མདུན་ཤོག- རིག་གནས་འཚོ་བ།- གསུང་འབུམ།

གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་ནུབ་སྒོའི་མཆོད་རྟེན་དཀར་པོ།

རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།    2014-01-03 10:13

    ༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་རྒྱལ་ཁབ་ཆེན་པོའི་ནུབ་སྒོའི་མཆོད་རྟེན་དཀར་པོའི་བསྐོར།

    ཨོ་སྭ་སྟི་སངྔྷཾ། མཁའ་ཁྱབ་འགྲོ་བ་ཀུན་ལ་རབ་བརྩེ་བའི། །སྙིང་སྟོབས་ཆེན་པོས་བགྲང་ཡས་བསྐལ་པའི་བར། །ཚོགས་གཉིས་བསྐྲུན་ཏེ་བྱང་ཆུབ་མཆོག་བརྙེས་པ། །ཐུབ་དབང་ལྷ་ཡི་བླ་མར་ཕྱག་འཚལ་ལོ། །མགོན་པོ་དེ་ཡིས་འགྲོ་བ་སྐྱོབ་པའི་སླད། །རྒྱ་མཚོའི་རྡུལ་སྙེད་ཞིང་ཁམས་མཐའ་ཀླས་པར། །གསང་གསུམ་བཀོད་པ་རབ་འབྱམས་སྤྲུལ་མཛད་པ།།ཀུན་ཀྱང་ལྷར་བཅས་འགྲོ་བའི་མཆོད་པའི་འོས། །ཁྱད་པར་བསྟན་པའི་འཁོར་ལོས་བྱིན་བརླབས་པའི། །ཙི་ནའི་རྒྱལ་ཁབ་ཆེན་པོའི་རྟེན་གྱི་གཙོ། །འཛམ་གླིང་རྒྱན་གཅིག་མཆོད་རྟེན་ཆེན་པོ་ཡི། །ལོ་རྒྱུས་མདོ་ཙམ་འདི་རུ་དགོད་པར་བྱ།།

    དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་མཐའ་ཡས་པའི་འགྲོ་བ་རྣམས་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་གསང་གསུམ་གྱི་མཛད་པ་བསམ་གྱིས་མི་ཁྱབ་པས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་དེ་སྐུ་དངོས་ཀྱི་གདུལ་བྱར་མ་གྱུར་པའི་ཕྱི་རབས་ཀྱི་སྐྱེ་བོ་རྣམས་ལ་ཡང་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་བསྐྲུན་པའི་ཆེད་དུ་སྐུ་གདུང་ཤ་རི་རེ་ཆ་བརྒྱད་དུ་བྱིན་གྱིས་བརླབས་པ་ལས་རླབས་པོ་ཆེའི་སྨོན་ལམ་གྱི་མཐུ་བཟང་པོས་ཆེས་མང་པོར་འཕེལ་ཏེ་ལྷ་དང་མི་དང་ཀླུའི་ཡུལ་དུ་མཆོད་སྡོང་བྱེ་བ་ཕྲག་སྤྲུལ་པ་རྣམས་སྐྱེ་རྒུའི་བསོད་ནམས་བསོག་པའི་ཞིང་ས་བླ་ན་མེད་པར་གྱུར་ཏོ།།

    དེ་ནས་མ་ཧཱ་ཙི་ནའི་ཡུལ་གྲུ་འདི་ནི།འཕགས་པ་འཇམ་དཔལ་གྱི་རྩ་བའི་རྐྱུད་ལས།རྒྱ་དང་རྒྱ་ནི་ཆེ་ཉིད་ན། །འཇམ་པའི་དབྱངས་ནི་རབ་བསྒྲུབ་འགྱུར།།ཞེས་བཅོམ་ལྡན་འདས་རང་ཉིད་ཀྱིས་འཇམ་དཔལ་གྱིས་བྱིན་གྱིས་བརླབ་པའི་གནས་སུ་ལུང་བསྟན་ཅིང༌། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གཉིས་ལྷག་ཙམ་ན་དགྲ་བཅོམ་པ་མ་ངྷུཾ་ག་དང༌།པཎྚི་ཏ་གོ་ལྷ་ར་ན་ཞེས་པ་གཉིས་ཀྱིས་སྟོན་པའི་རིང་བསྲེལ་བུམ་པ་གང་དང༌། ཐེག་པ་ཆེ་ཆུང་གི་མདོ་སྡེའི་གླེགས་བམ་མང་པོ་དང༌། སྟོན་པའི་སྐུ་བརྙན་རས་བྲིས་སུ་བཞེངས་པ་རྣམས་བསྣམས་ཏེ་ཕྱོགས་འདིར་བྱོན།དེའི་དུས་སུ་ཧན་མིང་ཧི་རྒྱལ་པོ་ལ་མནལ་ལམ་ཡ་མཚན་པ་བྱུང་བ་དང་བསྒྲིགས་ཏེ་རྒྱལ་པོ་འཁོར་བཅས་དད་པ་སྐྱེས། དགྲ་བཅོམ་པས་རི་བོ་རྩེ་ལྔའི་གནས་སྒོ་ཕྱེ། མཆོད་ཡོན་རྣམས་ཀྱིས་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་མང་དུ་བཞེངས་པར་བཤད་འདུག་པས་རྒྱལ་ཁབ་ཆེན་པོ་འདི་ཉིད་ཀྱི་མཆོད་རྟེན་དཀར་པོར་གྲགས་པ་འདིའི་རྩ་བའི་མཆོད་རྟེན་ཀྱང་དེའི་སྐབས་སུ་བཞེངས་པར་གསལ་ཏེ། མཆོད་རྟེན་འདི་ལ་ཐང་གི་རྒྱལ་པོ་སོགས་ཀྱིས་ཀྱང་བ་སྟོད་པ་མཛད་པ་སྣང་བའི་ཕྱིར་རོ། །དེ་དུས་ཀྱི་རྩ་བའི་མཆོད་རྟེན་དེ་ནི་ཐུར་ཧྭན་ཀྭན་གྱི་བྱང་ཕྱོགས་ཡུན་ཨན་སེ་ཞེས་པའི་ལྷ་ཁང་དུ་བཞུགས་པར་སྣང༌། དུས་ཕྱིས་ལིའུ་གུར་གྱི་ཤེའུ་ཆང་རྒྱལ་པོའི་ལོ་གཉིས་པའི་དཔྱིད་ཟླ་ཐ་མའི་ཚེས་བཅོ་ལྔ་ལ། འཕགས་པའི་གང་ཟག་ཆེན་པོ་ཏོའུ་ཆན་ཞེས་བྱ་བས་ཉམས་གསོས་དང་སྲི་ཞུ་རྒྱ་ཆེར་མཛད། མཆོད་རྟེན་འདིའི་ནང་ན་སྟོན་པའི་ཤ་རི་རཾ་འཁྲུལ་མེད་རྡོག་ཉི་ཤུ་དང༌། དྲི་བཟང་ལས་བསྐྲུན་པའི་མཆོད་རྟེན་ཆུང་བ་སྟོང་ཕྲག་གཉིས། གཙུག་ཏོར་དྲི་མེད་གདུགས་དཀར་སོགས་ཆོས་སྐུའི་རིང་བསྲེལ་སྡེ་ལྔ་རྣམས་ནོར་བུ་ཆུ་ཤེལ་གྱི་སྒྲོམ་དུ་བཞུགས་པ་ཡིན་པར་སྣང་བ་ལ་མཆོད་རྟེན་གྱི་ཕྱི་ངོས་སུ་མཁན་པ་རྩ་ལྡུམ་མང་དུ་སྐྱེ་ཞིང་ཆེར་མི་མངོན་ལ། དགྲ་དང་མེ་ཆུའི་འཇིགས་པས་མི་ཚུགས་པར་གྲགས། སྐབས་སྐབས་སུ་མཚན་མོ་སྨག་རུམ་ལ་ཡང་སྣང་བ་ཆེན་པོ་ཡང་ཡང་བྱུང་བར། དྲུང་བའི་སྐྱེ་བོ་རྣམས་ཀྱིས་མེའི་འཇིགས་པ་བྱུང་ངམ་སྙམ་ནས་ཧ་ལས་ཏེ་བལྟ་བར་ཕྱིན་པ་ན་རིང་བསྲེལ་གྱི་མཆོད་རྟེན་ཉིད་ནས་བྱུང་བའི་འོད་ཟེར་ཡིན་པར་ཤེས་ཏེ་ངོ་མཚར་ཞིང་དད་པ་དང་སྤྲོ་བ་ཆེན་པོས་ཕྱག་འཚལ་བ་ལ་བརྩོན་པར་གྱུར་ཏོ།།

    རིམ་གྱིས་རྒྱལ་པོའི་མདུན་ན་འདོན་ཆེན་པོ་ཐུ་ལེའི་ཞེས་པས་ཐོས་ཏེ་རྒྱུ་མཚན་རྣམས་རྒྱས་པར་རྒྱལ་པོའི་སྙན་དུ་གསོལ་བས་རྒྱལ་པོ་ཡང་མཆོག་ཏུ་དད་དེ་མཆོད་རྟེན་གྱི་དྲུང་དུ་བྱོན་ནས། ནང་ན་ཅི་ཡོད་སྙམ་ནས་མཆོད་རྟེན་གྱི་ཞལ་ཕྱེ་ནས་བལྟས་པས། དྲི་བཟང་གི་མཆོད་རྟེན་རྣམས་ཀྱི་འོག་ཏུ་རྡོའི་སྒྲོམ།དེའི་ནང་དུ་ལྕགས་ཀྱི་མཆོད་རྟེན། དེའི་ནང་དུ་ཟངས་ཀྱི་བུམ་པ་བདུད་རྩི་ཤེལ་གྱི་མདོག་ལྟ་བུས་གང་བའི་ནང་དུ་ཟོང་སྲེལ་རྣམས་གསེར་འོད་འཕྲོ་བ་བཞུགས་པ་དང༌། བུམ་པའི་འོག་ནས་ཀླུའི་རྒྱལ་པོ་གཉིས་ཀྱིས་བཏེགས་པའི་རྣམ་པ་ཅན་སྣང་ཞིང༌། ཁྲིའི་ནང་དུ་མདོ་སྡེ་ཟབ་མོ་སྡེ་ཚན་ལྔའི་གླེགས་བམ་རྣམས་གཙང་ཞིང་དྲི་མ་མེད་པ་བཞུགས་ཤིང༌། གསེར་དང༌།མུ་ཏིག་དང༌།རིན་པོ་ཆེ་སྣ་བདུན་དང༌།སྨན་དང་འབྲས་བུ་སྣ་ཚོགས་པས་བཀང་ཞིང༌། རྒྱན་གྱི་བཀོད་པ་དུ་མས་ཤིན་ཏུ་མཛེས་པར་བྱས་པ་མཐོང་ངོ༌། །ཡང་བུམ་པའི་ཞབས་སུ་གསེར་གྱི་དོང་ཙེ་ཞིག་འདུག་པ་བླངས་ནས་བལྟས་པས། དོང་ཙེའི་ངོས་ལ། ཊི་ཡྭོན་ཐུང་པོའུ་ཞེས་པའི་ཡི་གེ་འབུར་དུ་དོད་པ་མཐོང༌།ཊི་ཡྭོན་ནི་རྒྱལ་པོ་རང་ཉིད་ཀྱི་མིང་ཡིན་པས་མ་འོངས་འབྱུང་འགྱུར་གྱི་དོན་གསལ་བར་སྟོན་པའི་འཕགས་ཆེན་དམ་པ་རྣམས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་ལ་གུས་པ་བླ་ན་མེད་པ་སྐྱེས། དེ་ནས་ཉི་ཝོན་རྒྱལ་པོའི་ལོ་བརྒྱད་པའི་དཔྱིད་ཟླ་ཐ་ཆུང་གི་ཉི་ཤུ་ལྔ་ལ། རྒྱལ་པོ་བཙུན་མོ་དང་བཅས་པས་རྒྱུ་དངོས་མང་དུ་སྦྱར་ཏེ་མཆོད་རྟེན་སྔར་ལས་ཀྱང་རྒྱ་ཆེ་ཞིང་དཔངས་མཐོ་བར་བསྐྲུན་ཏོ། །དེ་ནས་རྩ་བའི་མཆོད་རྟེན་དེ་ཉིད་སྐྱེ་བོ་ཁྲི་ཕྲག་མང་པོས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་མདུན་ནས་བདར་ཏེ་མཆོད་རྟེན་ཆེན་པོའི་ནང་དུ་བཞུགས་སུ་གསོལ། མཆོད་རྟེན་ཆེན་པོའི་ཕྱི་ངོས་སུ་ཡི་དམ་སངས་རྒྱས་བྱང་སེམས་དུ་མའི་སྐུ་བརྙན་འབུར་དུ་དོད་པ་དང༌། མཆོད་པའི་ལྷ་མོ་མཆོད་རྫས་སྣ་ཚོགས་ཐོགས་པའི་གཟུགས་བརྙན་མཛེས་པར་བྱས་ཤིང༌།གཞན་ཡང་མུ་ཏིག་སོགས་རིན་པོ་ཆེའི་དྲ་བ་དྲ་ཕྱེད་དང༌། གསེར་གྱི་དྲིལ་བུ་གཡེར་ཁ་སོགས་ཀྱིས་སྤྲས་ཏེ་ཤེལ་དཀར་གྱི་ལྷུན་པོ་ལྟ་བུའི་འོད་ཟེར་འབུམ་ཕྲག་གོས་སུ་གྱོན་པ་ལྟ་བུ་བཞེངས་པས་འཇིག་རྟེན་ཐམས་ཅད་ཀྱི་ཕྱག་གནས་དམ་པར་གྱུར་ཏོ། །

    དའི་ཡོན་ཏེ་ཆེན་པོ་ཧོར་གྱི་དུས་སུ་བོད་ཀྱི་སློབ་དཔོན་ཨི་ལིན་ཇེང་ཀྱ་ཞེས་པའི་མཚན་ཅན་བྱུང་བ་ཕལ་ཆེར་འཇམ་དབྱངས་རལ་གྲི་ཞེས་པ་ཟུར་ཆགས་པ་ཡིན་ནམ་སྙམ། བླ་མ་དེ་ནི་མདོ་སྔགས་རིག་གནས་མཐའ་དག་ལ་མཁས་ཤིང༌། བསྒོམས་བྱུང་རྟོགས་པའི་ཡོན་ཏན་ཕུལ་དུ་ཕྱིན་པ་ལུགས་གཉིས་ཀྱི་མཁྱེན་པ་རྒྱ་ཆེ་བ་ཞིག་ཡིན་པར་སྣང་བ་དང༌། དེ་དུས་ཀྱི་རྒྱལ་པོ་ཆེན་པོ་ཡང་དཀོན་མཆོག་ལ་ལྟག་པར་དད་ཅིང་སངས་རྒྱས་ཀྱི་བསྟན་པ་ལ་བསྙེན་བཀུར་བྱེད་པ་ལ་དགའ་བ་ཆོས་ལྡན་གྱི་རྒྱལ་པོ་ཞིག་ཡིན་པར་འདུག་པས། མཆོད་ཡོན་གཉིས་བཀས་བགྲོས་ཏེ། སྟོན་པའི་རིང་བསྲེལ་གྱི་མཆོད་རྟེན་ཆེན་པོ་ཉིད་སྔར་ལས་ཆེས་ཆེ་བར་བསྐྱེད་དེ་བཀོད་པ་མཛེས་པར་བསྐྲུན། དེ་ཡང་མཆོད་རྟེན་གྱི་གཟུངས་སྔགས་ཟབ་མོ་རྣམས་མདོ་དང་རྒྱུད་སྡེའི་གོ་རིམ་ཇི་ལྟ་བ་བཞིན་དུ་བྲིས་པའི་སྲོག་ཤིང་ལ་བརྟེན་པའི་མདོ་སྡེ་དང་རྒྱུད་སྡེ་དཔག་ཏུ་མེད་པས་མཆོད་རྟེན་ནང་བར་མཚམས་མེད་པར་དཀྲིགས། བུམ་པའི་ནང་དུ་རིང་བསྲེལ་རྣམས་རིན་པོ་ཆེའི་སྒྲོམ་དུ་བཅུག་སྟེ་ཕྱོགས་མཚམས་རྣམས་སུ་རྒྱལ་བ་རིགས་ལྔ་ལ་སོགས་པའི་སངས་རྒྱས་ཀྱི་སྐུ་བརྙན་ཡང་ཟི་དཀར་པོ་འབའ་ཞིག་ལས་བསྒྲུབས་པའི་དུ་མ་མཚར་དུ་དངར་བ་དང༌། དེའི་མཐའ་སྐོར་དུ་ཁྲོ་བོ་དང་ཁྲོ་མོ་དུ་མ་ཕྱོགས་བསྲུང་བའི་ཚུལ་གྱིས་བཀོད།དེའི་འོག་གི་སེང་ཁྲིའི་སྟེང་དུ་རྒྱལ་བའི་བསྟན་བསྲུང་ཆེན་པོ་དུ་མ་དང༌། ཚངས་པ་དང་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བའི་ལྷ་ཀླུ་གཟའ་སྐར་དང་ནོར་ལྷ་རྒྱལ་ཆེན་བཞི་འཇིགས་བྱེད་དགུའི་ཚོགས་རྣམས་རྡོ་ལས་བསྒྲུབས་པ་དང༌། གཞན་ཡང་བར་མཚམས་རྣམས་སུ་སྤར་དུ་བཏབ་པའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་བགྲང་གིས་མི་ལང་བ་བཞུག མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་རྫས་སྣ་ཚོགས་ཀྱིས་མཆོད་པའི་བཀོད་པས་མཛེས་པར་བརྒྱན།གཞན་ཡང་སྟེང་ངོས་སུ་རྒྱལ་ཡུམ་ཤེར་ཕྱིན་མ། གཙུག་ཏོར་གདུགས་དཀར། གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་དྲི་མེད། འོད་ཟེར་རྣམ་དག འོད་ཟེར་ཅན་མ། རྡོ་རྗེ་རྣམ་འཇོམས།དོན་ཡོན་ཞགས་པ།མི་འཁྲུགས་རྒྱལ་པོ།ཕྱག་ན་རྡོ་རྗེ།སྤྱན་རས་གཟིགས།འཇམ་དབྱངས་རྣམས་ཀྱི་སྐུ་བརྙན་དང༌།གསུང་རྟེན་གཟུངས་སྔགས་ལ། གཙུག་ཏོར་དྲི་མེད། གསང་བ་རིང་བསྲེལ། བྱང་ཆུབ་རྒྱན་འབུམ། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན། སྟོབས་པོ་ཆེ། གཙུག་ཏོར་འབར་བ། ཁང་བུ་བརྩེགས་པ། དམ་ཚིག་གསུམ་བཀོད། རྟེན་འབྲེལ་སྙིང་པོ་ལ་སོགས་གཟུངས་སྔགས་བརྒྱ་ཕྲག་དུ་མ་རེ་རེ་ཞིང་འབུམ་ཕྲག་རེ། ལྕགས་ཀྱི་སྒྲོམ་དུ་བཅུག་སྟེ་གཞུགས་སུ་བཅུག ཐུགས་ཀྱི་རྟེན་མཆོད་རྟེན་ཆེན་པོ་རང་ཉིད་ཀྱི་ནང་ངོས་ཀྱི་རྡོ་བ་ལ། ཤར་དུ་རྡོ་རྗེ། ལྷོར་རིན་པོ་ཆེ།ནུབ་ཏུ་པདྨོ།བྱང་དུ་སྣ་ཚོགས་རྡོ་རྗེ། མཚམས་བཞིར་ལྷ་མོ་བཞིའི་ཕྱག་མཚན་རྣམས་བརྐོས་ཏེ་འབུར་དུ་དོད་པ་མང་དུ་བཀོད། གཞན་ཡང་རྒྱ་གར་རྡོ་རྗེ་གདན་གྱི་ས་སྣ་དང༌། རི་བོ་རྩེ་ལྔ་ལ་སོགས་པའི་ཕྱོགས་འདིའི་གནས་ཆེན་མཐའ་དག་གི་ས་སྣ་ཆུ་སྣ་དང༌། ཨ་དཀར་ནག་ཙན་དན་དཀར་དམར་སི་ཧ་ལ་ལ་སོགས་པའི་དྲི་བཟང་དང༌། གསེར་དངུལ་མུ་ཏིག་བྱི་རུ་རྡོ་སྙིང་ལ་སོགས་པའི་རིན་ཆེན་སྣ་ཆོགས་ཀྱི་ཕྱེ་མ་ལས་བསྒྲུབས་པའི་མཆོད་རྟེན་ཆུང་བ་སྟོང་རྩ་བརྒྱད། གུ་གུལ་སྤོས་དཀར་ཙན་དན་གསེར་ལ་སོགས་པའི་ཕྱེ་མ་ལས་བཞེངས་པའི་སཱ་ཙྪ་འབུམ་ཕྲག་བཅུ་གསུམ་རྣམས་མཆོད་རྟེན་གྱི་ནང་བཞུགས་སུ་གསོལ་ཏོ། །ཆ་ཚད་དང་ལྡན་པར་བཞེངས་པའི་མཆོད་རྟེན་ཆེན་པོའི་ཕྱིའི་མཐོ་ཚད་འདོམ་བཞི་བཅུ་ཞེ་གསུམ་དང༌། གདུགས་ཀྱི་ཞེང་ཚད་འདོམ་བདུན་ཡོད་པའི་བཟོ་དབྱིབས་ཕུན་སུམ་ཚོགས་ཤིང་བལྟ་ན་སྡུག་པ་ཤེལ་དཀར་གྱི་ལྷུན་པོ་ལྟ་བུ། མཆོག་གསུམ་གྱི་བྱིན་རླབས་ཚད་མེད་པ་དང་ལྡན་པའི་རྟེན་ཁྱད་པར་ཅན་དཔག་ཏུ་མེད་པ་སྤྲིན་གྱི་ཕུང་པོ་ལྟར་དཀྲིགས་པས་སྐྱེ་དགུ་མཐའ་དག་གི་བསོད་ནམས་ཀྱི་ཞིང་ས་དམ་པར་གྱུར་པ་ལགས་སོ། །

    དེ་ནས་མཆོད་རྟེན་གྱི་མདུན་དུ་གཙུག་ལག་ཁང་བཞེངས་པ་དང༌། དགེ་འདུན་གྱི་སྡེ་འཛུགས་པ་སོགས་བསྙེན་བཀུར་ཕུན་སུམ་ཚོགས་པ་བགྱིས།ཆེན་པོ་ཏཱ་མིང་གི་དུས་ཀྱི་ཅེང་ཏེའི་ལོ་གསུམ་པ་དང༌། ཆེང་ཧྭའི་ལོ་གསུམ་པ་དང༌། ཀྱ་ཅེང་གི་ལོ་བཅུ་གཅིག་པའི་སྐབས་སུའང་མཆོད་རྟེན་ཆེན་པོར་ཉམས་གསོས་དང༌། ལྷ་ཁང་དུ་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ། དགེ་འདུན་ལ་ཞབས་ཏོག་བྱེད་པ་སོགས་སྲི་ཞུ་རྒྱ་ཆེར་མཛད། འུ་ཅག་གི་ཆེན་པོ་ཆིང་གི་རྒྱལ་རབས་ལ། ༢ གོང་མ་བདེ་སྐྱིད་ཐུགས་རྗེ་ཅན་གྱི་གནམ་ལོ་ཉི་ཤུ་རྩ་བདུན་པའི་དུས་སུ་མཆོད་རྟེན་ལ་བཤིག་གསོས་དང༌། དགོན་པར་རང་རེའི་རི་བོ་དགེ་ལྡན་པའི་དགེ་འདུན་གྱི་སྡེ་བཞུགས་པ་ལ་གསོལ་ཕོག་སོགས་ཀྱི་བསྙེན་བཀུར་དང་གཟེངས་བསྟོད་མཛད། ད་ལྟའི་གོང་མ་བདག་ཆེན་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱིས་ཀྱང་གནམ་སྐྱོང་གི་ལོ་བཅོ་བརྒྱད་པ་ལ། མཆོད་རྟེན་ཆེན་པོར་ཉམས་གསོས་མཛད་སྐབས། ཏོག་གི་ནང་དུ་སངས་རྒྱས་ཀྱི་རིང་བསྲེལ་མང་ཙམ་དང༌།གཙུག་ཏོར་གདུགས་དཀར་གྱི་ཡུལ་བསྲུང་ཆེན་པོ་དང༌། རྒྱལ་བའི་བཀའ་འགྱུར་རོ་ཅོག་ཚང་བ་སོགས་རྟེན་ཁྱད་པར་ཅན་དུ་མ་གཞུག་པར་བྱས་ཏེ། གཙུག་ལག་ཁང་དང་བཅས་པ་ཉམས་གསོས་རྒྱ་ཆེར་མཛད། དེ་ལྟར་ན་ཆེན་པོ་ཐང་གི་དུས་ནས་ད་ལྟའི་བར་གྱི་ཆོས་དང་ལྡན་པའི་རྒྱལ་པོ་མཐའ་དག་གིས་མཆོད་པ་དང་མདོ་སྔགས་ཀྱི་ཚིགས་བཅད་རྡོ་ལ་བྲིས་པ་སོགས་ཀྱིས་ཕུ་དུད་དང་རིམ་གྲོ་བླ་ན་མེད་པས་སྲི་ཞུ་བགྱིས་ཏེ་རྟེན་གྱི་གཙོ་བོར་མངའ་གསོལ་བས་འཇིག་རྟེན་ཐམས་ཅད་དུ་བཀྲ་ཤིས་ཀྱི་དགེ་མཚན་རྒྱ་ཆེན་པོས་ཁྱབ་ཅིང༌། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པའི་རྟེན་འབྲེལ་ཁྱད་པར་ཅན་འགྲིག་པ་ཡིན་ལ། ཚེས་བརྒྱད་དང་བཅོ་ལྔ་ལ་སོགས་པའི་དུས་ཁྱད་པར་ཅན་གྱི་མཚན་མོའི་སྐབས་སུའང་འོད་ཟེར་གྱི་སྣང་བ་ཆེན་པོ་བྱུང་བ་ཀུན་གྱི་མངོན་སུམ་དུ་གྲུབ་པ་ད་ལྟའི་བར་དུ་ཡང་ཡོད་པ་སོགས་ངོ་མཚར་གྱི་ཡོན་ཏན་དུ་མ་དང་ལྡན་པས་བྱིན་རླབས་ཀྱི་གཏེར་ཆེན་པོར་ཤེས་པར་བྱའོ། །

    འདི་སྐད་དུ། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །མཆོད་པའི་ཁྱད་པར་ཅི་འདོད་ཅི་འབྱོར་བ།།མཚན་པར་འབུལ་བྱེད་དེ་དག་དྲི་མེད་ཅིང༌། མྱ་ངན་མེད་པའི་བླ་མེད་བྱང་ཆུབ་འཐོབ། །ཞེས་དང༌། ཡང༌། མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་མགོས་གཏུགས་ཕྱག་འཚལ་བ། །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱི། ། ཆེར་ཡང་ཆེ་བར་བཀུར་བའི་གནས་སུ་འགྱུར། །ཞེས་དང༌། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ།། མི་གང་བསྐོར་བ་བྱེད་པ་ཡི། །བསྔགས་པ་བསྐལ་པ་བྱེ་བར་ཡང༌། ། བརྗོད་པས་ཟད་པར་བྱེད་མི་ནུས། །ཞེས་སོགས་རྒྱལ་བའི་མཆོད་རྟེན་ལ་ཕྱག་མཆོད་བསྐོར་བ་སོགས་བྱས་པས་མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བུ་མཆོག་ཏུ་གྱུར་པ་འཐོབ་པའི་ཕན་ཡོན་དཔག་ཏུ་མེད་པ་གསུངས་ཤིང༌།གཞན་ཡང་མདོ་རྒྱུད་རྣམས་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ནས་བརྗོད་པ་དང༌། གཟུངས་སྔགས་ཟབ་མོ་བཟླས་བཞིན་དུ་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་ཕྱག་མཆོད་བསྐོར་བ་བྱས་ན་མཚམས་མེད་པ་ལ་སོགས་པའི་ལས་སྒྲིབ་ཆེན་པོ་ཡང་མྱུར་དུ་བྱང་བ་དང༌།ཚེ་དང་བསོད་ནམས་དང་གཟི་བརྗིད་ཕུན་སུམ་ཚོགས་པ་དང༌། ནམ་ཡང་ངན་སོང་དུ་མི་ལྟུང་བ་དང༌།འཆི་བའི་དུས་སུ་བཅོམ་ལྡན་འདས་ཀྱི་ཞལ་མཐོང་བ་དང༌། དག་པའི་ཞིང་དུ་སྐྱེ་བ་སོགས་ཕན་ཡོན་མཐའ་ཡས་པ་གསུངས་པ་རྣམས་ལ་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་པོའི་སྒོ་ནས་སྐལ་པ་དང་ལྡན་པ་རྣམས་ཀྱིས་ཕྱག་མཆོད་བསྙེན་བཀུར་སོགས་ལ་འབད་པ་ཆེན་པོས་རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་རྒྱ་ཆེན་པོ་བསྒྲུབ་པར་མཛད་འཚལ་ལོ། །དེ་ལྟར་འབད་ལས་དགེ་བ་གང་ཐོབ་པ། །རྒྱལ་བསྟན་དྲི་མེད་ཕྱོགས་བཅུར་རྒྱས་པ་དང༌། །འགྲོ་ཀུན་ཡང་དག་ལམ་ལ་ཞུགས་གྱུར་ཏེ། །མྱུར་དུ་བྱང་ཆུབ་ཆེན་པོ་ཐོབ་ཕྱིར་བསྔོ།།ཅེས་རྒྱལ་ཁབ་ཆེན་པོའི་ཕོ་བྲང་ཕྱི་མའི་ནུབ་སྒོའི་ནང་ལོགས་སུ་བཞུགས་པའི་མཆོད་རྟེན་ཆེན་པོ་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་དད་པ་རྒྱས་བྱེད་ཅེས་བྱ་བ་འདི་ནི། མཆོད་རྟེན་དཀར་པོའི་ཏཱ་བླ་མའི་ལས་དོན་བྱེད་ཅིང་རང་གི་གམ་དུ་ཉེ་རང་གནས་པའི་བསླབ་གསུམ་ལྡན་པའི་དགེ་སློང་ཨ་ཆི་ཐུ་ཆོས་རྗེ་བསྟན་པ་རིན་ཆེན་གྱིས་ཡང་ཡང་བསྐུལ་བའི་ངོར། རྒྱ་ནག་གི་ཡིག་ཚང་ལས་འབྱུང་བའི་ལོ་རྒྱུས་རྙིང་པ་རྣམས་ལ་ཞིབ་ཏུ་བལྟས་ཏེ་རང་གཞན་གྱི་དད་པའི་གསོས་སུ་མང་དུ་ཐོས་པའི་རྒྱལ་ཁམས་པ་༧ཏཱཀྭཽ་ཤི་ལྕང་སྐྱ་རོལ་བའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་ཆོས་ཚུལ་དུ་མ་ལ་རྣམ་དཔྱོད་ཡངས་པའི་ཨུ་ཅུ་མུ་ཆེན་གུ་ཤི་དགེ་སློང་ངག་དབང་བསྟན་འཕེལ་གྱིས་བགྱིས་པ་འདིས་ཀྱང་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་པར་གྱུར་ཅིག །

    

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག