མདུན་ཤོག- རིག་གནས་འཚོ་བ།- གསུང་འབུམ།

གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་ཙན་དན་ཇོ་བོའི་ལོ་རྒྱུས།

    2014-01-09 10:37

    ༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་ཙན་དན་ཇོ་བོའི་ལོ་རྒྱུས་སྐོར་ཚད་ཕན་ཡོན་མདོར་བསྟན་པ།

    ལྕང་སྐྱ་རོལ་བའི་རྡོ་རྗེ།

    ན་མོ་ཤཱཀྱ་མུ་ནྰི་ཡེ། བརྩེ་དང་མཁྱེན་པའི་ཡེ་ཤེས་སྟོབས་བཅུའི་རྩལ། །མཚན་དཔེའི་སྒྱུ་འཕྲུལ་དྲ་བར་མངོན་བཞེངས་པ། །ལྷར་བཅས་འགྲོ་བའི་གཙུག་ན་ལྷང་ངེར་བརྗིད། །ཐུབ་དབང་ཤཱཀྱའི་གཙོ་ལ་ཕྱག་འཚལ་ནས། །མགོན་དེས་སྙིགས་མའི་འགྲོ་ལ་ཐུགས་རྗེའི་འོད། ། ལྷག་པར་འཕྲོ་བའི་བདག་ཉིད་མངོན་སུམ་དུ། །མཛེས་སྐུའི་བྱིན་རླབས་ཕུང་པོར་ཤར་བ་ལ། །ཕྱག་བསྐོར་བསྙེན་བཀུར་བྱེད་ཚུལ་མདོ་ཙམ་བརྗོད།།

    དེ་ལ་འདིར་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་འདྲེན་པ་མཉམ་མེད་ཟས་གཙང་གི་སྲས་པོ་དེ་ཉིད་ཀྱིས་བདེར་གཤེགས་གཞན་གྱིས་འདུལ་བར་མ་ནུས་པའི་ཞིང་འདིའི་སྙིགས་དུས་ཀྱི་གདུལ་བྱ་རྣམས་ལ། ཐུགས་རྗེ་ཆེན་པོའི་མཐུ་དཔུང་ལྷག་པར་བསྐྱེད་དེ་འཛམ་བུ་གླིང་གི་ཡུལ་དབུས་མ་ག་ངྷར་མཆོག་གི་སྤྲུལ་པའི་སྐུའི་བཀོད་པ་བསྟན་ཏེ་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱི་མི་ཁྱབ་པས་སྐྱེ་རྒུ་རྣམས་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་གསལ་བར་མཛད། སྐུ་དངོས་ཀྱི་གདུལ་བྱ་རྫོགས་པའི་རྗེས་སུ་ཡང་མཐོང་ཐོས་དྲན་རེག་གི་འགྲོ་བ་བགྲང་ལས་འདས་པ་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་བསྐྲུན་པར་བྱ་བའི་ཆེད་དུ་ཐུགས་ཀྱི་རྟེན་མཆོད་རྟེན་ཆ་བརྒྱད་དང་སྐུ་གདུང་ཤ་རི་རེ་དང་གསུང་གི་རྟེན་ཆོས་སྐུའི་རིང་བསྲེལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་དང་གཟུངས་སྔགས་ཁྱད་པར་ཅན་དུ་མ་དང༌།སྐུའི་རྟེན་སྐུ་དངོས་ཀྱིས་བྱིན་གྱིས་བརླབས་པ་དང༌། བཀས་གནང་བ་བསྩལ་ཏེ་བཞེངས་སུ་བཅུག་པའི་སྐུ་བརྙན་དང༌། ཆོས་ཀྱི་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པའི་རྗེས་སུའང་སྐལ་པ་དང་ལྡན་པ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང༌། དེ་ལ་མཆོད་པ་སོགས་བྱས་ན་སྐུ་དངོས་ལ་བསྙེན་བཀུར་བྱས་པ་དང་འདྲ་བའི་བསོད་ནམས་ཀྱི་ཚོགས་བསག་པར་ལུང་བསྟན་པར་མཛད་པས་ན། ད་ལྟའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་རྣམས་ཀྱང་ལས་དང་སྐལ་བར་ལྡན་པའི་གདུལ་བྱའི་རྒྱུད་ལ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་བྱུང་བ་ཡིན་པས་ཡེ་ཤེས་ཆོས་ཀྱི་སྐུའི་འཕྲིན་ལས་སུ་ངེས་པ་རྙེད་པ་གལ་ཆེའོ།།

    དེ་ལས་སྐུའི་རྟེན་བཞེངས་པའི་ཐོག་མ་ནི། རྒྱལ་བ་རང་ཉིད་ཞལ་བཞུགས་པའི་དུས་སུ་རྒྱལ་པོ་ཨུ་ཏྲ་ཡ་ནས་རིན་པོ་ཆེ་བཻ་ཌྰུརྱའི་ཁྲབ་རིན་ཐང་གཞལ་དུ་མེད་པ་ཞིག་སྐྱེས་སུ་བསྐུར་བའི་ལན་དུ། རྒྱུལ་པོ་གཟུགས་ཅན་སྙིང་པོས་སྟོན་པ་ལ་གནང་བ་ཞུས་ཏེ་དབུས་སུ་སངས་རྒྱས་ཀྱི་སྐུ་བརྙན། སྟེང་དུ་བརྩམ་པར་བྱ་ཞིང་དབྱུང་བར་བྱ། །ཞེས་སོགས་ཀྱི་ཚིགས་བཅད། འོག་ཏུ་རྟེན་འབྲེལ་ལུགས་འབྱུང་ལྡོག་རྣམས་བཀས་གནང་བ་ལྟར་བྲིས་ཏེ་བསྐུར་བར་མདོ་ལས་གསུངས་པ་ནི་བྲིས་སྐུ་བཞེངས་པའི་ཐོག་མ་དང༌།

    བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་དུ་ལྷ་རྣམས་ཀྱི་མཆོད་གནས་ལ་གཤེགས་སྟབས་རྒྱལ་བོ་ཨུ་ཏྲ་ཡ་ནས་སྟོན་པའི་སྐུ་ཚབ་ཏུ་ཙན་དན་གོ་ཤིརྵ་ལས་སྐུ་བརྙན་བཞེངས་པའི་ཙན་དན་ཇོ་བོར་གྲགས་པ་འདི་ནི་འབུར་སྐུ་བཞེངས་པའི་ཐོག་མ་ཡིན་པར་དམ་པ་མང་པོས་བཤད་དོ།།

    འདིར་སྐབས་སུ་བབས་པ་ཙན་དན་ཇོ་བོའི་ལོ་རྒྱུས་ལ་སྟོན་པའི་འཁྲུངས་ལོ་སོགས་ལ་རྒྱ་གར་ནག་དང་བོད་ཀྱི་མཁས་པ་མང་པོའི་བཞེད་ཚུལ་མི་འདྲ་བ་མང་དུ་འབྱུང་བའི་དབང་གིས་ལྷ་གནས་སུ་ཕེབས་པའི་ལོའི་གྲངས་ཀྱང་མི་མཐུན་པ་དང༌། བོད་ཀྱི་བཀའ་འགྱུར་ན་འདུལ་བ་ལུང་དང་དྲིན་ལན་བསབ་པའི་མདོ་སོགས་ལས་སྐུ་བརྙན་འདི་ཉིད་བཞེངས་ཚུལ་མདོ་ཙམ་བྱུང་ཡང་རྒྱ་ནག་གི་ལོ་རྒྱུས་ལས་འབྱུང་བ་རྣམས་དེ་ལས་རྒྱས་པར་སྣང་ཞིང་དེའི་ཁུངས་ཀྱང་ལེགས་པར་སྣང་བས་དེ་བཞིན་དུ་བཤད་ན།སྟོན་པ་དགུང་ལོ་སོ་བརྒྱད་པ་ལ་སྔོན་རང་གི་ཡུམ་སྒྱུ་མ་ལྷ་མཛེས་འཛམ་བུ་གླིང་ནས་ཤི་འཕོས་ཏེ་སུམ་ཅུ་རྩ་གསུམ་དུ་སྐྱེས་པ་དེའི་དོན་མཛད་པ་དང༌། གཞན་ཡང་སུམ་ཅུ་རྩ་གསུམ་གྱི་ལྷ་སྐལ་བ་དང་ལྡན་པ་རྣམས་རྗེས་སུ་བཟུང་བའི་ཆེད་དུ་ལྷའི་ཡུལ་དུ་གཤེགས་ཏེ།དེར་ཟླ་བ་གསུམ་དབྱར་གནས་པར་བཞུགས། རང་གི་ཡུམ་དང་ལྷའི་གདུལ་བྱ་མང་པོ་བདེན་པ་ལ་བཀོད་པ་སོགས་ཀྱི་དོན་མཛད། དེའི་ཚེ་ཝ་ར་ན་སིའི་རྒྱལ་པོ་ཨུ་ཏྲ་ཡ་ནས་སྟོན་པའི་ཞལ་མ་མཇལ་བར་ཡུན་རིང་སོང་བས་ཡིད་གདུངས་ཏེ། སྐུ་དངོས་དང་འདྲ་བའི་སྐུ་བརྙན་བཞེངས་པར་བསམས་ཏེ་མོའུ་འགལ་གྱི་བུ་ལ་སྦྲན།དེས་ཀྱང་བཟོ་བོ་མཁས་པ་སུམ་ཅུ་རྩ་གཉིས་ཁྲིད་དེ་རྫུ་འཕྲུལ་གྱིས་ལྷ་ཡུལ་དུ་ཕྱིན། སྟོན་པའི་སྐུ་དངོས་ལ་བལྟར་བཅུག་པས་བཅོམ་ལྡན་འདས་ཀྱི་འོད་དང་གཟི་བརྗིད་མཐའ་ཡས་པའི་ཟིལ་གྱིས་བཟོ་བོ་རྣམས་ཀྱིས་སྐུའི་མཚན་རྣམས་ཇི་ལྟ་བཞིན་ཡིད་ལ་གཟུང་མ་ནུས་པ་ན་སྟོན་པ་ཆུ་ཀླུང་གི་འགྲམ་དུ་ཕེབས། སྐུ་བཞེངས་སྟབས་སུ་བཞུགས་པའི་གཟུགས་བརྙན་ཆུ་ནང་དུ་ཤར་བ་ལ་ལན་གསུམ་བསྐྱར་ཏེ་བལྟས་ལ་མཚན་བཟང་གི་ཁྱད་པར་རྣམས་ཡིད་ལ་བཟུང་བ་ལྟར་ཙན་དན་གཽ་ཤིརྵ་ལས་སྐུ་གཟུགས་བཞེངས་པ་ཡིན་ཅིང༌། དེའི་ཚེ་ན་བཟའ་ཡང་ཆུའི་གཉེར་མས་བསྐྱོད་པའི་རྣམ་པ་ཅན་དུ་ཡོང་པ་ལ་དཔེ་བྱས་ཏེ་ཆུ་རིས་མར་བསྒྲུབས། དེ་ཡང་སྟོན་་པའི་བྱིན་རླབས་ཀྱིས་ཉི་མ་གཅིག་ལ་བསྒྲུབས་ནས་རྒྱལ་པོ་ཨུ་ཏྲ་ཡ་ནའི་མཆོད་གནས་སུ་བཞུགས། དེ་ནས་སྟོན་པ་སླར་མི་ཡུལ་དུ་ཕེབས་པའི་ཚེ་རིན་པོ་ཆེའི་ཐེམ་སྐས་གསུམ་སྤྲུལ་ཏེ་གཡས་པར་ཚངས་པ་ཆེན་པོ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་གཟུང་བ་གཟུགས་ཁམས་ཀྱི་ལྷ་རྣམས་དང་བཅས་པ་དང༌། གཡོན་པར་བརྒྱ་བྱིན་རྔ་ཡབ་དཀར་པོ་ནོར་བུའི་ཡུ་བ་ཅན་ཐོགས་པ་འདོད་ཁམས་ཀྱི་ལྷའི་ཚོགས་དང་བཅས་པ་དང༌། སྟེང་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་དང་བུ་མོ་མང་པོས་མཆོད་རྫས་སྣ་ཚོགས་པ་ཐོགས་པས་མཆོད་ཅིང༌། མདུན་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྟ་རྣམས་ཀྱིས་དྲི་བཟང་པོའི་སྤོས་ཐོགས་པས་བསུས་ཏེ།སྟོན་པ་རང་ཉིད་ཐེམ་སྐས་དབུས་མ་ནས་མཚན་དཔེའི་འོད་ཟེར་རབ་ཏུ་འབར་བར་ཉི་མའི་དཀྱིལ་འཁོར་ལྟར་ལྷམ་མེ་ལྷན་ནེ་ལྷང་ངེར་རེས་རྫུ་འཕྲུལ་དང་རེས་ཞབས་ཀྱིས་རིམ་གྱིས་བྱོན། དེའི་ཚེ་དགེ་སློང་གི་དགེ་འདུན་རྣམས་དང༌། རྒྱལ་པོ་དང༌། བློན་པོ་དང༌། བྲམ་ཟེ་དང༌། ཁྱིམ་བདག་ཕོ་མོ་རྣམས་ཀྱིས་རང་རང་གི་ཅི་འབྱོར་བའི་མཆོད་རྫས་སྣ་ཚོགས་པ་ཐོགས་ནས་བསུ་བ་བྱས་སྐབས་སྐུ་བརྙན་འདིས་ནམ་མཁར་་འཕགས་ཏེ་གོམ་པ་དྲུག་བསུས་ཏེ། སྐུ་དངོས་དང་མཇལ་སྐབས་དབུ་གུག་གུག་པ་ལན་གསུམ་གྱིས་སྐུ་ཁམས་འདྲི་བའི་ཚུལ་མཛད། སྟོན་པས་སྐུ་བརྙན་འདིའི་དབུ་ལ་ཕྱག་གཡས་པ་བརྐྱངས་ཏེ་བཞག་ནས་སངས་རྒྱས་དངོས་དང་འདྲ་བའི་བསྔགས་པ་མཛད་ཅིང༌། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བརྒྱ་ཕྲག་བཅུ་འདས་ནས། །ཤར་ཕྱོགས་ཙི་ནའི་ཡུལ་དུ་ཁྱོད། །བསྟན་དང་འགྲོ་ཕན་དོན་ལ་བཞུད། །ཅེས་ལུང་བསྟན་ནས་རྒྱལ་པོ་ཨུ་ཏྲ་ཡ་ན་ལ་ལེགས་སོ་བྱིན་ཏེ་སྐུ་གཟུགས་ཀྱི་ཐོག་མ་བཞེངས་པ་འདི་བའི་བསྟན་པ་ལ་བྱ་བ་བྱས་ཤིང་སྐྱེ་བོ་སྐལ་པ་དང་ལྡན་པ་མང་པོའི་བསོད་ནམས་ཀྱི་ཞིང་དམ་པར་གྱུར་པ་དང༌།གཞན་ཡང་སེམས་ཅན་དཔག་ཏུ་མེད་པའི།དགེ་བའི་རྩ་བ་བསྐྱེད་པའི་གཞི།སྡིག་སྒྲིབ་དག་པར་བྱེད་པའི་ཐབས་བླ་ན་མེད་པ་བདེ་བར་གཤེགས་པའི་སྐུ་བརྙན་བཞེངས་པའི་སྲོལ་གསར་དུ་གཏོད་པ་ཁྱོད་་དང་འདྲ་བ་མེད་དོ་ཞེས་བཀའ་སྩལ་པ་དང༌། ལྷའི་དབང་པོས་ཀྱང༌། ཀྱེ་རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ་དགའ་བར་བྱོས་ཤིག་རྙེད་པ་ལེགས་པར་བརྙེས་སོ་ཞེས་རྗེས་སུ་ཡི་རང་བས་གཟེངས་བསྟོད།དེ་ནས་བཟུང་སྟེ་ལོ་སྟོང་ཉིས་བརྒྱ་གྱ་ལྔའི་བར་དུ་རྒྱ་གར་ཡུལ་དུ་སྐྱེ་འགྲོ་རྣམས་ཀྱི་མཆོད་གནས་དམ་པར་བཞུགས། དེ་ནས་ཁིའུ་ཚིའི་ཞེས་བྱ་བ་ལི་ཡུལ་དུ་ལོ་དྲུག་ཅུ་རེ་བརྒྱད་བཞུགས། དེ་སྐབས་རྒྱ་ནག་གི་རྒྱལ་ས་ཐང་གུར་གྱི་བྱེ་བྲག་ཆེན་གུར་གྱིས་བཟུང་བའི་སྐབས་ཡིན་ལ་དེའི་ཞི་ཅུ་རྒྱལ་བོ་པུ་ཀྱན་གྱིས་དམག་དཔོན་ལུའི་ཀྭང་ཞེས་པ་རྒྱ་གར་གྱི་ཡུལ་དུ་མངགས། རྒྱ་གར་གྱི་ཡུལ་ཕྲན་འགའ་ཞིག་དབང་དུ་བསྡུས།ཇོ་བོའི་སྐུ་བརྙན་འདི་དང་སྟོན་པའི་རིང་བསྲེལ་ཤཱ་རི་རི་ཆེ་བ།པཊྞི་ཏ་ཀུ་མ་ར་ཤྲྰི་རྣམས་གདན་དྲངས། ཕྱིར་ལོག་པའི་ལམ་དུ་པཊྞི་ཏས་མངོན་ཤེས་དང་གྲུབ་རྟགས་མང་པོ་བསྟན་པས་དམག་དཔོན་དད་པ་ཆེར་འཕེལ་རིམ་གྱིས་སི་ཆྭན་དུ་སླེབ་པ་ན་རྒྱལ་པོ་སྔ་མ་འདས། དུས་གཟིངས་ཆེན་པོ་བྱུང་བ་དང་ཐུག་པས་བརྗི་བའི་ལུང་བསྟན་པ་ལྟར་ལིའང་ཅེའུ་མཁར་དུ་རྟེན་རྣམས་གདན་དྲངས། དམག་དཔོན་འདིས་རྒྱ་ནག་གི་ཡུལ་གྲུ་དུ་མ་ཞིག་ལ་དབང་བསྒྱུར། དུས་ཕྱིས་ཡོ་ཆང་གི་བུ་ཡོ་ཁིང་རྒྱལ་པོས་ཇོ་པོའི་སྐུ་དང་འཕེལ་གདུང་པཎྚི་ཏ་རྣམས་ཆང་ཨན་མཁར་དུ་གདན་དྲངས། གཙུག་ལག་ཁང་གསར་དུ་བཞེངས་པ་དང་རྒྱལ་བའི་གསུང་རབ་མང་དུ་བསྒྱུར་བ། དགེ་འདུན་སྟོང་ཕྲག་ལོང་བའི་བཤད་སྒྲུབ་ཀྱི་སྡེ་ཡར་དུ་བཙུགས་པ་སོགས་བསྟན་པ་ལ་བསྙེན་བཀུར་རྒྱ་ཆེར་ཞུས། དེ་ལྟར་སྐུ་བརྙན་འདི་ཉིད་ཆེན་པོ་ཐང་ཨུར་སོགས་ཀྱི་དུས་སུ་སི་ཆྭན་དང་ཧྭའི་ནན་དང་ཀྱའང་ནན་སོགས་ཞིང་ས་དུ་མར་རྒྱལ་པོ་རྣམས་ཀྱིས་གདན་དྲངས་ཏེ་འགྲོ་བ་མཐའ་ཡས་པའི་བསོད་ནམས་གྱི་ཞིང་དུ་མཆོད་པར་བྱས། དེ་ནས་ཇུར་ཆིང་དའི་ཀྱིན་གྱི་དུས་སུ་ད་ལྟ་པེའི་ཀྱིང་དུ་གྲགས་པའི་ཕོ་བྲང་ཆེན་པོར་གདན་དྲངས།མིན་ཅུང་སྔི་ཞེས་བྱ་བའི་ལྷ་ཁང་དུ་བཞུགས་སུ་གསོལ་ཏེ་བསྙེན་བཀུར་དང་མཆོད་པ་རྒྱ་ཆེར་བྱས་ཤིང་དའི་ཀྱིན་གྱི་རྒྱལ་རབས་ཕྱི་མ་རྣམས་ཀྱིས་ཀྱང་ཕོ་བྲང་ནང་གི་ལྷ་ཁང་གཞན་དང་གཞན་དུ་གདན་དྲངས་ཏེ་མཆོད་པར་བྱས།དེ་ནས་དའི་ཡྭོན་ཞེས་པ་ཆེན་པོ་ཧོར་གྱི་དུས་སུ་ཞྰེང་ཨན་སི་ཞེས་པའི་ལྷ་ཁང་དུ་མཆོད་ཅིང་ཁྱད་པར་སེ་ཆེན་རྒྱལ་པོའི་དུས་སུ་ད་ལྟའི་མཆོད་རྟེན་དཀར་པོ་བཞེངས་པའི་གནས་གཞི་འདིར་གཙུག་ལག་ཁང་ཆེན་པོ་གསར་དུ་བཞེངས་ཏེ་དགེ་འདུན་གྱི་སྡེ་བཙུགས་ཤིང་རྟེན་འདི་ཉིད་ལ་མཆོད་པ་བླ་ན་མེད་པ་བྱས། ཧོར་གྱི་རྒྱལ་རབས་ཕྱི་མ་རྣམས་དང༌། ཆེན་པོ་མིང་གི་དུས་སུ་ཡང་ཕོ་བྲང་འདི་གའི་ལྷ་ཁང་དག་ཏུ་བཞུགས་པ་ལས་འུ་ཅག་ཆེན་པོ་ཆིང་གི་དུས་བདེ་སྐྱིད་ཀྱི་ལོ་བཞི་བར་འཇམ་དབྱངས་གོང་མ་ཤེང་ཙི་ཆོས་ཀྱི་རྒྱལ་པོ་ཐུགས་རྗེ་ཅན་གྱིས་གསེར་མཁར་གྱི་ནང་ཕོ་བྲང་ནང་མའི་ཉེ་འདབས་ནུབ་བྱང་ལོགས་སུ་སྙིང་རྗེ་ཆེན་པོའི་ལྷ་ཁང་ཞེས་པ་གསར་དུ་བཞེངས། ཇོ་བོ་རིན་པོ་ཆེ་འདི་ཉིད་དེར་གདན་དྲངས་ཏེ་རྟེན་གྱི་གཙོ་བོར་བཞུགས་སུ་བཅུག རང་རེའི་རི་བོ་དགེ་ལྡན་པའི་ལུགས་འཛིན་པའི་དགེ་འདུན་གྱི་སྡེ་ཚོགས་པར་བྱས།བྱམས་གླིང་མཁན་པོ་ལྷ་རྗེ་སངས་རྒྱས་རྒྱལ་མཚན་བླ་མར་བསྐོས། རྟེན་རྣམས་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་དང་མཆོད་པའི་དངོས་པོ་བསམ་གྱི་མི་ཁྱབ་པས་བསྟི་སྟང་དུ་བྱས། དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་ནར་མའི་རྒྱུན་འཛུགས་པ་སོགས་ཐུབ་པའི་བསྟན་པ་ལ་སྲི་ཞུ་བླ་ན་མེད་པ་མཛད། དེ་ནས་ད་ལྟའི་འཇམ་དཔལ་དབྱངས་ཆོས་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་བར་ཡབ་མེས་ཀྱི་ཕྱག་སྲོལ་བཟང་པོ་གོང་འཕེལ་དུ་མཛད་དོ། །

    དེ་ལྟར་ན་སྟོན་པའི་འཁྲུངས་ལོ་ལ་གོང་དུ་བཤད་པ་ལྟར་རྒྱ་བོད་ཀྱི་བཞེད་ཚུལ་མི་འདྲ་བ་མང་དུ་སྣང་ནའང་རྟེན་འདིའི་ལོ་རྒྱུས་རྒྱ་ནག་གི་ཡིག་ཚང་ལ་ཡོད་པ་ལས་བཤད་པ་ལྟར་ན། སྟོན་པ་ཅེའུ་གུར་གྱི་དུས་ཤིང་ཕོ་སྟག་ལ་འཁྲུངས་པ་ནས་བརྩིས་པར་ད་ལྟའི་ཆེན་པོ་ཆིང་གི་གནམ་སྐྱོང་ལོ་སོ་ལྔ་པ་ལྕགས་ཕོ་སྟག་གི་ལོ་འདི་ཉིས་སྟོང་བདུན་བརྒྱ་གོ་བདུན་པ་ཡིན་པར་སྣང་ཞིང་སྐུ་གཟུགས་འདི་ཉིད་སྟོན་པའི་དགུང་ལོ་སོ་བརྒྱད་པ་ལྕགས་མོ་ཡོས་ལ་བཞེངས་པར་བཤད་དོ། །

    དེ་ལྟ་བུའི་སྐུ་གཟུགས་འདི་ཉིད་ནི་སྐུ་རྒྱུ་ཙན་དན་གཽ་ཤིརྵ་ལས་བསྒྲུབས་པ། སྤྱི་གཙུག་བལྟར་མི་མངོན་པ་སོགས་མཚན་དཔེ་རྣམས་གསལ་བ། འགྲོ་བ་རྣམས་འཁོར་བ་ལས་འདྲེན་པ་མཚོན་པའི་སྤྱན་ཅུང་ཟད་གྱེན་དུ་གཟིགས་པ། ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱས་སྐྱེ་རྒུ་ཐམས་ཅད་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པ་དང༌། གཡོན་མཆོག་སྦྱིན་གྱི་ཕྱག་རྒྱས་འགྲོ་བ་རྣམས་མངོན་མཐོ་ངེས་ལེགས་ཀྱི་བདེ་བ་ལ་བཀོད་པ་མཚོན་པ། ཞབས་གཉིས་མཉམ་སྟབས་ཀྱིས་བཞེངས་པས་འགྲོ་བའི་དོན་ལ་ནམ་ཡང་སྐྱོ་དལ་མེད་པ་མཚོན་པ།ཐུགས་ཀ་ན་དྲོད་རྟ་རྔ་ཙམ་རྒྱུན་དུ་ཡོད་པ་དང༌། ཞབས་མཐིལ་དང་གདན་གྱི་བར་ན་སྐུད་པ་ཤོང་བ་ཙམ་གྱི་བར་སྟོང་ཡོད་པ།བཟོ་བོ་གཞན་གྱིས་འདྲ་སྐུ་ཇི་ལྟར་བཞེངས་ཀྱང་སྐུའི་ཉམས་ཇི་ལྟ་བ་བཞིན་ལོང་དཀའ་བ་སོགས་ཁྱད་ཆོས་དུ་མ་དང་ལྡན་ཞིང༌། བླ་མ་སྐྱེས་བུ་དམ་པ་རྣམས་དང་རྒྱལ་བློན་སྦྱིན་བདག་དང་ལྡན་རྣམས་ཀྱིས་མཇལ་སྐབས་སྐུ་ལས་འོད་ཟེར་འཕྲོ་བ་སོགས་ཀྱི་མཐོང་སྣང་དུ་མ་འབྱུང་བ་དང༌། ནད་དང་སྡུག་བསྔལ་དྲག་པོས་གཙེས་པ་རྣམས་ཀྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ན། ཉམས་དང་རྨི་ལམ་དུ་སྐུ་དངོས་ཀྱི་སྣང་བ་སྩལ་ཏེ་དབུགས་འབྱིན་པར་མཛད་པ་སོགས་སྐུ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ད་ལྟའི་བར་དུ་ཡང་ཀུན་ལ་མཐུན་སྣང་དུ་གྲུབ་པ་དེ་བཞིན་ལགས་སོ། །དེ་ལྟར་རྒྱལ་བ་རང་ཉིད་ཀྱིས་དངོས་སུ་བྱིན་གྱིས་རླབས་ཤིང་ལུང་བསྟན་པའི་རྟེན་མཆོག་འདི་ཉིད་མཐོང་བ་དང་ཐོས་པ་ཙམ་གྱི་སྐལ་པ་དང་ལྡན་པའི་སྐྱེ་བོ་རྣམས་ཀྱང་སྔོན་བསགས་པའི་བསོད་ནམས་ཕུལ་དུ་བྱུང་བ་དང་ལྡན་པ་ཡིན་ན་རྩེ་གཅིག་ཏུ་དད་ཅིང་མོས་པས་ཕྱག་མཆོད་བསྙེན་བཀུར་བྱེད་པ་ན་ལྟ་ཅི་སྨོས། དེས་ན་རྒྱལ་བ་ཉིད་དང་ཁྱད་པར་མ་མཆིས་པའི་སྐུ་མཆོག་འདི་ལྟ་བུ་ལ་མཇལ་བ་ནི་ཤིན་ཏུ་རྙེད་དཀའ་བར་ཤེས་པར་བགྱིས་ལ་བདག་ལེགས་སུ་འདོད་པ་རྣམས་ཀྱིས་རྩེ་གཅིག་པའི་དད་པ་དང་གུས་པ་མངོན་དུ་བྱས་ཏེ་ཅི་འབྱོར་པའི་མཆོད་པ་འབུལ་བ་དང་ལུས་ཀྱིས་ཕྱག་དང་བསྐོར་བ་བྱེད་པ་དང༌། ངག་གིས་བསྟོད་ཅིང་གསོལ་བ་འདེབས་པ་སོགས་ལ་ནུས་པ་ཅི་ཡོད་ཀྱིས་བརྩོན་པར་བྱ་ལ་དེ་ཡང་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ་དང་སྨོན་ལམ་རྣམ་པར་དག་པས་ཁ་བསྒྱུར་བ་ལ་འབད་འཚལ་ལོ། །

    ཡང་བསྐོར་བའི་གྲངས་ལ་སྐུ་དངོས་ལྭ་གཞལ་བའི་བསྐོར་ཚད་ནི། ནང་བསྐོར་གྱི་གྲངས་ཉིས་སྟོང་བརྒྱད་བརྒྱ་བདུན་ཅུ།བར་བསྐོར་མཆོད་རྟེན་དང་བཅས་ན་ཉིས་སྟོང་བཞི་བརྒྱ་བརྒྱད་ཅུ། ཕྱི་བསྐོར་རྒྱབ་ཀྱི་ལྟ་ཁང་དང་བཅས་པ་བསྐོར་ན་སྟོང་ཕྲག་ཅིག་དང༌། ལྔ་བརྒྱ་སུམ་ཅུ་བྱས་ན་བསྐོར་འབུམ་ལྷག་དང་བཅས་པ་རྫོགས་པར་སྣང་ངོ༌།།

    དེ་ལྟར་ཕྱག་མཆོད་བསྐོར་བ་སོགས་བྱས་པའི་ཕན་ཡོན་ནི། དམ་ཆོས་པད་དཀར་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་རིང་བསྲེལ་དང༌། །འཇིམ་པའི་གཟུགས་དང་མཆོད་རྟེན་དག་ལའང་རུང༌། ། རྩིག་ངོས་བྲིས་དང་རྡུལ་ཕུང་མཆོད་རྟེན་ལ། །དེ་ལ་མེ་ཏོག་དང་ནི་སྤོས་གསོལ་ཏེ། །དེར་ནི་གང་གིས་རབ་སྙན་ཅང་ཏེའུ་དང༌། ། དུང་དང་རྔ་ཆེན་རོལ་མོའི་སྒྲ་བྱེད་བཅུག །བྱང་ཆུབ་མཆོག་རབ་མཆོད་པར་བྱ་བའི་ཕྱིར། །གང་ཞིག་རྔ་རྣམས་རབ་ཏུ་བརྡུང་བྱེད་ཅིང༌། ། པི་ཝང་དང་ནི་ཕེག་དང་མཁར་ཆེན་རྔ། །རྫ་རྔ་རྒྱུད་གཅིག་གླིང་བུ་ཡིད་འོང་དང༌། །ཨ་གོ་ན་ང་རབ་ཏུ་སྙན་འབྱིན་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་ཤིང༌།ཁྱད་པར་དུ་བསྐོར་བ་བྱས་པའི་ཕན་ཡོན་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། ། སུ་ཞིག་བསྐོར་བ་བྱེད་པ་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། ། བྱང་ཆུབ་སྤྱད་པ་སྤྱོད་བའི་ཚེ། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། ། བསོད་ནམས་ལྡན་ཞིང་འཇིགས་མེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །སྲིན་པོ་རྣམས་ཀྱིས་མཆོད་པར་འགྱུར། །ངས་ནི་གང་དག་བསྟན་པ་ཡི། །མི་ཁོམ་བརྒྱད་པོ་དེ་དག་སྤོང༌། །སངས་རྒྱས་འབྱུང་བ་རབ་མཛེས་པ། །མཉེས་པར་བྱེད་འདི་དལ་བ་གཅིག །མདོག་ལྡན་གཟུགས་ནི་ཕུན་སུམ་ཚོགས། །མཚན་གྱིས་ལེགས་པར་བརྒྱན་པ་དང༌། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །ལེ་ལོ་ཅན་དུ་དེ་མི་འགྱུར། །དེ་ནི་ཕྱུག་ཅིང་ནོར་ཆེར་འགྱུར། །བསོད་ནམས་ལྡན་ཞིང་རྗི་བ་མེད། །འཇིག་རྟེན་སྒྲོན་མ་མཉེས་བྱས་ནས། །ཡང་དང་ཡང་དུ་བསྟི་སྟང་བྱེད། །བདག་མེད་སྟོང་བའི་ཆོས་ཐོས་ན། །དེ་ནི་ཆོས་ལ་རྨོངས་མི་འགྱུར། །མྱུར་དུ་དད་པ་ཐོབ་འགྱུར་ཞིང༌། །ཆོས་དོན་ཇི་བཞིན་མཁས་པར་འགྱུར། །ཚོང་དཔོན་ཁྱིམ་དང་རྒྱས་པ་དང༌། །ཕྱུག་པོ་རྣམས་སུ་སྐྱེ་འར་འགྱུར། །དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར། །གཏོང་བ་བཏང་ཞིང་སེར་སྣ་མེད། །འཛམ་བུའི་གླིང་ན་གང་ཡང་རུང༌། །ཁྱད་པར་ཅན་གྱི་རིགས་མཛེས་པ། །དེར་ནི་བསྟན་པ་དེ་སྐྱེ་སྟེ། །དམའ་བ་དག་ན་རྣམ་པར་སྤངས། །མཆོད་རྟེན་བསྐོར་བ་བྱས་ན་ནི། །སྐྱེ་བ་ཐམས་ཅད་ཀུན་ཏུ་ཡང༌། །དབང་ཆེར་གྲགས་པའི་ཁྱིམ་བདག་དང༌། །དཔལ་དང་གཟི་བརྗིད་ལྡན་པར་འགྱུར། །བྲམ་ཟེ་སཱ་ལ་ཆེ་འདྲ་དང༌། །ཚུལ་ཁྲིམས་ལྡན་ཞིང་མང་ཐོས་དང༌། །རྒྱལ་རིགས་ས་ལ་ཆེ་འདྲ་དང༌། །ཕྱུག་ཅིང་ནོར་ཆེར་ལྡན་པར་འགྱུར། ། རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི། །ས་ཀུན་ལ་ནི་གང་སྨོན་པ། ། གླིང་བཞི་དག་གི་དབང་ཕྱུག་བླ། །རྒྱལ་པོ་ཆོས་དང་ལྡན་པར་འགྱུར། ། འཁོར་ལོས་བསྒྱུར་བ་རྫུ་འཕྲུལ་ཆེ། །རིན་ཆེན་བདུན་དང་ལྡན་པར་འགྱུར། །རྒྱལ་སྲིད་གནས་ནས་སངས་རྒྱས་ལ། །ཡང་དང་ཡང་དུ་བསྟི་སྟང་བྱེད། །འདི་ནས་ཤི་འཕོས་མཐོ་རིས་སུ། །སོང་ནས་སངས་རྒྱས་བསྟན་ལ་དད། །ལྷུན་པོའི་ཟོམ་གྱི་དབང་ཕྱུག་པོ། །ལྷའི་དབང་པོ་བརྒྱ་བྱིན་འགྱུར། །ལྷ་དབང་ཤིན་ཏུ་འཐབ་བྲལ་དང༌། །དེ་བཞིན་དུ་ནི་དགའ་ལྡན་དང༌། །ལྷ་དབང་ཤིན་ཏུ་འཕྲུལ་དགའ་དང༌། ། དབང་སྒྱུར་འཇིགས་པ་མེད་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །དེ་ནི་ཚངས་པའི་འཇིག་རྟེན་དུ། །ཚངས་པའིདབང་ཕྱུག་མཁས་འགྱུར་ཞིང༌། །ལྷ་རྣམས་བྱེ་བས་མཆོད་པར་འགྱུར། ། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་བསྐོར་བ་བྱེད་པ་ཡི། ། བསྔགས་པ་བསྐལ་པ་བྱེ་བར་ཡང༌། །བརྗོད་པས་ཟད་པར་བྱ་མི་ནུས། ། སུ་ཞིག་བྱང་ཆུབ་སེམས་བསྐྱེད་ནས། །སྟོན་པའི་མཆོད་རྟེན་ཕྱག་འཚལ་བ། །དེ་ནི་བསྐལ་པ་བྱེ་བར་ཡང༌། །ནམ་ཡང་ལོང་ཞིང་འཐེང་མི་འགྱུར། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མངོན་དུ་བསྐོར་བ་བྱེད་པ་ནི། །བུང་བ་སྔོན་པོ་མཛེས་འདྲ་ཡི། །རྣམ་པར་དག་པའི་མིག་ཐོབ་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །དེ་ནི་ངེས་པར་རྟག་ཏུ་ཡང༌། །མཐུན་པའི་དོན་ཀུན་འཐོབ་འགྱུར་ཞིང༌། །དོན་མིན་རྣམས་ནི་སྤངས་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །དེ་ནི་ལེ་ལོ་མེད་འགྱུར་ཞིང༌། ། རྟག་ཏུ་བག་ཡོད་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི།། བརྩོན་འགྲུས་བརྟན་ཅིང་མཐུ་བརྟན་ལ། །བརྟན་ཞིང་རྣམ་པར་གནོན་བརྟན་དང༌། །དེ་ནི་མྱུར་དུ་མཁས་པར་འགྱུར། །མེ་དང་དུག་དང་མཚོན་གྱིས་དེ། །ནམ་ཡང་འཆི་དུས་བྱེད་མི་འགྱུར། །མཁས་པ་ཚེ་ནི་རྫོགས་རྫོགས་སུ། །ཟད་པར་བྱས་ནས་འཆི་དུས་བྱེད། །མཆོད་རྟེན་བསྐོར་བ་བྱས་ན་ནི། །ཕོ་བྲང་འཁོར་དང་ཡུལ་འཁོར་དང༌། ། གྲོང་རྡལ་རྣམས་སུ་ལོངས་སྤྱོད་དང༌། །གཟུགས་ཀྱིས་ཁྱད་པར་འཕགས་པར་འགྱུར། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཆེ། །དེ་ནི་འདོད་པ་མི་སྟེན་ཞིང༌། །ལུས་ཀྱང་གཙང་ལ་གོས་གཙང་ཞིང༌། །གཙང་མའི་ཆོས་ལ་གནས་པར་གྱུར། །ཞེས་གསུངས་པས་དེ་བཞིན་གཤེགས་པའི་བཀའ་མི་བསླུ་བ་ལ་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་པོས་བསྐོར་བ་བྱས་ན་འབྲས་བུ་དེ་དག་ངེས་པར་འབྱུང་ཞིང༌།བསྐོར་བའི་སྔགས་ནི།ན་མོ་བྷ་ག་ཝ་ཏེ།རཏ་ཀེ་ཏུ་རཱ་ཛཱ་ཡ།ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་ས་མྱ་ཀྶཾ་བུད་ངྷྰ་ཡ།ཏ་དྱ་ཐཱ།ༀ་རཏྣེ་རཏྣེ་མ་ཧཱ་རཏྣེ།རཏྣེ་བི་ཛ་ཡ་སྭྰཧཱ།ཡང་ན།ན་མོ་ད་ཤ་དི་ཀྟྲི་ཀཱ་ལ་སརྦ་རནྟ་ཏྲ་ཡཱ་ཡ།ན་མ༔པྲ་དཀྵ་སུ་པྲ་ད་ཀྵ་སརྦ་པཱ་པཾཾཾ་བི་ཤོ་ངྷ་ནི་སྭྰཧཱ།ཞེས་པ་གཉིས་གང་རུང་འདོན་བཞིན་པས་བསྐོར་ན་འགྱུར་ཆེ་བར་གསུངས། དེ་མིན་ཀྱང་མི་འཁྲུགས་པའི་གཟུངས་དང་མ་ཎི་ལ་སོགས་པ་རང་གི་ཡི་དམ་གྱི་ལྷ་གང་ཡིན་གྱི་སྔགས་སམ་གསོལ་འདེབས་ལེ་སོགས་པ་བརྗོད་བཞིན་པས་བསྐོར་བ་བྱས་ན་མདོ་ལས་འབྱུང་བའི་ཕན་ཡོན་དེ་དག་དང་གནས་སྐབས་སུ་ཡང་ནད་གདོན་ལ་སོགས་པའི་འཇིགས་པ་ཆེན་པོ་རྣམས་ལས་ཐར་པ་དང༌། རིགས་བརྒྱུད་ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་སོགས་རྒྱས་པ་དང༌། ལས་ངན་པའི་སྡིག་སྒྲིབ་དག་པའི་མཚན་མ་བརྟན་པོ་འབྱུང་བ་སོགས་ཕན་ཡོན་མཐའ་ཡསཔ་ཀུན་གྱི་མངོན་སུམ་དུ་གྲུབ་པས་ཚེགས་ཆུང་ངུས་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཐབས་ཁྱད་པར་ཅན་དེ་ལྟ་བུ་ལ་བརྩོན་པར་བྱ་འཚལ་ལོ།།

    དེ་ལྟར་རྒྱལ་བ་དངོས་དང་དབྱེར་མ་མཆིས་པའི་སྐུ་བརྙན་མཐོང་ཐོས་དྲན་རེག་གི་འགྲོ་བ་མཐའ་དག་ལ་འདི་ཕྱིའི་བདེ་ལེགས་ཐམས་ཅད་ཡིད་བཞིན་དུ་སྩོལ་བའི་བྱིན་རླབས་ཀྱི་ཕུང་པོ་ཆེན་པོ་ཙནདན་ཇོ་བོར་གྲགས་པའི་རྟེན་གྱི་ལོ་རྒྱུས་བསྐོར་ཚད་ཕན་ཡོན་དང་བཅས་པ་མདོར་བསྡུས་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་འདི་ཡང་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པའི་གསལ་བྱེད་ཆེན་པོ་ཤར་རྩེ་མཁན་པོ་ནོ་མིན་ཧན་ངག་དབང་ཚུལ་ཁྲིམས་ཀྱིས་གསུང་གིས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་དུ་རྒྱལ་ཁམས་མྱུལ་བའི་སྡེ་སྣོད་འཛིན་པ་ལྕང་སྐྱ་རོལ་བའི་རྡོ་རྗེས་བཀོད་པའི་ཡི་གེ་པ་ནི་རིག་གནས་རྒྱ་མཚོའི་ཕྲེང་བ་འཛིན་པ་དཔྱོད་ལྡན་གུ་ཤྲྰི་ངག་དབང་བསྟན་འཕེལ་གྱིས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག།ཙན་དན་ཇོ་བོའི་ལོ་རྒྱུས་བསྐོར་ཚད་ཕན་ཡོན་མདོར་བསྡུས་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའི་པར་བྱང་འདི་ཧར་ཆེན་ཨེ་ཕུ་རྟག་བརྟན་ཨ་གིའི་མི་ཕྱེད་དད་པས་རྒྱུ་སྦྱོར་གྱི་པར་དུ་སྒྲུབ་པའི་དགེ་བས། ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག དགེའོ། །ལེགས་སོ། །མང་ག་ལཾ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག