མདུན་ཤོག- རིག་གནས་འཚོ་བ།- གསུང་འབུམ།

གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱནདག་ཡིག་མཁས་པའི་འབྱུང་གནས།

    2014-01-10 10:14

    ༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་བརྡའ་གསར་རྙིང་གི་རྣམ་བཞག་བཤད་པ།

    ལྕང་སྐྱ་རོལ་བའི་རྡོ་རྗེ།

    གཉིས་པ་ཐུན་མོང་ལ་མཁོ་བ་བརྡའ་གསར་རྙིང་གི་རྣམ་བཞག་བཤད་པ་ལ། ཀྭ་ནི་ཀྱེ། གག་ནི་གང༌། ཏེ་པོར་ནི་ཤིན་ཏུ།བྷེམ་པ་ནི་སྒོམ་པ།སྐྱོར་སྐྱོར་ནི་ཡང་ཡང༌། ཚ་བ་ནི་དྲོ། བླ་འོག་ནི་སྟེང་འོག རམ་ཕྱིས་ནི་སྣག་བུམ། བླ་སྐྱལ་བ་ནི་མི་ཟད་པ། འཚལ་མ་འཚལ་བ་ནི་ཟས་ཟ་བ། རྩ་ལག་ནི་གཉེན། གཉའ་བོ་ནི་དཔང་པོ། བསྐྱུད་པ་དང་བསྙེལ་བ་ནི་བརྗེད་པ། གྱ་བ་ནི་ཉམས་པ། གྱག་པ་ནི་བརླག་པ། དཔུང་པོ་ནི་ཕུང་པོ། ཞིག་གུ་ནི་སྨོན་པ། ཡེ་འབྱམ་ནི་སྟོང་ཉིད། དབལ་ནི་ཏོག་སོགས། ངོ་ག་ནི་སྣང་ངོར། གམ་ཡོ་ནི་ཉེ་འཁོར། དམུས་བྱུང་ནི་ཚི་ཆད་དམ་ཡི་ཆད། ཐེན་ཁྱེར་ནི་ཅ་རེ། ག་ཞ་ནི་བཞད་གད། ཡ་ལད་ནི་གོ་ཆ། གནའ་མ་ནི་ཐོག་མའམ་སྔོན། ཅོག་ནི་ཀུན། ཕྱི་མོ་ནི་རྩ་བ། སྦྲེབས་པ་ནི་སྐེམ་པ། སྦྱིའུར་ནི་བྱི་བོ།རོད་པ་ནི་རྣམ་པ། འོ་ཅོག་ནི་མ་ལུས། མདུང་ངོར་ནི་རྒྱན་འགྱེད། ཆམ་དུ་མི་སྐྱེར་བ་ནི་གཏན་དུ་མ་སྐྱེས་པ། རྒྱོལ་བ་ནི་རྒོལ་བ། ནོད་པ་ནི་བཞག་པ། ཁུ་བ་ནི་འཆགས་པ།ཐ་ཚིག་ནི་རྩ་བ་འམ་ཚིག་གི་དོན། བསྟི་བ་ནི་ངལ་གསོ། བརྣག་པ་ནི་བསམ་པ། བརྣབ་པ་ནི་འདོད་པ། བཏུང་པ་ནི་སྤྱོད་པ། སྨྱང་བ་ནི་བརྐྱང་བ། ནམ་ཞར་ནི་ནམ་ཡང༌། གཞུར་ནི་གཞུང༌། འོན་ཏང་ནི་འོན་ཀྱང༌། དབྲག་ནི་བར། ཕྱམ་ཕྱད་དམ་ཆམ་ཆད་ནི་མཉམ་ཉིད། འཛར་བ་ནི་མཛའ་བ།རྨ་ག་ཆད་ནི་ཡང་དགབསྟར་བ་ནི་བྱི་དོར་རམ་གཟབས་པ་སོགས། བཞབ་པ་ནི་འཇམ་པ། གཏིང་ཕྱིན་ནི་དཔྱིས་ཕྱིན། བྲོ་ནི་མནའ། ཆང་ཁྱུ་ནི་ཚོགསཔ། སྤ་ལོ་ནི་སྤོབས་པ།ཐ་རམ་ནི་ངན།བརྙང་བ་ནི་འཁྲུ་བ། དབྱེ་ནི་ཐང༌། བསྙིལ་བ་ནི་དོར་བ། གཞག་ཡང་ནི་གཞན་ཡང༌།རྒྱ་ཡིས་བཏབ་པ་ནི་ཐ་མི་དད་པ། འགོ་ནན་ནི་ཐོག་མ། འཇ་བ་ནི་འདོད་པ།མཐོང་ག་ནི་བྲང༌།ལག་པ་བསྙལ་བ་ནི་ལག་པ་བཀྲུས་པ།གླམ་པ་ནི་སྣམ་བུ་འཐུག་པོ།ཁྲ་ཁྲོ་ཅན་ནི་སྤྲོ་ཐུང་བ།རུང་ཁུས་ཟ་བ་ནི་གཏུམ་་པ།ཇེ་ནི་དང་པོའམ་རེ་ཞིག་ལའང་འཇུག གཞི་བོ་ནི་གཞི་མ།ཇི་འོས་ནི་འཚམ་པ།གནོང་པ་ནི་ཉེས་པ།མི་བཀུར་བ་ནི་ཁས་མི་ལེན་པ། གཟོན་པ་ནི་མི་ཉན་པ།འཆབ་པ་ནི་གསང་བའམ་སྦེད་པ།བཅབས་པ་ནི་སྦས་པ།འཛན་དཀའ་ནི་སྦྱོར་དཀའ།འཁུ་བ་ནི་ཞེ་སྡང་བའམ་ལོག་པ།བཅིལ་བ་ནི་བཅོམ་པ།གྱ་ཅོམ་པ་ནི་མ་བརྟགས་པ།རྣ་བླགས་ནི་རྣ་གཏད།ཐ་ཆད་ནི་ངན་པ།ཆ་བ་ནི་སྐེག་པ།གཟན་པ་ནི་གསན་པ།སྩེལ་བ་ནི་སེལ་བ། འཕྱེ་བ་ནི་འགྲོ་བ། སྨྲེང་ཚིག་ནི་གསང་ཚིགསྨྲེང་ནི་སྨྲ་བ།སྨྲེ་བ་ནི་ངན་པར་སྨྲ་བ།རྨས་པ་ནི་དྲིས་པ།མི་འཇབ་པ་ནི་རྩུབ་པ།བླ་མཐང་ནི་སྟོད་སྨད་དམ་ཕྱི་ནང།།སྟོས་པ་ནི་འབྲིམ་པའམ་སྟེར་བ།བརྟ་པ་ནི་རྒྱས་པར་བྱ་བ།བརྟས་པ་ནི་རྒྱས་པ།ད་ཀོ་ནི་ད་ནི།འདི་ཀོ་ནི་འདི་ནི། བཀོན་པ་ནི་ཁྲོ་བ། ཇི་ག་ནི་བརྟག་པ། ཁྱོ་ཤུག་ནི་བཟའ་ཚོ།གཞོལ་བ་ནི་འབབ་པ།རིང་པ་ནི་རྫུད་པའམ་ངན་པ། ཉིས་ན་ནི་བརྟགས་ནའམ་རྣམ་པ་གཉིས་སུ་ན།ཐ་བ་ནི་རེངས་པའམ་ཉོན་མོངས། མཐར་གྱིས་ནི་རིམ་གྱིས། གཞར་ཡང་ནི་སླར་ཡང་ངམ་ནམ་ཡང༌། བཤོ་བ་ནི་འཁྲིག་པ། གར་ཡང་ནི་གང་ཡང༌། མནོས་པ་ནི་བསམས་པ། རེད་པ་ནི་གྲུབ་པ།གྱ་ནོམ་ནི་ཕུན་སུམ་ཚོགས་པ། མགོ་མཉམ་ནི་དུས་མཉམ། སྡུམ་པ་ནི་ཁང༌། པོག་ནི་སྤོས།པོག་པོར་ནི་སྤོས་ཕོར། ཤ་དག་ནི་ཤ་སྟག བཀོལ་བ་ནི་བསྐོས་པ། འཇུད་པ་ནི་འཇུག་པ། རྡུབ་པ་ནི་འདུས་པ། ཚམ་ངམ་ནི་འཇིགས་སྟངས། བབ་ཆོལ་ཕྱར་ཡང་ནི་མ་བསམ་པར་འཕྲིན་ལན།དབུད་ནི་དབུས། སྣམ་ལོགས་ནི་ཟུར་རམ་རྒྱབ། སྣྲེལ་ཞི་ནི་འཕྲེད་དམ་ལོགས་སམ་འཆོལ་བ།ཉོད་པ་ནི་ཟས། རོད་པ་ནི་གོས། ཡེང་ཡེ་ནི་ངེས་པར། བསྟིར་མེད་ནི་མནར་མེད། སྦྲིབས་པ་ནི་ལོགས་པ། བྲུ་ཚ་བ་ནི་བཀྲེས་པ།།བས་པ་ནི་ཟད་པའམ་མཐའ་དག་པ ། རམ་ཤག་ནི་འབྱོར་པ། མཐའ་གྲུ་ནི་རྒྱ་ཁྱོན། མནབ་རྩལ་ནི་ཁ་ཟས། ཁོས་ནི་འདུན་མ། ཆབ་མི་འཚལ་བ་ནི་ཆུང་མི་ཟ་བ། ཇི་རོབ་ནི་ཇི་ཕྱིར། གཡེར་བོ་ནི་མཁས་པའམ་གྲིམས་པ།བསྐྱུད་པ་ནི་བརྗེད་པ།ཁད་ཀྱི་ནི་དལ་བུ། བྱུར་ནི་མྱ་ངན། གཏུགས་པ་ནི་ཆད་པ།ཡོལ་གོ་ནི་སྣོད། བསྙེ་བ་ནི་འཇིགས་པ། བསྙེམས་པ་ནི་ང་རྒྱལ། ཡུག་པ་ནི་རྐང་པ། སུག་པ་ནི་ལག་པ། རྒྱ་ཅང་ནི་སྐ་རགས། གུར་བུ་ནི་གྲུ་བཞི། གྱི་ན་ནི་དམན་པ།་ཁོ་ལག་ནི་མཆུ་ཞེང་།བརྟང་པ་ནི་གློ་བུར་པ། མི་ཡོག་པ་ནི་མི་ཁེབས་པ།འུབས་པ་ནི་འདུས་པ། ཁུད་པ་ནི་སྐྱེས་སམ་རྫོངས། སླགས་པ་ནི་བཀོད་པ། ཕྱང་ཆད་ནི་ཐག་བཅད། ལ་གོར་ནི་སྐྱེན་པ། མུར་འདུག་ནི་མུ་སྟེགས། ཐལ་བྱུང་ནི་མ་ལུས། ཙོ་འདྲི་ནི་མཐོ་འཚམ། གཞེར་བ་ནི་བསྟེན་པ།ཡེལ་འཕྱོས་ནི་ཟུང་འཇུག འཕྲོད་ནི་ཚོགས་པ། ཕྱ་ལེ་བ་ནི་མཉམ་པ། ཆིབ་པ་ནི་ཁྱབ་པ། ཁོས་པ་ནི་འདུན་པ། ངོ་མཐོན་ནི་ནན་གྱི། མོལ་བ་ནི་གཏམ་མམ་གྲོས། ཚུད་མོ་མཁན་ནི་རྐོས་མཁན།གྱིན་འདས་ནི་རང་བཞིན། གོ་འདུན་ནི་ཚོགས་ཤིང་འདུ་བ། གཞུར་བརྟག་ནི་ཟུར་ཟ་བ། མྱག་ཕྲན་ནི་མདའ།ཉེར་བསྡོགས་ནི་སྟ་གོན་ནམ་སྔོན་འགྲོ། གོར་མ་ཆག་དང་གོར་མ་བཀུམ་པ་ནི་ཐེ་ཚོམ་མེད་པ།གནམ་རུ་ནི་གཞུ། སྦྲུག་པ་ནི་ཟད་པ། བཀར་བཏགས་ནི་ཁྲིམས་བསྒྲགས་པ། ཕུང་ཀྲོལ་ནི་དོན་མེད་པ།ལྷགས་པ་ནི་གཏད་པ།ཕྱར་གཡེང་ནི་རྣམ་གཡེང༌། སྒམ་པ་ནི་ཟབ་པ། བགམ་པ་ནི་ཉམས་སད་པ། མནབས་པ་ནི་གྱོན་པ། རྩེག་ལོག་ནི་ཕྲན་ཚེགས་སམ་སྲེད་ཞེན་ཆེ། ཚར་ཕྱིན་ནི་མཐར་ཕྱིན། གཟས་པ་ནི་བརྡེག་པར་བརྩམས་པ། ཕོན་པོ་ནི་ཚོགས་པ།འཆེལ་བ་ནི་ཞེན་པའམ་འཆད་པ། ཐ་རམས་ནི་གཏམས་པ། ཕྱིས་བུ་ནི་སྣོད། རྩེར་ཕྱིབས་ནི་མཐར་ཕྱིན། གླལ་བ་ནི་ཁ་གདངས་སམ་རྣམ་པར་བསྒྱིངས་པ། ཀླུབས་པ་ནི་ཕུབ་པའམ་གྱོན་པ། གཡེམ་པ་ནི་འདོད་པ། མུ་ཅོར་ནི་ཁ་ཟེར་བའམ་ཁ་དྲག གནམ་པོ་ནི་དྲང་པོ། ཁོར་ཟུག་ནི་ཁོར་ཡུག མ་རེད་པ་ནི་མ་གྲུབ་པ། གོ་འདུན་ནི་གང་མོས། མོང་དུ་ཆུད་པ་ནི་ཁོང་དུ་ཆུད་པ། རླིབས་པ་ནི་རྒྱ་ཆེ་བ། མཆིལ་བ་ནི་ལྕགས་ཀྱུ། འགྱེད་པ་ནི་འགྱོད་པ། འགྱེར་བ་ནི་སྤོང་བ། གེར་མ་ནི་རག་མ། རུམ་པ་ནི་ལྟོ་བའམ་ཕག ཕོམ་པ་ནི་བུམ་པ། རྟོན་པ་ནི་འདོད་པའམ་རྗེས་སུ་འབྲང་པ། འགེམས་པ་ནི་འཇོམས་པ། སྙུགས་སུ་ནི་ཡུན་དུ། དཔྲོག་པ་ནི་འཕྲོག་པ། གླེབས་པ་ནི་མནན་པ། གལ་གྱིས་ནི་ནན་གྱིས་སམ་རྒྱལ་གྱིས། འཇེན་པ་ནི་དངོས་པོ། རླུགས་པ་ནི་ལུག་པ།ནོངས་པ་ནི་ཉེས་པ། འཕྱེ་བོ་ནི་གོང་པོའམ་ཡན་ལག་མེད་པར་ལྟོ་བས་འགྲོ་བ། ལྕེ་རྟེན་ནི་བརྗོད་པའམ་སྙད་འདོགས་པ།སྲིབས་པ་ནི་བསྒྲིབས་པའམ་གྲིབ་རིའམ་མཚན་མོ། སླག་པ་ནི་པགས་པའི་གོས། སྡོད་པ་ནི་འཕེན་པ། ཁོལ་མའམ་བ་གླང་མིག་ནི་སྐར་ཁུང༌། འགྲིམ་པ་ནི་འགྱེད་པ། མུར་ཐུག་ནི་མཐར་ཐུག ཕོལ་བ་ནི་རྟོགས་པ།ལ་ཟླས་པ་ནི་ཐག་བཅད་པ། ལ་ཟློ་བ་ནི་མཐའ་འགེགས་པའམ་ཐག་གཅོད་པ། མི་ཆ་བ་ནི་མི་ཤེས་པ། ཆ་མེད་ནི་རྒྱུས་མེད། གཏོལ་མེད་ནི་ཐབས་མེད། ཅི་གར་ནི་ཇི་ལྟར། ཅི་ཆིབ་ནི་མཐར་ཕྱིན། གར་ཅིག་ནི་གང་ཞིག སྨྱན་ཀ་ནི་གཉེན་ཀ འབགས་པ་ནི་ཉམས་པ། དམུན་པ་ནི་བླུན་པ། ཤོབ་དང་ཤོ་བེ་ནི་རྫུན། ཤིང་ཟན་ནི་རོ་ཟན། ཤིད་ནི་གཤིན་པོ་ལ་དམིགས་པའི་དགེ་བ་བསྒྲུབས་པ། ཕྲུ་མ་ནི་ཕོ་བྲང་ངམ་དམག་སྒར། སྤོང་བ་ནི་རྩེ་བ།བརྟུན་པ་ནི་བརྩོན་པ། སྒོ་འཕར་ནི་སྒོ་གླེགས། སྤྱོས་པ་ནི་བསྡིགས་པ། སྙོམ་པ་ནི་གཡེལ་བའམ་སྙོམ་ལས། དབྱེ་ཚོང་ནི་ཚོང་ཁང༌། ཐང་ལ་ནི་བཀྲམ་པ། བསླན་པ་ནི་བསྡུས་པའམ་ཕྱོགས་གཏོགས། ཚོག་ཕོར་ནི་རྫོགས་པར། རྭ་བ་ནི་བཅད་པའམ་གཞོགས་པ། གཟེངས་པ་ནི་བརྐྱང་བའམ་གཟི་བྱིན། འཚེག་པ་ནི་འཇིག་པ། གློས་པ་ནི་རྨོངས་པ། རྨེག་མེད་ནི་གཏན་མེད།གཡེན་སྦྱོ་བ་ནི་ཅོ་འདྲི།གཡམ་ནི་ཞར། རྨེད་པ་ནི་གསོལ་བའམ་དྲི་བ། སློང་ཕོར་ནི་ལྷུང་བཟེད།བྱ་མ་རྟ་ནི་ཉན་རྣའམ་བང་ཆེན། འབྲོ་འཚལ་ནི་ནད་པ། རྣང་ནི་ཞིང༌། ད་བུར་ནི་སྲེག་གནས། བསྙད་པ་ནི་བཤེད་པ། གཙུག་ལག་ནི་སྡེ་སྣོད་དམ་གསུང་རབ། གོ་རེ་ནི་རྫོགས་པ། བརླང་པོ་ནི་རྩུབ་མོ། གཞོགས་སྟེགས་ནི་སྒེག་ཆོས། ཤུར་བུ་ནི་སྐ་རགས། གཏོས་པ་ནི་ཚད་མེད། སྦད་ནི་པུ། བརྩང་བ་ནི་བསང་བ། འཛན་མོ་ནི་བགྲོད་བྱ། འཛན་ཕོ་ནི་བགྲོད་བྱེད།འཇུད་མཐུན་ནི་སྨད་འཚོང༌། འགྲེ་བ་ནི་གཡོ་བ། འཐུར་བ་ནི་འཁྲུགས་པ། འཐབ་ཀྲོལ་ནི་གནོད་རྒྱུ། དོ་ཟན་ནི་མཆིང་བུ། ཁོང་སྙོམ་པ་ནི་སྒྱིད་ལུག་པ། དཀྱུས་མོ་ནི་མགྱོགས་པ། དང་ལ་ནི་རྫིང་བུ། ཀླབ་པ་ནི་ལ་བ། དམ་རྒྱ་ནི་ཁྲིམས། ཞ་སྒྲེ་ནི་སྣ་མེད། ལྟག་སྒྲེ་ནི་ལྟག་ཐེར། གོར་མོ་ནི་སྡང་སེམས། སྦུབ་མོ་ནི་བོར་ཤུགས། སྣ་སྦྲང་ནི་མདེའུ། བཤུག་པ་ནི་བསླང་བ། པུས་མཁྱུད་ནི་སྒོམ་ཐག གཡར་ནི་གདོང་ངམ་མདུན། བྱུར་བུ་ནི་སྤུང་བ། ཐགས་རན་ནི་བཏགས་པ།རྨས་པ་ནི་ཉམས་པ། མངན་ནི་མཐུ། གསུག་པ་ནི་རྡན་པ། བརྡན་ནི་མཆོད་པ།རྣམ་འདལ་ནི་རྣམ་འདུད། དཔྲེས་པ་ནི་བརྫེས་པ། བསེན་ཁུས་ནི་གཉེན་བསླུས། བརྒྱད་བཀག་ནི་བཀྱོན་པ།བཟླུགས་པ་ནི་ཞུས་པའམ་དྲིས་པ། འོ་ནི་ནི་ཁོ་ནིའམ་འདི། མི་སློན་ནི་མི་བཟློག འབྲོངས་ནི་ཉེ་བར་བསྟེན་པ། གོ་ར་ནི་བཙོན་ར། ཡ་མ་བརླ་ནི་སྙིང་པོ་མེད་དམ་མི་བདེན། སླང་རོལ་ནི་ཕྱི་རོལ། ཆང་ཐུབ་ནི་གང་ཟག དོག་མ་ནི་མདུན། འཕག་པའམ་ཆ་བ་ནི་འཇུག་པ། རན་པ་ནི་ལྕུག་ཕྲན། རེང་བ་ནི་འབྲེལ་མེད་དམ་རྐྱང་བ། མི་འགོང་ནི་མི་ཞུམ། ཐན་ཀོར་ནི་ཉེ་འཁོར། བོག་རེ་ནི་བ་གམ། མ་སྟེས་པ་ནི་མ་ལེགས་པ། སྟེས་དབང་ནི་སྟོབས་ཤུགས།གནའ་བོ་ནི་སྔོན། སྣ་བོ་ནི་གཙོ་བོ། མི་གུ་ནི་མི་ཞུམ། བེ་ནོ་ནི་འཛིན་པ། ཉེའུ་གྱི་ནི་བཅུད་ཚོར། ཉེན་ནི་རྨང༌། གདོང་མོ་ནི་མཇུག་ངོའི་ནང༌། རྣིལ་ནི་སོ་རྙིལ།ཆུ་བྲུབ་པ་ནི་ཁོལ་བའམ་རྦ་ཀློང༌།ལས་ཡན་ཀིན་ནི་ཁ་ཕྱེར་རམ་སྟེགས་བུ། གཞགས་པ་ནི་བརྒྱན་པ། འདྲུབ་པ་ནི་འཚེམ་པ།དྲུབས་པ་ནི་བཙེམས་པ། ཆན་པ་ནི་ཁྱེ་བོའམ་གྲི་གུག ཇེང་ནི་དབྱངས། གྱ་ཐོ་ནི་རྣ་རྒྱན། ལན་བོན་ནི་ལན་སློན། ཐེར་ཟུག་ནི་འགྱུར་མེད། རྡུབ་རེ་ནི་ཧུར་རེ། བྲུག་པ་ནི་འདྲལ་བ། ཚིག་བརྩིག་ནི་ཚིག་བཙུན། གཞོགས་མ་ནི་སྟེང་གཡོགས། ཉུག་རུམ་ནི་རླིག་ཕྱུང་ངམ་འབྲས་བུ་བཏོན་པ༑ གཞལ་བ་ནི་མགུ་བ། བསྐྱད་པ་ནི་བསད་པ། ག་གེ་ནི་ཡུལ། ཆེ་གེ་ནི་གང་ཟག་གི་མིང་གི་སྤྱི། ཕྱི་བི་ནི་ཕྱི་རོལ། དགུན་གདུང་ནི་ཚད་གདུང༌། མོང་བརྟུལ་ནི་བླུན་པོ། ཕ་བི་ནི་ཕ་རོལ༑ ལུང་བོང་ནི་བ་གླང༌། ཕོལ་མིག་ནི་འཁོར་ལོའམ་ནད་ཀྱི་བྱེ་བྲག་ལའང་འཇུག མཚུན་པ་ནི་བསོད་ནམས། མཆེས་བ་ནི་ཁས་ལེན།འཕེའུ་ནི་གསོལ་བ།ཆེ་ཞེ་ནི་ཅི་ཞེས། གཞའི་གསང་ནི་གཡུང་དྲུང༌། དམ་དེམ་ནི་དམ་བཅས། ཕྱང་ཕྲུལ་ནི་རྣ་རྒྱན།དབུ་རྨོག་ནི་དབུ་འཕང༌།ཡིད་སྨོ་ནི་ཡིད་དགའ། གཉི་ཟེར་ནི་ཉི་ཟེར། གཏིགས་པ་ནི་འཁྲིགས་པ། གདུད་པ་ནི་འདུད་པ། སྦོན་པ་ནི་ཟ་བ། རྙོང་བ་ནི་བརྐྱང་བ། ཞེ་ལ་འབྱོར་ནི་སེམས་ལ་འགྲོ་བ། འཁྱུག་པ་ནི་འཆུག་པ། འདྲིད་པ་ནི་བསླུ་བ། འཕོ་བ་ནི་འཕེན་པ།ཙེན་ནེ་ནི་ཐམས་ཅད། བྱེར་བ་ནི་སོང་བ། གཟོད་མ་ནི་དང་པོ། རིལ་ནི་ཐམས་ཅད། འཛེག་པ་ནི་ཕྲད་པ། གཟེབ་ནི་གུར།ཀློང་དུ་གྱུར་པ་ནི་དབང་དུ་གྱུར་པ། མི་བཟད་ནི་ཆེན་པོ། གཅམ་བུ་ནི་བཅོས་མ། འཆོབས་ཤིག་ནི་གསངས་ཤིག གཉོད་ཀ་ནི་མཁོས་ཀ ངོམ་པ་ནི་སྟོན་པ། གཟུ་ལུམ་ནི་རང་བཟོ། གླགས་པ་ནི་འཁེབས་པ། ལུད་པར་ནི་བྱུར་པུར། གནོངས་པ་ནི་ཉེས་པ། དོང་སྟེ་ནི་སོང་སྟེ། དཔེན་པ་ནི་མཁོ་བ། ཇིས་ན་ནི་ཅིས་ན།བློ་ཅིང་ནི་བརྗོད་ཀྱང༌། གཞོག་པ་ནི་འཇོག་པ། ཀོས་ཐག་ནི་ཉམ་ཐག བཏུལ་བཅིལ་ནི་སྦྱངས་པ།ཁྲེན་ནི་སྐྱོན། གྱིན་ཏ་ནི་རྒྱུ་མེད། སྔ་མཁོ་ནི་སྔ་མ། སྨྱུར་ཏེ་ནི་མྱུར་དུ། ཁ་སྦོན་ནི་ཁ་ཏོན། འོ་ནི་ནི་འདི་ནི། འོན་ཅིག་ནི་བྱོན་ཅིག ལྡེམ་པོ་ནི་དྲང་པོ་མིན་པ། ཉིད་དོར་ནི་ངེས་པར། བྱོས་ཤིག་ནི་གྱིས་ཤིག རངས་པ་ནི་བདེ་བ།ཁོང་འཁྱིད་ནི་ཁོང་འབྱིན།གཏུ་ལུམ་ནི་བཟི་བ།གྱུ་བ་ནི་བཀྲུ་བའམ་སྐབས་ལ་ལར་ང་རྒྱལ་ཅན་ལ་ཟེར་བའང་འདུག ཕོ་ཐེག་ནི་ཁུར་ཁྱེར། རྨེ་བ་ནི་སྨྲ་བ། སྨུན་པོ་ནི་བླུན་པོ། འཕན་པ་ནི་ཆག་པ། ག་ཐག་ནི་གང་དག སྦེན་ཞ་ཏ་ནི་ཡང་དག་མིན།འོར་འགའ་ནི་རེས་འགའ། འོ་ཅོག་ནི་ཐམས་ཅད། བྱ་རྐོན་ནི་བྱ་རྒྱ གཉིག་ཏུ་ནི་གཅིག་ཏུ།འདི་ཀོ་ནི་འདི་ནི།འབོགས་པ་ནི་བརྩོན་པའམ་བརྒལ།གོ་ཅོག་ནི་ཐམས་ཅད།ཞག་སྟེ་ནི་མགུ་སྟེ།གཞེན་འདེབས་ནི་བསྐུལ་བ།ཕོན་ཏེ་ནི་ཕན་ཏེ།འགོ་བ་ནི་བླང་བ།འདུ་མཆེད་ནི་ཐབས་དང༌། འུང་ནས་ནི་འདི་ནས།ཉིད་གྲུལ་ནི་རིགས་ངན།རྡང་མོ་ནི་དམོད་མོ།རང་ཉམས་ནི་རང་བཞིན།འགྲན་ཐོར་གལ་བ་ནི་འགྲན་ཟླར་གལ་བ།ཡི་བས་སུ་ནི་དབྱིབས་སུ།བླ་ཁྱད་ནི་དྲེགས་པ།བདར་བ་ནི་སྟེར་བ།འུང་ཏིང་ནི་འོན་ཀྱང༌།གཉེན་ཏེ་ནི་བོས་ཏེ།འོར་བ་ནི་སྐྱོབ་པའམ་བོར་བ།ཕ་ལོགས་ནི་ཕ་རོལ།སྦུ་བུ་ནི་སྦུ་གུ།གྱིམ་ཤིང་ནི་རོལ་མོ། ཆོ་ལོ་ནི་རྒྱན་པོ། ཟུས་ནས་ལ་ཟུག་ནས། བློན་འདེབས་ནི་ཆོས་སྟོན།རྒྱ་རྣ་རུ་ནི་མི་ཚངས་སྤྱོད།འགྲོང་བ་ནི་རྨ་སྒོ།མཆིས་འབྲང་ནི་ཆུང་མ།རེ་རྨ་ནི་བུད་མེད།མ་དྲངས་ནི་མ་ངུལ།ཟླུག་པ་ནི་གནང་བ།གཞོངས་ནི་ལྗོངས། འཇེབས་ནི་ཕན་པ།བརྩུ་བ་ནི་བསུ་བ།དམས་པ་ནི་ཉམས་པ།ཡུས་ཏེ་ནི་བདེན་ཏེ།རྨེན་ངན་ནི་ལྟས་ངན།བན་ལ་ནི་བྱས་གླགགཏི་ན་ནི་སྨྲེ་བ།སླད་བཞིན་ནི་ཕྱི་བཞིན།འཕྱན་པ་ནི་འཁྱམ་པའམ་ཡན་པ།བཀུམ་པ་ནི་བཅད་པ།མཚུན་ནི་ཕ་མེས།ཉེ་གནས་ནི་སློབ་བུ།རྙིས་པ་ནི་རྙིངས་པ།འདས་པ་ནི་དེས་པ།སློས་པ་ནི་ཟློས་པ།སྨྱོ་བ་ནི་ཞན་པ།ལེའུ་གློན་ནི་ལན་འདོན།དགུམ་དུ་ནི་བཅད་དུ།འདྲག་མཐིལ་ནི་ལག་མཐིལ།བུམ་བུ་ནི་བུམ་ཆུང༌།རྩིག་གུ་ནི་རྩིག་པ།བྲུངས་ཀྱང་ནི་ཀུན་ཀྱང༌།ནན་ཐུར་ནི་ནན་ཏན།གཡུར་རམ་ཡུར་ནི་གཉིད།སྒྲེའུ་ཆུང་ནི་འཛག་སྣོད། བར་ཏང་ནི་སྟན་འབོལ།ཡུ་བུ་ནི་རང་རེ།གཏན་པ་ནི་སྲ་བརྐྱང༌།ཀོག་ཚེ་ནི་སྙིང་ཐགསྨྱུང་ནས་ནི་བཅུག་ནས།དགུ་སྟེ་ནི་ལྟག་སྟེ།ངཀྱེར་བ་ནི་སྦྱིན་པ།མ་ལ་ནི་མོད་ལ།འདོད་འགྲོ་ནི་སྨད་འཚོང་། ངོག་གོ་ནི་ནོན་ཏོ།ཐོང་ཁོར་ནི་གར་བུ།འགེབས་པ་ནི་སྒྲིབ་བ།ཁྲོལ་བ་ནི་ཤེས་པ། མཚན་དཀོར་ནི་མཚན་ལེགས། དུབས་སུ་ནི་དུས་སུ། ལག་ཏུབ་ནི་མགྱོགས་པ།ལྡོངས་པ་ནི་ལོང་བ།ངམིགས་བུ་ནི་ཁྲིད་བྱེད།དོག་ན་ནི་སོང་ན། འོལ་ཡང་ནི་དཔེ་ཡང༌།མོང་མི་དམའ་བ་ནི་དཔང་ནི་མཐོ་བ།སྐྱང་ནུལ་ནི་ཞལ་ཞལ། ཡུགས་ཤིག་ནི་བྱུགས་ཤིག ཞེ་འོ་ནི་ཟེར་ཏོ།ལྡུང་རུས་ནི་ལྟུང་འབྲས།རྩལ་བ་ནི་བྱིན་པ།འཛེར་ཏོ་ནི་སྨྲས་སོ།།དུག་ཁང་ནི་ཁྱས་ཁང་ངམ་བསྲོ་ཁང༌།དཔྱ་བ་ནི་འཕྱ་བ།སྔ་ཟ་ནི་སྔ་བ།བར་ཐང་ནི་ཕྲུག་སྟན། ཁུ་ཤ་ནི་ཤ་ཁུ།འདེ་གུ་ནི་སྐྱོམ་བུ།ཐམ་ལག་ནི་མན་ངགམནང་བར་བཞག་པ་ནི་ལེགས་པར་བརྒྱན་པ།གཡམ་ལ་ནི་ཞར་ལ།འདྲུབས་པ་ནི་གསོས་པ།སྣམ་ཕྱིངས་ནི་ཕྱི་ས་ཁང་པ།དེ་མོ་ནི་དགོས་པ།སྐུན་བུ་ནི་གཞོང་བུ།ཡ་གང་ནི་རྐང་རྟེན།ཅི་ཆོག་ནི་ཅི་ཡོད།ཐ་གི་ནི་ཞི་བ།རྒྱུ་ཁུར་ཅན་ནི་གཅེར་བུ་པ།གཟར་ཐག་ནི་དཔྱང་ཐགནོད་པ་ནི་ལེན་པའམ་ཐོབ་པ།ཕྱི་མོ་ནི་བཙུན་མོ།སླས་ནི་བཙུན་མོའི་འཁོར།བླངས་ཀྱང་ནི་སླར་ཡང༌། རིམས་ཤིག་ནི་དྲོངས་ཤིགགྱོང་རལ་ནི་ས་ཞག ཆེམས་བཞག་ནི་འཕྲིན་བཞགཤུལ་དུ་ནི་ལམ་དུ།མད་པ་ནི་བདེན་པ།སྦྱན་པ་པ་ནི་བྱ་ར་བ། གཞིལ་བ་ནི་བཅོམ་པ།ཚིག་གུ་ནི་འབྲས་བུ།རེགས་པ་ནི་བྲེག་པ།སྐྱོས་པ་ནི་ཉམས་པ།སླ་བ་ནི་ཟླ་བ།ཉུལ་བ་ནི་བུལ་བའམ་འགོར་བ།གཞར་བ་ནི་མཐུན་པ།མཁའ་འཕྲིང་ནི་ཕོར་ཤུབས།རབ་པས་ནི་བཙན་པ།ཕྱོགས་གཅིག་ནི་ཁོར་གཅིགཆེད་འགའ་ནི་རེས་འགའ།སྐྱོ་སྡོགས་ནི་འཁྲུག་ལོང་།བགས་ཀྱིས་ནི་རིམ་གྱིས།ཚང་ཐུར་ནི་གོས་ཤུབས།བརླ་བརྙང་ནི་སྣོན་པ།བརྙས་པ་ནི་གཡས་པ།བརྙན་པ་ནི་གཡར་བ།འཆོང་ཤིག་ནི་ཆོངས་ཤིག ཁོམ་པ་ནི་ངལ་བ།ཕོ་ལོང་ནི་གྲུ་གུ།ཕྱག་ལས་ཁོམ་ནི་ར་རོ་བ།དགུམ་པ་ནི་གསོད་པ།བར་འགའ་ནི་རེས་འགའ།རྨེད་དུ་ནི་གསོལ་དུ།ལྒོ་ལྒོ་ནི་སྤང་ཤ།འཁོབ་པ་ནི་ངན་པ།འགུམ་པ་ནི་འཆི་བ།བཀུམ་པ་ནི་བསད་པ།གོར་མ་ནི་རྡོ་བ།འཁྲུན་རིང་ནི་མཆུ་རིང་ངམ་དཀྱུས་རིང༌།བརྣོགས་ཏེ་ནི་བསྔམས་ཏེ།མནགས་པ་ནི་བསྲན་པ། ཆེ་ཞེ་ནི་ཨ་ཆེའམ་སྲིང་མོ།ཆ་བྱད་ནི་ཆ་ལུགས།འབྱེས་པ་ནི་མཛེས་པའམ་མཚམས་ཕྱེདཔ།མི་ཆོག་ནི་མི་ཕོད།ཤིང་ཐགས་ནི་ཅོགགཡེར་བག་ནི་སྣང་གཡེལ་ཅན།རྩང་ནན་ནི་བཏུངབ།འཐམས་པ་ནི་བྱམས་པ།འཁམས་པ་ནི་བརྒྱལ་བ།སྡུམ་མཚེས་ནི་ཁྱིམ་མཚེས།མ་ནངས་ནི་མ་ལངས།བརླམས་པ་ནི་བསྐྱོད་པ།སྦལ་དུ་ནི་དོད་དུ།དྲལ་པོ་ནི་མིང་པོ།ནངས་ཀྱི་ནི་སྔོན་གྱི། གོར་བུ་ནི་གྲུ་བཞི།སྒྲེ་བོ་ནི་ས་རྗེན། འོད་པ་ནི་ཡོད་པའམ་ཆུ་ལམ་གྱི་འོབས་ལ་ཟེར་བའང་འདུག ཙུམ་པ་ནི་འོ་བྱེད་པ།རྣ་རུ་ནི་འཁྲིག་པ།མདུད་པ་ནི་འཆིང་བ།དུས་བབ་ནི་འཆི་བ།དུས་འདས་ནི་ཤི་བ།ཕྱུང་ཕྱུང་ནི་གཞོན་ནུ་མ།སྣོག་གཟན་ནི་འཁུར་བ།དུས་བྱེད་ནི་མི་འཚོ།བྱ་མོ་ལབ་ནིམཆོད་པའི་རྫས། ལན་ཀན་ནི་སེང་མའམ་པུ་ཤུ།རྒྱུན་ལུགས་ནི་རྒྱུ་འགྲུལ།བསིལ་བ་ནི་སྐྱེལ་མ། གཡར་ངོ་ནི་གདོང༌།གཡར་ལེན་ནི་ཁས་ལེན།གཡར་འདྲེན་ནི་སྤྱན་འདྲེན།གཡར་ངམ་ནི་དམ་བཅའ།གཡར་ལམ་ནི་མདུན།གཡར་ཚ་ནི་ངོ་ཚ།གཡར་ཁམས་ནི་སྐུ་ཁམས།མི་འཚལ་ནི་མི་ཚབ། སྒེའུ་ཆུང་ནི་འགྲོ་བ།དྲུངས་པ་ཉག་ནི་རྩ་བ་ནགའགྱུར་བྱེད་ནི་པྲ་ཆལ། མིངས་ནི་མིན་ནད་དམ་རིམས་ནད།ཐོག་པོར་ནི་ཐོག་ཉམས།འཁོད་པ་ནི་འདུག་པ།དོ་སྒེར་ནི་ཐོར་ཙུགསྦེབས་པ་ནི་ཉེན་པ།ཞལ་ཚུས་ནི་ཞལ་ཟས། ལོང་བུ་ནི་ཤིང་ཏོག ལྡུམ་བུ་ནི་ཤིང་ཏོག འཁོས་སུ་བབ་པ་ནི་ལོགས་སུ་བཞག་པ། གཟུགས་ཅན་མ་ནི་སྨད་འཚོང་མ། འོས་པ་ནི་གཅེར་བུ་པ། ག་ཤེས་ནི་ཁ་ཟེར། རྩེན་པ་ནི་རྩེ་བ། ཐོམས་ཤིག་ནི་སོམས་ཤིག མཐོལ་ནི་སྨྲ་བའམ་མི་སྤོང་པ། གཤོས་པ་ནི་འཁྲིག་པ།སྨོས་འདྲིན་ནི་གྲོགས་པོ། ནེའུ་ལྡང་ནི་ན་ཟླའམ་ན་མཉམ།འཁྱོགས་ནི་ཁྲི།བགྲོས་པ་ནི་གླེངས་པ།དོན་འཐུན་ནི་མགྲོན་པོ།བསྐྱུང་བ་ནི་ཆུང་དུ། མ་དྲངས་ནི་མི་བསྲུན།གུམ་པ་ནི་ཤི་པ།ཆེན་ཐགས་ནི་ཕྱུགས་ནད།ཁ་དག་ནི་ཉམ་ཐག མ་གླས་ནི་ཁྱད་བསད། འཚོག་པ་ནི་གཤེགས་པ། ནོངས་པ་ནི་ཤི།འདབ་ཤོག་ནི་ཉེས།ལྷད་པ་ནི་བྱི་བ།དྲལ་བ་ནི་ཞིག་པ།ཅོ་ཏོ་ནི་མགོ་སྤུ། བསྡུམ་ཐབ་ནི་ཁྱིམ་ཐབ།སྐྱིན་གོར་ནི་རྩངས་པའམ་གངས་སྦལ། ཁྱོ་ཤུག་ནི་བཟའ་ཚོ།རན་ནི་རྩྭ།གཡར་ཁྲལ་ནི་ཁ་ཁྲལ། ཀེའུ་ནི་རི་སྒོག ཀུན་དོང་ནི་སྒོག་པའམ་བཙོང་ལ་ཟེར་བའང་སྣང༌།ཇེ་ནི་དེ། ཇི་ག་ནི་གང༌།གླེ་བ་ནི་སེལ་པོ།ཞུགས་ནི་མེ། བསྐལ་བ་ནི་བཀྲུ། སྲེལ་ནི་མུག་པ། སྲེལ་ཟན་ནི་མུག་ཟོས། སྲིལ་ནི་སྲོ་ཆགས་མུག་པ་ཞེས་པའང་འདུག ལྷུང་བཟེད་གྱུ་ནི་བཀྲུས་ནས་བཞག ཏི་ཙ་ནི་འོག་གདན།ཕྱག་སྦལ་ནི་བཙོན་དོང༌། གསུད་པ་ནི་མ་ཞུའམ་སྒྲེགས་པ། བཟང་མཁན་ནི་གོས་བཟོ།ཡ་ཁད་ནི་སྟེང་སྐས།རྐང་རྟེན་ནི་སྟེང་འཛེག་ཐེམ།སྐྱུ་རུམ་ནི་ཚོད་མ།ཁབ་རལ་ནི་ཁབ་སྣོད། ཆོལ་བཟང་ནི་བཀྲུ་ཆུའི་སྣོད། རོ་ཉེ་ནི་བཤའ་ཚེའམ་ཞ་ཉེ་ནག་པོར་ཟེར་བའང་ཡོད། ག་གོན་དང་ཚོན་མོ་སྟེང་ནི་ཞ་ཉེ་ནག་པོ།བསང་ཟེལ་ནི་བཤའ་རྡོ།བསྲེལ་ནི་འཆང་བ།དབྱུལ་ནི་མྱུལ་བ། གོ་རེ་ལོང་ནི་ལག་གཡོག་གམ་གད་བྱེད་པ།གཞི་བོ་ནི་རྒྱུན་སྡོད།མཚམས་བསྐུམ་པ་ནི་མཚམས་བཅད་པ། བཤུང་བ་ནི་དམའ་བབ།ནང་བཅས་ནི་ཞེ་འགྲས།ཁྱེར་ནི་ཁང་ཐོག དཔོང་ས་ནི་ཆོས་གྲྭ་སོགས། གོར་བུ་ནི་སྟན་བླུམ།ཚར་ནི་ཕྲེང་པ།པར་ཐང་ནི་ས་གདན།ཨ་མོ་ནིག་ནི་སྟན་རིང༌། བསྙིལ་བ་ནི་ཕྱིར་འདོན།བསེལ་བྱེད་ནི་ལམ་སྐྱེལ།ཐགས་མ་ནི་སྣེ་ཟུར།གོ་ལོས་ནི་ཁ་ཟེར་ཙམ། གྱིང་གོང་ནི་ཞི་བ།འབྲམ་ཟེར་ནི་དུམ་གྲུགས། དངར་བ་ནི་བསྒྲིགས་པ།འཁོས་སུ་བབ་ནི་འདུན་པ། རྩེ་རྒོད་ནི་འཁོར་གཡོག་གམ་ལྷ་འབངས།ལོངས་པ་ནི་རྒྱགས་པ།ལག་གི་བླ་ནི་ལས་དཔོན། ལྟག་འོག་ནི་སྔ་ཕྱིའམ་གོང་འོགསྤུན་པ་ནི་བསྟུན་པ།ཐོག་ཐོག་ནི་དང་པོར།རེག་ཟེག་ནི་ཟིན་བྲིས་སམ་བཀས་བཅས།བོན་པ་ནི་ཟླས་པ།ཐེབས་པོ་ནི་མི་མངོན།རིངས་པོ་ནི་བརྩོན་པ།སྦུལ་བབ་ནི་རུང་བ།མིག་གི་རྡུ་མ་ནི་མིག་གི་དྲི་མའམ་སྐྱོ་མ།གཏམ་འདྲེས་པ་ནི་ཕེབས་པར་སྨྲ་བ།དབོས་པ་ནི་སྦོས་པ། སླད་ཚ་ནི་མི་གཙང་བའམ་བཤང་བ།ཤ་ཆགས་པ་ནི་བློ་ལ་ཡོད་པ། ཀྱལ་ཀ་ནི་ཀུ་རེའིཚིགབསྟང་བ་ནི་མགོན་ནམ་གྲོགས། དུས་པོ་ཆེ་ནི་འཛིན་པ་ཆེ་བ། ཉིང་ཤ་ནི་རང་གི་ཤ།སྟོང་པ་ནི་ཕན་པའམ་གྲོགས།དཀོར་ནི་ནོར་གྱི་ཞེ་ས།ཀ་ཅ་ནི་ནོར་གྱི་སྤྱི་མིང༌།དཀྱེལ་ཆེ་བ་ནི་ཁོང་ཡངས་པ།ཆུ་གད་ནི་སྙིང་སྟོབས།སྐྲུས་པ་ནི་གཅོད་པ།སྒྲུན་པ་ནི་འགྲན་པ། བསྐྲུ་བ་ནི་གཞན་ལ་ཐབས་ཀྱིས་འབྲད་པ། མན་ནི་ཚོང་དང་དུས། ཇུ་བོ་ནི་རྡོ། ཤ་ཀོན་ཞུགས་པ་ནི་ཁོན་ཡོད་པ།མཉེལ་བ་ནི་ངལ་བ། བརྡུལ་ནི་བསྡུས་པའམ་འཇམ་པ། འཁྲུན་ནི་འཕང་ངམ་སྲིད།འདྲེན་མ་ནི་སྣ་ཚོགས་འདྲེས་སྲམ་ཁྲ་བོ།མནག་དཀའ་ནི་སྲན་དཀའ། མནོག་ཆུང་ནི་ཁ་ཆུང་བ།ཕྱང་དེ་ནི་འཇོལ་ལེ་བ།བྱུག་རིས་ནི་གྲེལ། ནུ་རྫི་ནི་ཉིང་ཁུ། དགོང་བ་ནི་སྨད་པ། ཤིན་ཏེ་མ་ནི་ཆུད་ཟ་བ།སག་རྩ་སྐྱེལ་བ་ནི་སྦུངས་སྐྱེད་པའམ་དམ་བཅའ་བརྟན་པ། སྐྱོ་མ་ནི་ཕྲ་མའམ་ཕྱེ་བ།སྦོན་པ་ནི་གཏོང་བ། སྦུན་པ་ནི་བསྲེས་པའམ་རྫུན་པ་ལའང་འཇུག སོ་སྟོ་ནི་སོ་ཟིང༌། སྤྲེབས་པ་ནི་ཟས། བཏོགས་པ་ནི་ཕྲོགས་པ། སྨྲེ་ནི་སྡུག་བསྔལ། རྨྱ་བ་ནི་ཉམས་པ། ཆུམས་པ་ནི་ཆགས་པ། དུས་ཀྱིས་འཆུ་བ་ནི་དབང་གིས་འཆུ་བ། སྦང་བ་ནི་མི་འཇིགས་པ། སྨྱུགས་པ་ནི་བཅུག་པ། དཀྲེ་ནི་ཕོ་མཚན་གྱི་ཏོགཀོག་རྩེ་ནི་རྒྱའམ་རྙི་རྙོང༌། ཐེར་ཏོ་ནི་རྩེ་མོ། རྫི་ནི་རླུང༌། བཏུངས་པ་ནི་བསད་པ། ཝན་པ་ནི་སོང་བ། རམ་ཤག་ནི་འགྱོད་པ། ལྟོག་མོ་ནི་ཁུད་པ། ཚང་མང་ནི་ཐབ་ཚང༌། གདུགས་ནི་ཉིན་མོ། དགུང་ནི་མཚན་མོ། བསེར་བུ་ནི་རླུང༌།བསྒོ་བ་རྣར་གཟོན་ནི་བསླབ་བྱ་ལ་མི་ཉན་པར་ཕྱིར་བཟློག་པའམ་བསྐུལ་ཚིག་དང་དུ་མི་ལེན་པ། མནོ་བ་ནི་སེམས་པ། ལྔ་པ་ནི་འཆི་བ། ཆེ་ཞེ་ནི་ཁྱོ། ཆེ་ཞི་ནི་ཆུང་མ། འབེལ་གཏམ་ནི་ཡང་དག་པའི་གཏམ། ག་གོན་ནི་ཉུང་མ། མངན་བགྲང་ནི་སྐྱོན་ནས་བརྗོད་པ། མཆོར་ནི་མཛེས་པ། ཅི་ག་ནི་དེ་སྐད། འཇོར་བ་ནི་ཏོག་རྩེའམ་འཇུག་ཐུག གཉུག་མ་ནི་གདོད་མ། འདོ་བ་ནི་རྟ། རྩབ་མོ་ནི་རབ་བྱུང་གི་བཏུང་བའི་ཁྱད་པར། འཚེམ་པ་ནི་རྨོག འཇོལ་བ་ནི་ནོར་བ། འཛེད་པ་ནི་བཟེད་པ། འཛབ་ནི་སྔགས་བསྙེན་གྲོགས་བྱེད་མིང༌། གཞུངས་པ་ནི་རབ་ཏུ་གྲུབ་པ། གཟིགས་དང་གཟོན་ནི་ལུས་དང་ངག་གི་ཁྱད་པར། གཟེགས་མ་ནི་ཆ་ཤས་ཙམ། ཟོལ་མ་ནི་གཡོ་སྒྱུ། སྲུལ་བ་ནི་རུལ་བ། དཀུ་ནི་ལུས་ཀྱི་སྟ་ཟུར་རམ་དྲི་མི་ཞིམ་པ་ལའང་འཇུག འབྱོར་བྱིན་ནི་གཡོ་སྒྱུ། བཀའ་མཆིད་ནི་གླེང་མོ། བཀོལ་བ་ནི་བཀར་བའམ་ལས་བཀོལ་སོགས། བཀད་ས་ནི་གཡོས་ཁང་ངམ་འདུག་ས། དཀོན་པ་ནི་སྣང་བ། མཁུ་བ་ནི་ལྡོག་པ། ག་ག་ཚིལ་ནི་སྐྱི་གཡའ་བ། གོབ་ལོན་ནི་བྱ་སླ།གལ་བཟུང་ནི་སུན་འབྱིན། གོར་མ་ནི་རྡོ།གར་བུ་ནི་ལྗགས། བརྡེད་པ་ནི་འདྲིད་པ། ཅི་ཞིག་ལྟར་ནི་འབད་རྩོལ་མེད། མུ་ཅོར་ནི་རྫུན།ལ་ག་ཅན་ནི་ཤོ་གམ།བ་ཅོམ་ནི་ཁེངས་དྲེགས།ལྕམ་ནི་སྲིང་མོ།མི་མཇེད་ནི་བཟོད་པ། འཇའ་དང་འཇུམས་པ་ནི་ཁེངས་པ་བཏང་བ། འཇང་བ་ནི་ཟ་བའམ་བཏུང་བ། ཉན་རྣ་ནི་ཕག་ཉན། སྣང་བརྙན་ནི་སྣང་ལ་རང་བཞིན་མེད། ཉོན་མོངས་ནི་ཆགས་སོགས། སྙོན་མོངས་ནི་སྡུག་བསྔལ།བསྙེན་པ་ནི་ཉེ་བ།བསྲིངས་པ་ནི་རིང་བ།བསྙིལ་བ་ནི་བསྐྲོད་པ། གཏོལ་མེད་ནི་ཆ་མེད། གཏུར་བུ་ནི་ཆོས་གོས་ཀྱི་སྣོད། བརྟོན་ནི་ཡིད་བརྟན་རུང༌། བསྟར་བ་ནི་རྡུལ་ཕྱིས། མ་ཐན་ནི་མ་ཞུམ། མཐང་ནི་ནང༌། དོག་ལེ་ནི་ཆུ་སྲོ་བའི་སྣོད་དམ་དབྱེབ་ལེའང་ཟེར། གདོས་བུ་ནི་སྣོད་ཆུང་ཆུས་གང་བ། བདའ་བ་ནི་ཞིམ་པ། བདར་བ་ནི་བྱི་དོར་རམ་ཕྱེ་མར་བྱས་པ། བདོབ་ནི་དར་བ། བདེན་པ་བདར་རམ་མདུན་དུ་བདར་ནི་དབང་དུ་བྱས་པ། གོ་འཐུན་ནི་སྣ་ཚོགས། གནག་ནི་ཕྱུག གནོག་པ་ནི་མང་པོ། ཐོ་ནི་གལ། རྣང་མ་ནི་ཞིང་ལས། བརྣན་པ་ནི་ངེས་བཟུང་ངམ་དགར་བའང་ཟེར། བརྣངས་ནི་ཡི་ག་གྱེན་དུ་འཕྱུརྭ་བ། སྤགས་ནི་འཕགས་པ། སྤྱིན་ནི་འབྱར་བྱེད།ཁྱད་པར་ནི་རྟག་ཏུའམ་རྒྱུན་དུ། དབྲེ་ནི་རྩོག་པ། སྨག་ནི་མུན་པ། བསྙེམས་པ་ནི་ང་རྒྱལ། ཁད་ཀྱིས་ནི་དལ་བུ། ཉེ་ཞོ་མེད་པ་ནི་ལེགས་པའམ་སྐྱོན་མེད་པའམ་བཀྲ་ཤིས་པ་སོགས། དབང་ཐང་ཆེ་བ་ནི་སྐལ་བ་ཆེ་བའམ་དཔལ་ཆེ་བའམ་སྐལ་བ་བཟང་པོའོ།།

    དེ་དག་ནི་བརྡའ་གསར་རྙིང་གི་རྣམ་བཞག་ཆེ་ལོང་ཙམ་བསྡུས་པའོ། །དེ་ལྟར་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཆེན་པོ་ཧོར་གྱི་སྐད་དུ་བསྒྱུར་བ་ལ་ཉེ་བར་མཁོ་བའི་གཞུང་ལུགས་མཁས་པའི་འབྱུང་གནས་ཞེས་བྱ་བ་འདི་ཉིད་ལ་སྦྱངས་པར་འདོད་པ་རྣམས་ཀྱིས། བྱང་ཆུབ་ཀྱི་སེམས་དང༌།ཐེག་པ་ཆེན་པོའི་བསྒྲུབས་པ་དང༌། མཁྱེན་པ་གསུམ་དང༌། ཐེག་ཆེན་སྦྱོར་བ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་སོགས་པའི་མིང་གི་རྣམ་གྲངས་ནི་ཕར་ཕྱིན་གྱི་སྐབས་སུ་བལྟ་བར་བྱའོ། །དེ་བཞིན་དུ་བདག་འཛིན་དང༌། ལྟ་ངན་དང༌། བདག་མེད་གཉིས་དང༌། སྟོང་ཉིད་ཀྱི་དབྱེ་བ། ས་བཅུ། བྱང་སེམས་ཀྱི་སྤྱོད་པ་ཕྱིན་དྲུག བསྡུ་བ་བཞི། བྱང་སེམས་ཀྱི་རྩ་ལྟུང༌། ཉེས་བྱས་སོགས་ནི་དབུ་མའི་སྐབས་སུ་བལྟའོ། །བདེན་པ་བཞི། རྟེན་འབྲེལ་བཅུ་གཉིས། ཕུང་པོ་ལྔ། ཁམས་བཅོ་བརྒྱད། སྐྱེ་མཆེད་བཅུ་གཉིས། སེམས་སེམས་བྱུང༌། ལས་དཀར་ནག་འབྲས་བུ་དང་བཅས་པ། ཉོན་མོངས་ཀྱི་རྣམ་བཞག སྣོད་བཅུད་ཀྱི་འཇིག་རྟེན་གྱི་ཁམས། དགེ་འདུན་ཉི་ཤུ། མཚན་ཉིད་གསུམ། བསམ་གཏན་གཟུགས་མེད་ཀྱི་ཏིང་འཛིན། ཞི་གནས་ལྷག་མཐོང་གི་རབ་དབྱེ་སོགས་ནི་མངོན་པའི་སྐབས་སུ་བལྟའོ།།

    སོ་ཐར་རིགས་བརྒྱད་ཀྱི་སྡོམ་པ་ལེན་ཚུལ།མཁན་པོ་དང་སློབ་དཔོན་གྱི་རྣམ་བཞག ལྟུང་བའི་རྣམ་བཞག ལས་བརྒྱ་རྩ་གཅིག་གི་དབྱེ་བ་སོགས་གཞི་བཅུ་བདུན་གྱི་སྐོར་ནི་འདུལ་བའི་སྐབས་སུ་བལྟའོ། ཕྱི་རོལ་པའི་གྲུབ་མཐའ་བཅུ་གཉིས། ནང་པའི་གྲུབ་མཐའ་བཞི་རྣམས་ཀྱི་ཐུན་མོང་མ་ཡིན་པའི་འདོད་པ་སོ་སོ་བའི་མིང་ནི་གྲུབ་མཐའི་སྐབས་སུ་བལྟའོ། །གསང་སྔགས་ཀྱི་རྒྱུད་སྡེ་བཞི་སོ་སོའི་དབང་ངམ་ཚིགསྡོམ་པ། རྒྱུད་ཀྱི་དབྱེ་བ། ལམ་གྱི་རྣམ་བཞག་རྣམས་ཀྱི་སྐོར་ནི་སྔགས་ཀྱི་སྐབས་སུ་བལྟའོ། །ཤེས་བྱ་ཡུལ་གྱི་རྣམ་བཞག ཤེས་བྱེད་ཚད་མ་དང་ཚད་མིན་གྱི་དབྱེ་བ། རྒོལ་ཕྱིར་རྒོལ་གྱི་རྩོད་ཚུལ་གྱི་སྐོར་སོགས་ནི་གཏན་ཚིགས་རིག་པར་བལྟའོ།།སྒྲ་བསྒྲུབ་པ་དང་།ཀློག་པ།ཨ་ལི་ཀ་ལི་འབྲི་ཚུལ།རྣམ་དབྱེའི་འཇུག་ཚུལ་སོགས་ནི་སྒྲ་རིག་པར་བལྟའོ། །རིག་གནས་བཅོ་བརྒྱད་དང་༑གཙུག་ལག་རྩིས་ཀྱི་སྐོར་གྱི་མིང་གི་རྣམ་གྲངས་ནི་བཟོ་རིག་པར་བལྟའོ། །ནད་དང༌། སྨན་དང༌། དཔྱད་དང༌།ཚེ་བསྲིང་བའི་ཐབས་ལུས་གསོ་བར་བྱེད་པའི་སྐོར་ནི་གསོ་བ་རིག་པར་བལྟའོ།།བརྡའ་གསར་རྙིང་གི་རྣམ་བཞག་ནི་ལེའུ་ཐ་མར་བལྟ་བར་བྱའོ། །

    གཞན་ཡང་འདིར་མ་འདུས་པའི་མིང་གི་རྣམ་གྲངས་གཞན་དང་གཞན་ནི་སྔར་གྱི་མཁས་པ་ཚད་ལྡན་རྣམས་ཀྱིས་མཛད་པའི་དག་ཡིག་ཆེ་ཆུང་སྣ་ཚོགས་འདུག་པ་རྣམས་ལ་ཞིབ་ཏུ་དཔྱད་ནས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན།ཚིག་ལ་མི་རྟོན་དོན་ལ་རྟོན་པའི་སྒོ་ནས་ལེགས་པར་ཤེས་པར་བྱ་ཡི། ཕོ་ཚོད་ཀྱིས་ཟོམ་འཇོག་དང༌།ཕྱོགས་ཞེན་དང༌།གཡོ་ཐབས་འབའ་ཞིག་ལྷུར་ལེན་པའི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་དྲི་མ་ཅན་དུ་བྱེད་པ་ནི་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དུག་བཞིན་དུ་སྤང་བར་བྱའོ། །ཇི་སྐད་བཤང་པའི་ཚུལ་གྱིས་བསམ་པ་དང་སྦྱོར་བ་རྣམ་པར་དག་པའི་སྒོ་ནས།རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལེགས་པར་བསྒྱུར་བ་དང༌།བསྒྱུར་ཟིན་འཆོས་པ་དང༌། དེ་ཉིད་ཚུལ་བཞིན་དུ་འཆད་པ་དང༌། རང་གིས་དོན་ཉམས་སུ་ལེན་ཅིང་གཞན་དག་ཀྱང་ཚུལ་དེ་ལ་སྦྱོར་བ་སོགས་གང་ཡང་རུང་བའམ།དེ་དག་ཅི་རིགས་པ་ལ་བརྩོན་པས། རྒྱལ་བའི་བསྟན་པ་རིན་པོ་ཆེ་རིང་དུ་གནས་པར་བྱེད་པ་ནི།དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཐབས་མཆོག་ཏུ་གྱུར་པ། སྐྱེས་བུ་དམ་པ་རྣམས་ཀྱིས་གཅིག་ཏུ་བསྔགས་པར་བྱ་བའི་གནས།འགྲོ་བ་མཐའ་དག་གི་སྨན་ཡོན་དམ་པ། རྒྱལ་བ་སྲས་བཅས་དགྱེས་པར་བྱེད་པའི་ཐབས་རྨད་དུ་བྱུང་བ་ཡིན་པས།བདག་ལེགས་སུ་འདོད་པ་རྣམས་ཀྱིས་ནུས་པ་དང་རྩལ་ཅི་ཡོད་ཀྱིས་ཚུལ་དེ་ལ་འབད་པར་བྱ་རིགས་སོ་ཅེས་ཀུན་ལ་ཐལ་མོ་སྦྱར་ནས་གསོལ་བ་འདེབས་སོ།།

    སྨྲས་པ།རྣམ་དཀར་ལྷག་བསམ་ས་བོན་སྨིན་པ་ལས།།ཉེར་འཁྲུངས་གཞུང་ལུགས་ཡོངས་འདུའི་ལྗོན་པ་ཆེ།།དོན་འབྲས་གཡུར་ཟ་རིག་གནས་ལོ་འདབ་རྒྱས། །བློ་གསལ་ལྷ་བུའི་ཉེར་འཚོ་འདི་ཀོ་རྨད།།གཞུང་བརྒྱའི་རྣམ་མང་ཐ་སྙད་མེ་ཏོག་ཚོགས།།སྡེབ་མཁས་སྲད་བུར་བརྒྱུས་པའི་སྤེལ་ལེགས་འཕྲེང་། ། མཁས་མཆོག་མགུལ་བའི་རྒྱན་དུ་ཉེར་འོས་འདིས། །ཡིད་ཀྱི་བརྟན་པ་མི་འཕྲོག་ཤེས་ལྡན་གང།།གྲོང་ཚིག་ལྗན་ལྗིན་ཁེངས་གཏམ་དྲི་ངན་འཐུལ། ། མ་དག་ཀུན་སློང་སྙེམ་པས་སྦྲེངས་པ་ལ།།རྣམ་སད་མཆོད་ཡོན་དམ་པར་རློམ་པ་དེས།།མཁས་རྣམས་ཡི་མུག་དཔྱོད་ལྡན་ཞེ་རེ་ཁྲེལ།།ལེགས་ཉེས་འབྱེད་པའི་རྩལ་མེད་བློ་དམན་རྣར།།ལེགས་བཤད་སྒྲ་ལས་རྨོངས་པའི་གླུ་སྙན་མོད། །ལེགས་གསུངས་དོན་ལ་ཆེས་གོམས་མཁས་པའི་ཚོགས།།ལེགས་ལམ་ཆོས་ཚུལ་སྒྲོགས་པས་ག་ལ་ངོམས།།བཅུ་ཕྲག་རིག་གཞུང་ཐ་སྙད་ཆེས་མང་པོ། །རྒྱ་ཆེར་བཤད་ན་བློ་ལྡན་མགུ་བསྐྱེད་ཀྱང༌། །གླེགས་བམ་གཟུགས་ཀྱིས་འཇིགས་རྣམས་རྗེས་བཟུང་ཕྱིར།།མདོར་བསྡུས་ཙམ་འདི་གོ་སླའི་ངག་གིས་བཤད། །འདུན་འཇིགས་ཞེ་སྡང་རྨོངས་པའི་དབང་གྱུར་པའི། ། འགྲོ་བ་བཞི་ཡིས་འདིར་ནི་བཤུང་གྱུར་ཀྱང༌།།གཞུང་དང་བྱེད་པོའི་སྐྱོན་དུ་མི་འགྱུར་གྱི། །བླུན་པོ་རང་གི་དེ་ཉིད་སྟོན་པར་ཟད། །ཕྱོགས་ཀུན་སྣང་བྱེད་བཅུ་གཉིས་བདག་པོ་ལ། །བྱང་བསྟན་ཕུག་གནས་སྦལ་ལྕོང་འཕྱེ་བོ་ཡིས། །འབད་པས་སྨོད་ཀྱང་རང་གི་ཉེས་པ་སྟེ། །གླིང་བཞིའི་མུན་སེལ་རྟེན་འབྲེལ་ཇི་ལྟར་ཁེགས། །རབ་འབྱམས་གཞུང་ལ་ཚུལ་བཞིན་ལེགས་སྦྱངས་པས།།གསུང་རབ་དགོངས་དོན་རིག་པའི་མཁས་རྣམས་ཀྱིས། །ཚུལ་འདིར་ཉེས་པའི་ཆ་གང་གཟིགས་གྱུར་ན། །དེ་ནི་ངེསཔར་བདག་བློའི་ནོངས་པ་སྟེ། །གནོང་བཞིན་འཆགས་སོ་ཉེས་པ་ཀུན་བསལ་ནས། ། བྱིས་པ་ཆུང་ངུས་སྨྲས་པའི་འཁྲུལ་བ་ལའང༌། །བརྩེ་བའི་ཕ་མས་མཚར་དུ་འཛིན་པ་བཞིན། །ཕྱིར་ཞིང་བདག་ལ་ལྷག་པར་བརྩེ་བར་མཛོད། ། འདིར་འབད་དགེ་བ་རབ་དཀར་བདུད་རྩིའི་རྒྱུན་བཟང་ཇི་སྙེད་མཆིས་པ་ཀུན། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྤྱན་སྔར་ཀུན་བཟང་མཆོད་པའི་སྤྲིན་གྱུར་ཏེ། །སྟོབས་བཅུ་མངའ་རྣམས་དགྱེས་པའི་འཛུམ་འཕྲེང་སྲིད་ཞིའི་ཕུན་ཚོགས་འོད་འབར་བས། །རབ་འབྱམས་རྒྱ་མཚོའི་འཇིག་རྟེན་ཁམས་ཀྱི་རྒུད་མུན་གཅིག་ཆར་འཕྲོག་གྱུར་ཅིག །མཁའ་ཁྱབ་འགྲོ་ཀུན་རེ་རེའི་ཕྱིར་ཡང་བགྲང་ཡས་བསྐལ་པར་འཁོར་བ་འདིར། །བརྣག་དཀའི་དཀའ་བ་སྣ་ཚོགས་དང་བླང་ཐར་ལམ་གསལ་བར་བྱེད་དགོས་ཀྱང༌།སྐྱོ་མེད་རྒྱལ་བའི་མཛད་བཟང་བསྒྲུབས་ལ་བདག་ནི་སྐད་ཅིག་ཙམ་དུ་ཡང༌།། ལྷོད་པ་མེད་པའི་སྙིང་སྟོབས་ཆེན་པོས་རྣམ་ཀུན་སྤྲོ་བཞིན་འཇུག་གྱུར་ཅིག། གང་ཞིག་གཞུང་འདིར་ཐོས་བསམ་འབྲི་ཀློག་བལྟ་བས་འཇུག་པའི་སྐྱེ་བོ་ཀུན། །རིང་པོར་མི་ཐོགས་གཏུགས་པ་མེད་པའི་རྣམ་དཔྱོད་སྤོབས་པ་མཆོག་བརྙེས་ཏེ། ། མུ་མཐའ་ཡས་པའི་ཡོན་ཏན་ཚོགས་ཐོབ་རྒྱལ་བའི་དམ་ཆོས་འཛིན་པ་ལ། །མཁྱེན་པའི་གཏེར་དང་མི་ཕམ་མགོན་བཞིན་ཟླ་བྲལ་གོ་འཕང་འཐོབ་གྱུར་ཅིག།གོོའུ་ཏཾ་རིང་ལུགས་འདབ་བརྒྱའི་ཚལ་ཆེན་ལེགས་པར་བཞད་པའི་དགའ་སྟོན་ལ།།འགྲོ་འདིའི་རྐང་དྲུག་རྣམ་པར་རོལ་བས་གཏན་བདེའི་ཕུན་ཚོགས་སྦྲང་རྩིའི་བཅུད། །ལོངས་སུ་སྤྱོད་པའི་དཔལ་གྱིས་ནམ་མཁའི་དངོས་པོ་གཟུགས་གཞན་མ་གྱུར་པ། །དེ་སྲིད་འཇིག་རྟེན་མཐའ་དག་རྣམ་པ་ཀུན་ཏུ་མཛེས་པ་ཉིད་གྱུར་ཅིག། ། འགྲན་བྲལ་སྟོབས་འབྱོར་རྡུལ་བརྩེགས་ཆབ་སྲིད་ཟླ་ཞུན་གོས་ཅན་རི་བོའི་སྤོར། །སྡེ་བཞིའི་རྩལ་གསུམ་ཡོངས་རྫོགས་རྣམ་པར་འགྱིད་པའི་མི་རྗེ་གདོང་ལྔའི་དབང༌། །བསྔགས་འོས་དགེ་བཅུའི་བཀའ་ཁྲིམས་ང་རོས་ཕྱོགས་ཀྱི་འཁོར་ལོ་འགེངས་བཞིན་དུ། །མཆོག་གསུམ་བླ་མར་འཛིན་པའི་དཔལ་འདི་ནམ་ཡང་ཉམས་པ་མེད་གྱུར་ཅིགམཐའ་ཡས་རྒྱལ་དང་དེ་སྲས་བྱིན་བརླབ་ལྟ་དང་དྲང་སྲོང་བདེན་པའི་མཐུ། །སྐྱེ་དགུའི་ལེགས་བྱས་ཕུང་པོ་གཅིག་བསྡུས་བཀྲ་ཤིས་ཇི་སྙེད་ཡོད་པ་དེས། །དབྱིག་ལྡན་ཁྱོན་འདི་མ་ལུས་ནག་པོའི་ལས་ཀྱི་འབྲས་བུས་རབ་དབེན་ཅིང༌།།འགྲོ་རྣམས་ཡ་རབས་སྤྱོད་ཚུལ་ལྷུར་ལེན་ཕུན་ཚོགས་དགེ་མཚན་རྣམ་རྒྱས་ཤོག།

    ཅེས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་འདི་ནི།༢ཚེ་རིང་གནམ་གྱི་ཤེ་མོང་གིས་ཡངས་པའི་ནོར་འཛིན་གྱི་ཁྱོན་ལ་དབང་བསྒྱུར་བ་འཇམ་དབྱངས་བཏོན་པའི་འཁོར་ལོ་མི་རྗེའི་ཚུལ་དུ་རོལ་པ་གོང་མ་བདག་པོ་ཆེན་པོས་བཀའ་སྩལ་སྤྱི་བོར་བླངས་ཏེ་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་གསུང་རབ་རྨད་དུ་བྱུང་བ་བསྟན་བཅོས་འགྱུར་རོ་ཅོག་ཆེན་པོ་ཧོར་གྱི་སྐད་དུ་བསྒྱུར་བ་ལ་ཉེ་བར་མཁོ་བའི་ཡན་ལག་ཏུ་དམིགས་ནས། གོང་མའི་ལུང་གིས་བཀཱན་ཏིང་ཕུའུ་ཤན་བཀྭང་ཚི་ཏཱ་ཀོོ་ཤིར་བསྔགས་ཤིང་གྲུབ་པའི་མཐའ་དུ་མ་ལ་སྦྱངས་པའི་བློ་གྲོས་མི་དམན་པ་ཤཱཀྱའི་དགེ་སློང་ཡེ་ཤེས་བསྟན་པའི་སྒྲོན་མེ་མིང་གཞན་ལྕང་སྐྱ་ཧུ་ཐོག་ཐུར་འབོད་པས་གཞུང་ལུགས་མང་པོར་ལེགས་པར་གཞིག་སྟེ་དཀའ་བའི་གནས་རྣམས།གོང་མའི་ལུང་གིས་གོའི་ཝུ་ཆན་ཤིལ་བསྔགས་ཤིང་ཐུབ་པའི་བསྟན་པ་ཡོངས་སུ་རྫོགས་པའི་གནད་ལ་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱི་དབང་ཕྱུག་དམ་པར་གྱུར་པ་ཁྲི་ཆེན་སྤྲུལ་པའི་སྐུ་བློ་བཟང་བསྟན་པའི་ཉི་མ་དཔལ་བཟང་པོའི་ཞལ་སྔ་ནས་ལ་འདྲི་གཏུགས་བདར་ཤ་བཅད་ནས་ལེགས་པར་བསྒྲིགས་པའི་ཡི་གེ་པ་ནི་ཏཱའི་ཀུ་ཤྲི་དགེ་སློང་ངག་དབང་བསྟན་འཕེལ་དང་ལོ་ཙྪ་བ་ཀུ་ཤྲི་དགེ་སློང་ངག་དབང་ཆོས་དཔལ་གཉིས་ཀྱིས་བགྱིས་པ་ལགས་ཤིང༌།ཆེན་པོ་ཧོར་གྱི་སྐད་དུ་བསྒྱུར་སྐབས་ཁྲི་ཆེན་སྤྲུལ་པའི་སྐུ་དང༌།ངེད་རང་གཉིས།ཕུའུ་ཡིན་བླ་མ་ཟུར་པ་དགེ་སློང་ཤེས་རབ་རྒྱ་མཚོ། བོད་ཀྱི་བསླབ་གྲྭའི་སྤྱི་དཔོན་མི་བཟང་རིམ་པ་དང་པོའི་ཐའི་ཇི་ཨེ་ཕུ་ཨུ་ཇུ་མུ་ཆིན་མགོན་པོ་སྐྱབས། བོད་ཀྱི་བསླབ་གྲྭའི་རིམ་པ་གཉིས་པའི་སློབ་དཔོན་ལུང་ཕུ་ཟིའི་ཇ་སག་བླ་མ་སོ་ཉིད་དགེ་སློང་བསྟན་འཛིན་ཆོས་དར། ལྷ་ཁང་སེར་བོ་གཡས་མའི་ཇ་སག་བླ་མ་དགེ་སློང་ཆོས་འཕེལ་དར་རྒྱས། བོད་ཀྱི་བསླབ་གྲྭའི་རིམ་པ་གཉིས་པའི་སློབ་དཔོན་ཅིང་ཇུ་ཟིའི་ཏཱ་བླ་མ་དགེ་སློང་ཤེས་རབ་རྒྱ་མཚོ་རྣམས་དང༌། བོད་དབུས་གཙང་ནས་ཕེབས་པའི་བཟོ་རིག་སྨྲ་བ་སེ་ཆེན་རབ་འབྱམས་པ་བློ་བཟང་སངས་རྒྱས། སྒྲ་རིག་སྨྲ་བ་མེར་གེན་རབ་འབྱམས་པ་ཤེས་རབ་བསྟན་འཛིན།གསོ་བ་རིག་པ་སྦྱངས་པ་དར་ཧན་ཨེམ་ཆི་འཇམ་དབྱངས་རྒྱལ་མཚན། མདོ་སྨད་ཆགས་མདོ་ཐང་པ་ཕའི་ཀྱ་དགའ་ལྡན་ཕན་བདེ་གླིང་གི་སྨོན་རམས་པ་ངག་དབང་རྒྱ་མཚོ། སྨོན་རམས་པ་ངག་དབང་བཟང་པོ་ཁུ་དབོན་གཉིས། ཨ་མདོ་སྒོ་མང་དམ་ཆོས་གླིང་གི་དུས་འཁོར་བ་པཎྚི་ཏ་ཆོས་རྗེ་རབ་འབྱམས་པ་བློ་བཟང་རྒྱལ་མཚན། དཔལ་ལྡན་འབྲས་སྤུངས་སྒོ་མང་བ་པཎྚི་ཏ་ཆོས་རྗེ་རབ་འབྱམས་པ་ཡེ་ཤེས་ཚུལ་ཁྲིམས། དཔལ་ལྡན་འབྲས་སྤུངས་སྒོ་མང་བ་ཨ་པ་ག་གཡོན་རུའི་གླིང་བསྲེས་བཀའ་བཅུ་ངག་དབང་རིན་ཆེན་ཏེ་གཞུང་ལུགས་རབ་འབྱམས་སྨྲ་བ་བཀའ་རམས་ལྔ་དང༌། ཧོར་ཆིན་ནོ་ཡོན་ཧུ་ཐུག་ཐུ་ཧུ་པིལ་ཀན་ངག་དབང་བློ་བཟང་ཡར་འཕེལ། ཨ་པ་ཧ་ནར་གཡས་རུའི་ཏ་བླ་མ་ཨ་ཆི་ཐུ་མེར་གེན་ཆོས་རྗེ་བློ་བཟང་ཆོས་འཛིན། ཧ་ར་ཆིན་ཐུ་ས་ཐུ་ཆོས་རྗེ་ཀུ་ཤི་ངག་དབང་སྟོབས་ལྡན། ཇ་རོད་ཤྲི་ཀེ་ཐུ་ཨུ་ལེམ་ཅི་པི་ལིག་ཐུ་ཨེར་ཏེ་ནི་ཀུ་ཤྲི་ཆོས་རྒྱ་མཚོ། མཁར་སྔོན་ཆོས་སྐྱབས་ཏི་ཡན་ཆི་ཧུ་ཐུག་ཐུའི་ཨེར་ཏེ་ནི་དར་ཧན་ཀུ་ཤི་བསྟན་པ་རྒྱ་མཚོ། ཨ་པ་ཧ་ནར་གཡོན་རུའི་དར་ཧན་ཤྲི་ཀེ་ཐུ་ཏཱའི་ཀུ་ཤྲི་དགེ་སློང་ངག་དབང་བསྟན་འཕེལ། ༢རྗེ་བཙུན་དམ་པའི་སྒར་གྱི་ནོམ་ཆི་ནང་སོ་ཀུ་ཤྲི་གྲགས་པ། པི་ལིག་ཐུ་ཀུཤྲི་གྲགས་པ།ཧུར་ཆ་པི་ལིག་ཐུ་ཀུ་ཤྲི་ཆོས་རྡོ་རྗེ།ཞི་དར་ནང་སོ་ཀུ་ཤྲི་བློ་བཟང་དགེ་ལེགས།ཨུ་ཅུ་མུ་ཆིན་ལོ་ཙྪ་བ་ཀུ་ཤྲི་དགེ་སློང་ངག་དབང་ཆོས་དཔལ་ཏེ་སྐད་གཉིས་སྨྲ་བའི་ཀུ་ཤྲི་བཅུ་རྣམས་ཀྱིས་སྔོན་གྱི་འགྱུར་རྙིང་དང་གསུང་རབ་ཀྱི་དགོངས་པ་ལ་ལེགས་པར་དཔྱད་དེ་ཏའི་ཆིང་ལྷ་སྐྱོང་རྒྱལ་པོའི་གནམ་ལོ་དྲུག་པ་ལྕགས་མོ་བྱ་ལོའི་སྨིན་དྲུག་ཟླ་བའི་རྒྱལ་ཕུར་གཉིས་གྲུབ་སྦྱོར་ཉིན་དབུ་བཙུགས་ཏེ་གནམ་ལོ་བདུན་པ་ཆུ་ཕོ་ཁྱི་ལོའི་མགོ་ཟླ་བའི་ཚེས་བཅོ་ལྔའི་ཉིན་མཇུག་རྫོགས་པར་བྱས་ཏེ་འཐད་པ་དང་ལུང་དང་མ་འགལ་བར་བཀས་བཅད་ཀྱི་ཚུལ་དུ་གཏན་ལ་ཕབ་པའོ། །འདིས་ཀྱང་ཐུབ་དབང་བསྟན་པའི་སྙིང་པོ་རྒྱལ་བ་བློ་བཟང་གྲགས་པའི་རིང་ལུགས་དྲི་མ་མེད་པ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པ་དང༌། འཇམ་དབྱངས་གོང་མ་ཆེན་པོའི་ལུགས་བཟང་དགེ་བའི་ཆབ་སྲིད་བསྐལ་བརྒྱར་བརྟན་པ་དང་སྐྱེ་རྒུ་མཐའ་དག་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པར་གྱུར་ཅིག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག