་ལྟ་བ་བཞིན་བྱིན་གྱིས་བརླབས་ནས་ང་དང་འདྲའོ་ཞེས་གསུངས་ཏེ་མི་སྣང་བར་གྱུར། དབུ་དེ་ཉིད་སྤྲད་པའི་སྐུ་ཡོངས་རྫོགས་བཞེངས་པས་མཚར་སྡུག་ཁྱད་དུ་འཕགས་པར་གྱུར་པས་ད་ལྟའི་བར་དུ་ཡང་དད་པས་མཇལ་བ་རྣམས་ཀྱི་སྣང་བ་འགྱུར་ངེས་ཤེས་པ་འདུག་ལ་འུ་ཅག་ཆིང་གུར་གྱི་ཤེང་ཙུ་རྒྱལ་པོས་ལྷ་ཁང་འདིའི་ཉམས་གསོ་ཕུལ་དུ་བྱུང་བ་མཛད་དོ། །བྱ (ཧྥུང་ལེན་གུ)རྒོད་ཕུང་པོའི་གཤོངས་སུ(ཞི་ཀྭང་ཟི)ཉི་འོད་གླིང་ཡོད་ལ་སྔོན་ཏུ་ཕུང་ཞེས་པའི་སྐྱེས་ཆེན་དམ་པ་ཞིག་གིས་བཞེངས་པར་སྣང༌།འདིའི་རྒྱབ་ན་མིང་གུར་གྱི་གུ་ཏེང་བསམ་གཏན་མཁན་པོས་བཞེངས་པའི་རིན(པོའུ་ལིན་ཟི)པོ་ཆེའི་ཚལ་ཀྱི་གླིང་བྱ་བ་ཡོད། ཀ(ཧྥུང་ལིན་ཟི)ལ་བིང་ཀའི་ཚལ་གྱི་ལྷ་ཁང་ནི་མིང་གུར་གྱི་གྲུབ་ཐོབ་ཆེན་པོ་ཋེ་ཐེན་ཧྭ་ཤང་འདིར་བཞུགས་སྐབས་ཆོམ་པོ་པ་འགའ་བྱུང་བས་སྒོ་སྲུང་དུ་སྟག་གཉིས་འདུག་པ་མཐོང་ནས་བྲོས་པར་བརྟེན་བསམ་གཏན་མཁན་པོ་སྟག་གཉིས་ཅན་དུ་གྲགས། ཕུ་ས་ཏིང་གི་ལྷོ་ཕྱོཊ་རྒྱང་གྲགས་གསུམ་ན་ཧོར་གྱི་རྒྱལ་པོ་ཨེལ་ཀྱེའི་ཐུས་བཞེངས་པའི (ཧུ་ཀྭོ་ཟི)ཡུལ་བསྲུངས་ལྷ་ཁང་བྱ་བ་ཡོད། འདིར་ལྷ (ཏི་ཤི་གུང་)དབང་གླིང་ཞེས་པ་བརྒྱ་བྱིན་གྱི་ལྷ་ཁང་ཞིག་ཀྱང་ཡོད། དེའི་མདུན་ན་རྡོ་རིངས་གླིང་(བེའུ་ཁེའུ་ཟི)ཡོད། འཕགས (ཝན་ཤེན་ཡིའུ་ཀྭ་ཟི)ཚོགས་ཡུལ་བསྲུང་གླིང་ནི། ཆེན་པོ་ཧོར་དུས་ཀྱི་སློབ་དཔོན(ཁའ་ཡིན་ངྷྰ་ཤི)རྒྱ་མཚོའི་ཕྱག་རྒྱའི་ཞེས་པ་ཆོས་མངོན་པ་ལ་འགྲེལ་པ་མཛད་པའི་སྐྱེས་ཆེན་དམ་པ་དེའི་གདན་ས་ཡིན། རྒྱ་མཚོ་བལྟ(ཀོན་ཧའི་ཟི)བའི་གླིང་ནི་ཟླ(མིང་ཡྭེའི་ཋི)བ་གསལ་བའི་རྫིང་བུ་དང་ཉེ་བ་ན་ཡོད། རྒྱ་མཚོ(ཇེང་ཧའི་ཟི)འདུལ་བའི་གླིང་ནི་ལུང་པ་དེའི་ནུབ་ངོས་ཀྱི་རིའི་ལྡེབས་སུ་ཡོད་ལ། སྔོན་ཀླུ་གཉན་གནས་པ་མཚོ་ཞིག་ཡོད་པ་དེའི་ཁ་གནོན་དུ་སྤྲུལ་པའི་སྐྱེས་ཆེན་དམ་པ་ཞིག་གིས་བཞེངས་པར་གྲགས་ལ། ད་ལྟ་དགེ་ལྡན་པའི་སྒྲུབ་སྡེ་ཡིན། དུང་གི(ཧའི་ལོ་ཋེང་)མཁར་ན་འབྲུག(ལེའི་ཡེན་ཟི)སྒྲ་དགོན་པ་གནམ(ཥིའུ་ཐེན་ལྱོང་)མཐོང་སྒང་སྤྲིན(ཡུན་ཇི་ཨན)གྱི་ཕུང་པོའི་ལྷ་ཁང༌། ཁྲོན་བུའི་(ཇེང་གེའུ)གཤོངས་སུ་ལྷའི་འཕགས (ཐྱིན་ཤིང་ཟི)པའི་གླིང་རྣམས་ཡོད། རྒྱ་ཤུག་གི་ཚལ་ན(ཡང་པེ་ཡུས)མཚར་སྡུག (ལིང་ཕུང་ཟི)རིའི་ལྷ་ཁང་བྱ་བ་ཡོད། ཐང་གུར་གྱི་དུས་སུ་བཞེངས་ཤིང་བརྟུལ་ཞུགས་སྤྱོད་པའི་དྲང་སྲོང་ཨི་པིན་ངྷྰ་ཤི་ཞེས་པ་གྲོགས་ལྔ་བཅུའི་རྩ་གསུམ་དང་ལྷན་དུ་སྒྲུབ་པ་མཛད་པའི་གནས་ཡིན། དབུས(ཅུང་ཕུང་ཟི)རིའི་ལྷ་ཁང༌། (ཤེད་ཤུ་ལི་ཟི)ཆུ་ཀླུང་བྱིན་ཅན་དགོན། (ཐྱེན་ཐེང་)ལྷ་མཁར་དགོན་གསུམ་ཀ(ཡང་པེ་ཡུའི)རྒྱ་ཤུག་གི་ཚལ་ན་ཡོད། ལྷའི (ཐྱེན་ཕེན་ཟི)གཞོང་བའི་གླིང་དང༌། འདིའི་ལུང་པའི་སྦུགས་སུ་ཉི་སྣང་(ནི་ངོའུ་ཟི)དགོན། ལྷོ་རིའི་བྱང་ཤར་གྱི་ཞོལ་དུ་གསེར་གྱི་སྒྲོན (ཀྱེན་ཏེང་ཟི)མའི་ལྷ་ཁང༌། ལྷོ་རིའི་ནུབ་བྱང་གི་ལ་ན་གསེར་གྱི(ཀྱིན་ཀེ་ཟི)བ་གམ་གླིང་ཡོད་དེ་སྔོན་དད་ལྡན་ཞིག་གིས་ནམ་མཁར་གསེར་གྱི་གཞལ་མེད་ཁང་མཐོང་བས་གནས་དེར་ལྷ་ཁང་འདི་བཞེངས་པར་གྲགས། སྨྱུག་ཚལ(ཐུ་ལིན་ཟི)དགོན་ནི། དབུས་རིའི་ལྷོ་ཕྱོགས་རྒྱང་གྲགས་སུམ་ཅུ་ན་ཡོད་ཅིང་སྔོན་ཐང་གུར་གྱི་ཧྭ་ཤང་ཧོ་ཀྱོ་འུ་ཞེས་པའི་འཕགས་པ་ཞིག་སྤྲུལ་པའི་ལྷ་ཁང་དུ་ཞུགས་ནས་མི་སྣང་བར་གྱུར་པ་འཇམ་དཔལ་གྱི་སྤྲུལ་པར་ཤེས་ཏེ། གནས་དེར་ལྷ་ཁང་བཞེངས་ནས་ངོ་མཚར་བའི་བཀོད་པ་གསལ་བར་བྱས་སོ། །

    དྭངས(ཆིང་ལུང་ཟི)བསིལ་དགོན་ནི། དབུས་རིའི་ལྷོ་ཕྱོགས་རྒྱང་གྲགས་བཞི་བཅུ་ན་ཡོད་ཅིང༌། སྔོན་ཐང་གུར་གྱི་དགོན་རྙིང་ཡིན་ལ། ད་ལྟ་ཧྭ་ཤང་གི་དགོན་སྡེ་ཆེ་བར་སྣང༌། ཡང་དབུས་རིའི་ལྷོའི་ཞོལ་གྱི(ཆིང་ལྱང་ཆྱྭན)དྭངས་བསིལ་ཆུ་མིག་གི་འགྲམ་ན། (ཇི་ཏོའུ་ཟི)ཤེས་རབ་བསྐྱེད་པའི་གླིང་ཞེས་པ་དང༌། ཤར་རི་ན་ཆེན་པོ་ཧོར་གྱི་རྒྱལ་པོས་བཞེངས་པའི་རྒྱ་མཚོ་བལྟ (ཝང་ཧའི་ཐེ) བའི་ལྷ་ཁང་ཞེས་པ་དང༌། ལྷོ་རི་ན་སུང་གུར་རྒྱལ་པོས་བཞེངས་པའི་ཐམས་ཅད་སྐྱོབ་པའི་ལྷ་ཁང་ཞེས་པ་དང༌། ནུབ་རི་ན་ཐང་གུར་གྱི་རྒྱལ་པོས་བཞེངས་པའི་ཆོས་དབྱངས་ལྷ་ཁང་(ཧྭ་ལེའི་ཟི)ཞེས་པ་དང༌། བྱང་རི་ན་བྱིན་རླབས་མྱུར་བའི(ལིང་ཨིང་ཟི)ལྷ་ཁང་བྱ་བ་ཡོད་དེ། འདི་ན་གནས་གཞན་ལས་ཤིན་ཏུ་མཐོ་ཞིང་རླུང་འཚུབ་ཤུགས་ཆེ་ཞིང་འཇིགས་རྔམས་དང་བཅས་པ་གཙང་སྦྲ་མེད་པའི་སྐྱེ་བོ་ཕལ་པ་སྐྱི་གཡའ་ཞིང་འཇིགས་ཞུམ་བྱེད་པ་ཞིག་ཡོད་ལ། སྔོན་སྤྲུལ་པའི་དྲང་སྲོང་དག་གིས་འཇིགས་སྐྱོབ་ཀྱི་སྦྱིན་པ་གཏོང་བའི་གནས་ཡིན། ཕྱིས་མིང་གུར་གྱི་འཕགས་པའི་བྱམས་ལྡན་རྒྱལ་ཡུམ་གྱི་རྨི་ལམ་དུ་རྗེ་བཙུན་གྱིས་ལུང་བསྟན་པ་ལྟར་སྐུ་བརྙན་བླུག་མུ་བཞེངས་ཏེ་མཆོད་ཅིང་བསྙེན་བཀུར་པར་བྱས་སོ།།

    བསྟན(ཡན་ཀྱོའུ་ཟི)འཕེལ་དགོན་ནི། དབུས་རི་ན་ཡོད་ཅིང་ཐང་གུར་གྱི་དུས་སུ་བཞེངས་པ་རིང་བསྲེལ་ལྕགས་ཀྱི་མཆོད་རྟེན་ནང་དུ་བཅུག་པ་སྔར་བཤད་པ་དེ་ཡིན། དག་ཞིང་(ཇིང་ཐུ་མན)བཀོད་པ་ནི(ཆི་ཥྱན་ཀུ)ཀུ་སུ་ལའི་དབེན་གནས་ན་ཡོད་ལ། སྔོན་ཡུའི་ཕུང་ཞེས་པའི་དྲང་སྲོང་ཞིག་གིས་དཀའ་ཐུབ་སྤྱད་པའི་གནས་ཡིན་པས་དེ་ལྟར་བཏགས། ཡང་དེ་ན་ཀླུ་སྟོབས་རྒྱས་གྱི་ལྷ་ཁང་(ལུ་ཧ་རིར་ཨན)བྱ་བ་ཡོད་དེ། སྔོན་ནགས་ཚལ་སྟུག་པོའི་རི་སུལ་དབེན་པ་ཞིག་ཡིན་ཀྱང༌། སྐབས་ཞིག་ས་ག་ཟླ་བའི་ཚེས་གཅིག་གི་ཉིན་བུ་མོ་གསེར་གྱི་མདོག་ཅན་ལག་ན་པངྨ་བཟུང་བ་ཞིག་རྡོའི་སྟེང་དུ་ཡུན་རིང་ཙམ་འགྲངས་ཏེ་མི་སྣང་བར་གྱུར་པ་ན། རི་ཀླུངས་ཐམས་ཅད་གསེར་འོད་ཀྱིས་ཁྱབ་པར་གྱུར། དེ་ནས་བཟུང་སྟེ་ཚོགས་པ་འདུ་བར་གྱུར་ཞིང༌། མཚན་གུང་ཀླུའི་སྐད་ཐོས་པས་དེ་ལྟར་གྲགས། སྡོང་(ཧྭ་ཡན་གེའུ)པོ་བཀོད་པའི་གཤོངས་ཀྱི་ཤར་ཕྱོགས་ན། བྱ་རྒོད་ཕུང(ལིང་ཅིའུ་ཨན)པོའི་གླིང་བྱ་བ་ཡོད།

    ལྷུང་བཟེད་ཆེན་པོའི(ཏཱ་པོ་ཨན)གླིང་ནི། (ཅི་ཥྱ་གུ)མཉེན་ལྡེམ་གཤོངས་སུ་ཡོད་ལ་བྲག་རི་མཐོན་པོས་བསྐོར་ཞིང་ནགས་ཚལ་སྟུག་པོ་དང་བཅས་པ། སྔོན་དྲང་སྲོང་(ཨུ་བིན)མཐའ་ཡས་ཞེས་པའི་སྤྲུལ་པའི་དགེ་སློང་ཞིག་ལ་ཆོས་ཉན་སྐབས་སློབ་དཔོན་གྱིས་མ་འོངས་པ་ན་འདིར་ཁྱོད་ལ་ལྷུང་བཟེད་ཀྱི་ནང་དུ་ཟས་ཡོད་པས་དགེ་འདུན་དང་ལྷན་དུ་ལོངས་སྤྱོད་པར་བྱོས་ཤིག་ཞེས་ལུང་བསྟན། མིང་གུར་དུས་ལྷ་ཁང་ཉམས་གསོས་སྐབས་འབྲས་བྲེ་བོ་ཆེ་གང་ཤོང་བའི་ལྷུང་བཟེད་ཅིག་ས་ནས་འཐོན་དེ་ནས་བཟུང་དགེ་འདུན་ཚོགས་པ་དང་ལོངས་སྤྱོད་རྒྱས་པར་གྱུར་ཏོ། །དེ་དང་ཉེ་བ་ན་དབེན་གླིང་(ཅིང་ལིང་ཨན)བྱ་བ་ཡོད་དེ་དགེ་སློང་གསལ་ངར་གསལ་བའི་སྤྲིན་གྱིས་བཞེངས་པ་ཡིན་ནོ། །

    (ཙ་ཧྭ་ཨན)མེ་ཏོག་སྣ་ཚོགས་ཀྱི་གླིང་ནི། མཆོད་རྟེན་གཤོངས་ན་ཡོད་ལ་སྔོན་བཙུན་པ་ཡང་དག་སློབ་ཀྱིས་བཞེངས་པ་སྟེ་ད་ལྟ་རང་རེ་དགེ་ལྡན་པའི་རི་ཁྲོད་པ་དགེ་སློང་བརྩོན་འགྲུས་ཀྱིས་བལ་པོའི་མཆོད་རྟེན་བྱ་རུང་ཁ་ཤོར་ལ་དཔེ་བླངས་ནས་བཞེངས་པའི་མཆོད་རྟེན་ངོ་མཚར་ཅན་ཞིག་ཀྱང་འདི་ན་བཞུགས་སོ། །

    (ཧྥ་ཡུན་ཨན)ཆོས་སྤྲིན་གླིང་ནི། སློབ་དཔོན་ཆེན་པོ་ཡོན་ཏན་གསལ་བ་བཞུགས་པའི་གནས་ཡིན་ལ་སློབ་དཔོན་འདིའི་ཆུང་ངུའི་དུས་ཀྱི་མཚན་ལ་གསལ་བའི་ཁྱེའུ་ཞེས་འབོད་སྐད། ཕྱིས་ལྷ་ཁང་བཞེངས་སྐབས་ས་བརྐོས་པའི་ནང་ནས་རྡོའི་ཁྲིའུ་གསལ་བའི་ཁྱེའུའི་ཁྲི་ཞེས་པའི་ཡི་གེ་བརྐོས་ཡོད་པ་ཞིག་འཐོན་བྱུང་བས་ཕྱིས་འབྱུང་གསལ་བའི་ཡ་མཚན་མངོན་པར་གྱུར་ཏོ། །(ཧྥང་ལིང་གུ)ཀ་ལ་བིང་ཀའི་གཤོང་ན(ཏཱ་ཡིན་ཨན)ཚིལ་ཆེན་གླིང་བྱ་བ་ཡོད། ཀླུ་སབ(ལུང་ཤུ་ཨན)གླིང་ནི་ཤིང་རྟའི་སྦུགས་ན་ཡོད། སྔོན་འདུལ་བ་འཛིན་པ་གསུམ་གནས་འདིར་སླེབ་ནས་སློབ་དཔོན་ཏཱ་ཋོང་ཞེས་པ་ཞིག་ལ་མཇལ་ནས་སོང་བས་སློབ་དཔོན་གྱིས་ད་གཟོད་སོང་བའི་མི་འདི་གསུམ་ཤིང་རྟ་གཅིག་ཏུ་སྡོད་དོ་ཞེས་ལུང་བསྟན་པས་ཕྱིས་དེ་གསུམ་གནས་འདིར་སྐྱིལ་བུ་གཅིག་ཏུ་འཛོམ་སྐད། སྔར་སྦྲུལ་གྱི་སྦུགས་སུ་གྲགས་པ་ལ་ཕྱིས་ཤིང་རྟའི་སྦུགས་སུ་མིང་བཏགས། ལྷའི་གཞོངས་པའི་ལྷ་ཁང་གི་རྒྱབ་ཀྱི་ལ་ན་ཧྭ་ཤང་རིན་ཆེན་རྩེས་བཞེངས་པའི་ཀ(ཆི་ཧྥུང་ཨན)ལ་བིང་ཀའི་དགོན་ཞེས་པ་ཡོད། དེའི་བྱང་ཤར་ན(ཧྭ་ཡན་ཨན)སྡོང་པོ་བཀོད་པའི་གླིང་ཡོད་དེ་སྔོན་ཧྭ་ཤང་སྔོན་སྒྲོགས་ཞེས་བྱ་བས་ཕལ་པོ་ཆེ་སྦྱངས་པའི་གནས་ཡིན།

    (པེ་ཐེའུ་ཨན)དབུ་དཀར་གླིང་ནི། ལྷོ་རིའི་བྱང་ཤར་རྒྱང་གྲགས་བཅུ་ན་ཡོད། ཧྭ་ཤང་ཀུན་དུ་རྒྱུ་ཞིག་སྐྱེས་ཐོབ་ཀྱིས་དབུ་ལོ་དཀར་བ། ངོ་མཚར་བའི་མཛད་པ་སྣ་ཚོགས་སྟོན་པ་ཞིག་མིང་གུར་གྱི་དུས་སུ་འདིར་སྤྱིལ་བོ་བཟུང་སྟེ་བཞུགས་ལ་ཕྱིས་གར་སོང་ཆ་མེད་པར་གྱུར་ཏོ། །དབུས་རིའི་ལྷོ་ནུབ་ཞོལ་ན་སྤྲིན་གྱི(འོ་ཡུན་ཨན)ཚང་ཞེས་པའི་དགོན་པ་ཡོད། བྱང་རིའི་རྒྱབ་ཀྱི་དྲང་སྲོང་གཉིས་ཀྱིས་བགྲོ་བ་མཛད་པའི་རྡོ་དང་ཉེ་བ་ན་གཉིས(བུ་འེ་ལ་ལེའུ)སྤོང་ཐོགས་བྱ་བ་ཡོད། མིང་གུར་གྱི་སློབ་དཔོན་ཤེས་རབ་ཟླ་བས་རྗེ་བཙུན་དང་བྱང་སེམས་དྲི་མེད་གྲགས་པ་གཉིས་གདན་འཛོམ་ནས་མདོ་སྡེ་ཕལ་པོ་ཆེའི་དཀའ་གནས་ལ་བགྲོ་བ་མཛད་པ་གཟིགས་པའི་གནས་སྡོང་པོ(ཧྭ་ཡན་ལེའུ)བཀོད་པའི་ཐོགས་ཞེས་ཀྱང་ཟེར། རི་བོ་རྩེ་ལྔའི་ཕྱི་བསྐོར་གྱི་བྱིན་གནས་ཀྱི་སྐོར་ལ། ལྷོ་རིའི་རྒྱབ་རྒྱང་གྲགས་ཉི་ཤུ་ན་བྱིན(ལིང་ཀྱིང་ཟི)ཅན་དགོན་དང༌། ཤར་ལྷོ་ན་རྡོའི (ཤི་ཐ་ཟི)མཆོད་རྟེན་གྱི་ལྷ་ཁང་དང༌། ལྷོ་ནུབ་རྒྱང་གྲགས་སུམ་ཅུ་ན་ཀླུ(སོ་ཕོ་ཟི)མོའི་གླིང་བྱ་བ་ཡོད་དེ། འདི་ནི་སློབ་དཔོན་རྟོགས་མཛེས་ཞེས་བྱ་བ་འདིར་བཞུགས་སྐབས་བུ་ཆུང་ཁྲིད་པའི་མཛེས་མ་རྒྱུན་དུ་འོངས་ཏེ་ཆོས་ཉན་པར་སློབ་དཔོན་ཐེ་ཚོམ་སྐྱེས་ནས་ཁྱོད་སུ་ཡིན་དྲིས་པར་བདག་སུ་བྷ་ཟེར་བའི་ཀླུ་མོ་ཞིག་ཡིན། ཆོས་ཉན་པའི་དོན་རྟོགས་པ་ལས་ཀླུའི་སྐྱེས་གནས་ལས་གྲོལ་པར་ཉེ་བ་ཡིན་ཞུས་པས། ཡིད་ཆེས་པར་རུང་ངམ་གསུང་བས། ཀླུ་མོ་མཚོ་ལ་མཛུབ་མོ་བཙུགས་ནས་བདག་གིས་སྐྱེ་བ་མེད་པའི་དོན་རྟོགས་པ་ལགས་ན། མཚོ་འདི་གྱེན་དུ་འཕགས་པར་གྱུར་ཅིག ཅེས་བརྗོད་མ་ཐག་མཚོ་གྱེན་ཏུ་འཕགས་ཏེ། རི་བོ་ལྟར་གྱུར་ཞིང་ཀླུ་མོ་ཡང་མི་སྣང་པར་གྱུར་ཏོ། །ཕྱིས་སྐྱེ་བོ་རྣམས་ཀྱིས་འདི་ལ་ཀླེུམཚོ་འཕགས་པའི་ས་ཞེས་ཟེར་རོ། །ལྷོ་ནུབ་རྒྱང་གྲགས་བཞི་བཅུ་ན་རྒྱལ (ཧྥོ་ཀྭང་ཟི) བའི་འོད་ཀྱི་གླིང་ཞེས་བྱ་བ་ཡོད་དེ། ཝེའི་གུར་གྱི་རྒྱལ་པོ་ཝེན་ངྷིས་སངས་རྒྱས་ཀྱི་འོད་ཟེར་རྨད་དུ་བྱུང་བ་མཐོང་བའི་གནས་ཡིན་ལ། ཐང་གུར་གྱི་སློབ་དཔོན་ཐར་པ་ཆེན་པོས་འདིར་སྦས་པའི་བརྟུལ་ཞུཊ་ཀྱིས་སྒྲུབ་པ་མཛད་དོ། །ལྷོ་ནུབ་མཚམས་ཀྱི་རྒྱང་གྲགས་དྲུག་ཅུ་ན་སྤོ་མཐོ(ཁྱེན་ཡན་ཟི)གླིང་བྱ་བ་ཡོད། དྲང་སྲོང་མེ་ཏོག་གི་རིའི་ཉིན་ངོས་ན(ཤིང་ཧྥུ་ཟི)བསོད་ནམས་འཕགས་པའི་གླིང་དང༌། བྲག་དམར (ཋའི་ལའི་ཟི)གླིང་དང༌། པད་དཀར (ཕྲ་ཧྭ་ཟི)གླིང་དང༌། དགེ(ཤུ་གུང་ཟི)འཕགས་གླིང་རྣམས་ཡོད། ཤར་རིའི་ཕྱི་སྐོར་ལ་མེ་ཏོག་ཚལ(ཧྭ་ལིན་ཟི)གླིང་དང༌། ཁྱན་པ་ནབ (ཥྱང་ཡུན་ཟི)སྤོས་ཀྱི་སྤྲིན་གྱི་གླིང་དང༌། སྤོས་ཀྱི་སྡོང་བུའི (ཥྱར་ལེའི་ཟི)གླིང་དང༌། བྱམས་པའི་སྤྲིན(ཚི་ཡུན་ཟི)གླིང་དང༌། (ལུང་ཕན)འབྲུག་འཁྱིལ་གླིང་དང༌། ཀ་ལན་ཏ(ཧྥུང་ལིང་ཟི)ཀའི་སྤོ་དང༌། (ཝེན་ཆྱྭན་ཟི)ཆུ་ཚན་གླིང་རྣམས་ཡོད། (ཐུང་ཇུད་ཟི)ལྷའི་གཎྚའི་གླིང་ནི་ཚོགས་ཆེན་པོའི་སྤུགས་ན་ཡོད། སྡོན་འདིར་ཡོད་པའི་གཎྚ་མཚར་སྡུག་འོད་ཟེར་འཕྲོ་བ་ཡི་གེ་དང་རི་མོ་ཁྱད་དུ་འཕགས་པ་འབྲས་བྲེ་ཁལ་སུམ་བཅུ་ཤོང་བའི་ཚད་ཙམ་ཡོད།ཞལ་ཏ་པ་བཙུན་པ་ཤེས་རབ་སྒྲོན་མེས་རྒྱལ་ཁབ་ཆེན་པོར་སྡོམ་པ་ལེན་དུ་ཕྱིན་པ་ཕྱིར་ལོག་ཙ་ན། གཎྚ་མི་འདུག་པས་མྱ་ངན་གྱིས་ཟིན་ཏེ་གདུང་དབྱངས་ཀྱིས་གསོལ་བ་བཏབ་པར་ནམ་མཁའ་ལས་ག ཎྚ་འདི་ནི་སངས་རྒྱས་འཁོར་བ་འཇིག་གི་དུས་སུ་དགའ་ལྡན་གྱི་ལྷས་བཞེངས་ནས་ཕུལ་བ་ཡིན། ད་ལྟ་རྡོ(ཀྱིན་ཀང་ཁུ་)རྗེའི་ཕུག་ཏུ་སྦས་པས་ཁྱོད་ཀྱིས་ཚོལ་མི་དགོས་སོ་ཞེས་པའི་སྒྲ་གྲགས་པས་བརྗེད་བྱང་དུ་རྡོ་རེངས་སུ་ཡི་གེར་བཏབ་བོ། །གར་ལྒོ། ཤར་ལྷོ་ན་ཀླུའི་ཆུ་ཀླུངས (ལུང་ཆྱྭན་ཟི)དགོན་བྱ་བ་ཡོད།ནུབ་རིའི་ཕྱི་སྐོར་གྱི་གསང་བའི(བི་མི་ཟི)དགོན་བདུད(བི་མོ་ཡན)སྦས་པའི་རྫ་རི་ན་ཡོད། བུ་སྐྱོབ་གླིང་(བོའུ་ཙི་ཟི)། དོམ(ཥྱང་ཐེའུ་ཟི)མགོའི་གླིང༌། (ཥྱང་ཡང་ཟི)ཉི་འོག་གླིང༌། (ཡུས་ལྡང་ཟི)ཨ་ཤོ་ཀའི་གླིང༌། (ཝང་ཐའི་ཟི)གནས་འབྲལ་གླིང༌། རྡོ་སྒོའི་གླིང་(ཤི་མིན་ཟི)རྣམས་མཐོན(ཨེ་གུ)པོའི་སྡིངས་ན་ཡོད། ལྷོ་ནུབ(ཐྱེ་ལེ་ཟི)མཚམས་ན་ལྕགས་རགས་དགོན་ཡོད། བྱང་རིའི་ཕྱི་སྐོར། བྱང་གི་རི་སུལ་ན(པོའུ་ཇི་ཟི)རིན་ཆེན་སྤུངས་པའི་གླིང་དང༌། བིལ་བའི་གླིང་(མུ་ཀྭ་ཟི)གཉིས་ཡོད། (ཏཱ་ཧྭང་ཅྱན་ཤན)རྩེ་མོ་ཆེན་པོའི་རིའི་མདུན་ཞོལ་ན་ཀུན་སྐྱོབ་གླིང་བྱ་བ་ཡོད། རིའི་ནུབ་བྱང་ངོས་ན(གུང་ཇུ་ཟི)སྲས་མོའི་གླིང་བྱ་བ་ཡོད་དེ། ཝེའི་གུར་ཕྱི་མའི་རྒྱལ་བོའི་སྲས་མོ་དད་ལྡན་བྱ་བ་རབ་ཏུ་བྱུང་བའི་གནས་ཡིན། དེ་ན་བི(ཇིང་མིང་ཟི)མ་ལའི་གླིང་ཡོད་དེ། ཐང་ནས་བཟུང་སྟེ་རྒྱལ་རབས་རིམ་པས་ཉམས་གསོས་མཛད་དོ། །རིའི་བྱང་ངོས་ན་རྒྱལ་བའི(ཇེང་ཀྱོ་ཆྭན་ཝན)ཏིང་ངེ་འཛིན་གྱི་ར་བ་ཞེས་བྱ་བ་ཡོད། སུང་གུར་གྱི་དུས་སུ་བཞེངས་པ་ཡིན་ལ་བར་སྐབས་བོན་པོས་འཕྲོག་ཀྱང་སླར་རྒྱ་བཙུན་རྣམས་ཀྱིས་རྒྱལ་པོར་ཞུས་ཏེ་རྗེ་བཙུན་གྱི་སྐུ་བཞེངས་ཏེ་རྒྱལ་པོས་ཀྱང་མཆོད་པ་དང་བསྙེན་བཀུར་མཛད་དོ། །རྩེ་མོ་ཆེན(ངྷྰ་ཧྭང་ཆྱན་ཤན)པོའི་རིའི་བྱང་ཕྱོགས་རྒྱང་གྲགས་ཉི་ཤུ་ན(ཆིང་ཡྭན་ཟི)རང་བཞིན་རྣམ་དག་གླིང་ཞེས་པ་ཡོད་དེ། སྔོན་ལྕགས་རིའི་ནུབ་ཕྱོགས་ཀྱི་ཧྭ་ཤང་འདུལ་བ་ལ་དགའ་བ་ཞེས་པ་ཞིག་གིས་སློབ་དཔོན་དབུ་མའི་རྟོགས་པ་ཅན་ཞེས་པ་ཞིག་བསྟེན་པས་ཚུར་འོངས་ཁར་སློབ་དཔོན་གྱིས་ཁྱོད་ཀྱི་ལས་འཕྲོ་བྱང་ན་ཡོང་རང་བཞིན་ཞེས་པའི་ཡི་གེ་ཅན་དུ་སླེབ་པ་དང་དེར་སྡོད་ཅེས་ལུང་བསྟན་པས། ཝན་ལི་རྒྱལ་པོའི་དུས་སུ་འདིར་སླེབས་ཏེ་ལྷ་ཁང་བཞེངས་པར་བརྩམས་ནས་ས་བརྐོས་པ་ན་རང་བཞིན་རྣམ་དག་ཞེས་པའི་ཡི་གེ་ཅན་གྱི་རྡོ་རྗེ་རང་བྱུང་བས་ལུང་བསྟན་དང་མཐུན་པར་གོ་ནས་ལྷ་ཁང་གི་མཚན་དེ་ལྟར་བཏགས་པའོ། །ཡང་དེ་ན་དབེན་པའི་གནས(ལན་ཤེ་ཟི)ཞེས་པའི་ལྷ་ཁང་ཡོད། ཀུན་ནས(ཕུ་ཀྭང་ཟི)འོད་ཀྱི་གླིང་ཤིང་(ལི་ཡུའི་ཟི)ཏོག་འབྱུང་བའི་ལྷ་ཁང་ཀྱང་ཟེར་བ(ཝེན་སེའུ་ཤན)ཐོས་པའི་འཛིན་པའི་རི་ན་ཡོད།ལྷུན་པོ་རྩེ་ཞེས་པའི་བསམ་གཏན་མཁན་པོས་སྦས་པའི་བརྟུལ་ཞུགས་ཀྱིས་སྒྲུབ་པ་མཛད་པའི་གནས་ཡིན།སྤྲུལ་པའི་དགེ་སློང་ཞིག་གིས་ཕལ་པོ་ཆེའི་མན་ངག་ལས་འབྱུང་བའི་བཤགས་པའི་ཆོ་ག་གདངས་དང་བཅས་པ་མཛད། སྙན་ཅིང་འཇེབས་ལ་ངོ་མཚར་བའི་དབྱངས་ཀྱི་གདངས་ཡི་གེ་བཞི་བཅུ་ཞེ་གཉིས་ལས་དྲངས་ཕུལ་དུ་བྱུང་བ་ཡོད། དགོན་གནས་འདི་ལས་གཞན་ན་མེད་པས་ཕྱོགས་བཞིའི་དགེ་འདུན་རྣམས་འདིར་འོངས་ནས་བརྒྱུད་པའི་བྱིན་རླབས་དང་གདམས་པ་ནོད་པར་བྱེད་དོ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག