མདུན་ཤོག- རིག་གནས་འཚོ་བ།- གསུང་འབུམ།

གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་གསོ་རིག་མིང་གི་རྣམ་གྲངས།

རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།    2014-01-14 10:01

    ༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་གསོ་རིག་མིང་གི་རྣམ་གྲངས་ཀྱི་སྐོར།

    ལྕང་སྐྱ་རོལ་བའི་རྡོ་རྗེ།

    ལྔ་པ་གསོ་བ་རིག་པའི་གཞུང་ལས་འབྱུང་བའི་མིང་གི་རྣམ་གྲངས་ལ།སྤྱིར་གསོ་དཔྱད་ཀྱི་སྐོར་མདོ་དང་རྒྱུད་སྡེ་ལས་ཐོར་བུ་ཐོར་བུ་མང་དུ་འབྱུང་ལ། འཕགས་པ་ཀླུའི་ཞབས་དང༌། སློབ་དཔོན་དཔའ་བོ། ཁ་ཆེ་ཟླ་བ་མགོན་པོ་རྣམས་ཀྱིས་མཛད་པའི་སྦྱོར་བ་བརྒྱ་པ་དང༌། ཡན་ལག་བརྒྱད་པ་ཟླ་ཟེར་སོགས་འཕགས་ཡུལ་གྱི་པཎ་གྲུབ་རྣམས་ཀྱིས་མཛད་པའི་སྨན་གཞུང་མང་དུ་ཡོད་ཀྱང༌།དེང་སང་བོད་སོག་གི་ཚེའི་རིག་བྱེད་འཛིན་པ་རྣམས་ལ་འཆད་ཉན་དང་ལག་ལེན་ཤིན་ཏུ་རྒྱས་ཆེ་བ་ནི། དཔལ་ལྡན་རྒྱུད་བཞི་རིན་པོ་ཆེ་ཉིད་ཡིན་པས། འདིར་དེ་ལས་འབྱུང་བའི་མིང་གི་རྣམ་གྲངས་ཆེ་ལོང་ཙམ་བསྡུ་བར་བྱའོ། །དེ་ལ་ནད་དང་ལུས་ཟུངས་དྲི་མ་རྣམ་གསུམ་པོ་རང་རང་གི་གནས་དང༌།ལྡང་ཚད་ལས་རྣམ་པར་མ་གྱུར་པ་དང་གྱུར་པ་གཉིས་ལས་དང་པོ་ནི།ལུས་གནས་པར་བྱེད་པ་མིན་པའི་ལུས་ལ།སྲོག་འཛིན།གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་ཏེ་རྩ་བའི་རླུང་ལྔ། འཇུ་བྱེད།མདངས་འགྱུར།སྒྲུབ་བྱེད།མཐོང་བྱེད།མདོག་གསལ་ཏེ་རྩ་བའི་མཁྲིས་པ་ལྔ།རྟེན་བྱེད། མྱགས་བྱེད།མྱོང་བྱེད། ཚིམ་བྱེད། འབྱོར་བྱེད་དེ་རྩ་བའི་བད་ཀན་ལྔའོ། །དྭངས་མ། ཁྲག། ཤ། ཚིལ། རུས། རྐང༌། ཁུ་བ་སྟེ་ལུས་ཟུངས་བདུན། བཤང་བ། གཅི་བ།རྡུལ་ཏེ་དྲི་མ་གསུམ་རྣམས་བསྡོམས་པས་ཉི་ཤུ་རྩ་ལྔའོ།།གཉིས་པ་ལ།ན་བའི་ལུས་དང༌།ནད་གསོ་བའི་ཚུལ་གཉིས་ལས།

    དང་པོ་ནི། ལུས་འཇོམས་པར་བྱེད་པ་ན་བའི་ལུས་ལ། རྒྱུ། རྐྱེན།འཇུག་སྒོ། གནས།ལམ། ལྡང་དུས། འབྲས་བུ། ལྡོག་རྒྱུ། མདོ་དོན་དང་དགུ་ལས། འདོད་ཆགས། ཞེ་སྡང༌། གཏི་མུག་གསུམ་ནི་རྒྱུ་གསུམ་མོ། །དུས་དམན་ལྷག་ལོག་པ། གདོན་གློ་བུར་བ།ཟས་དམན་ལྷག་ལོག་པ། སྤྱོད་ལམ་དམན་ལྟག་ལོག་པ་བཞི་ནི་རྐྱེན་བཞིའོ།། པགས་ལ་འགྲམས་པ།ཤ་ལ་རྒྱས་པ། རྩ་རུ་རྒྱུ་བ། རུས་ལ་ཞེན་པ། དོན་ལ་བབས་པ། སྣོད་དུ་ལྷུང་བ་དྲུག་ནི་འཇུག་སྒོ་དྲུག་གོ།།ཀླད་པ། མཆིན་མཁྲིས། དཔྱི་སྐེད་གསུམ་ནི་རིམ་པ་བཞིན་བད་མཁྲིས་རླུང་གསུམ་གྱི་གནས་གསུམ་མོ། །རུས་པ།རྣ་བ། རེག་བྱ། སྙིང་ངམ་སྲོག་རྩ། ལོང་སྟེ་ལྔ་ནི་རླུང་གི་རྒྱུ་ལམ་ལྔ། ཁྲགརྡུལ།མིགམཆིན་མཁྲིས།རྒྱུ་མ་སྟེ་ལྔ་ནི་མཁྲིས་པའི་རྒྱུ་ལམ་ལྔ། དྭངས་མ་ཤ་ཚིལ་རྐང་ཁུ་བ།བཤང་གཅི། སྣ་ལྕེ། གློ་བ་མཆེར་པ་མཁལ་མ། ཕོ་བ་ལྒང་པ་སྟེ་ལྔ་ནི་བད་ཀན་གྱི་རྒྱུ་ལམ་ལྔའོ། །རྒས་པ། དར་མ། བྱིས་པ་གསུམ་ནི་ན་སོས་རླུང་མཁྲིས་བད་ཀན་གྱིས་གཉན་པ་གསུམ་མོ། །དད་ཅན་གྲང་བ། སྐམ་ས་ཚ་གདུང་ཆེ་བ། རླན་ཅན་སྣུམ་པ་གསུམ་ནི་ཉེས་པ་གསུམ་གྱི་ཡུལ་གསུམ་མོ། །དབྱར་དུས་རྒོངས་དང་ཐོ་རངས། སྟོན་དུས་ཉིན་གུངམཚན་གུང༌། དཔྱིད་དུས་སྲོད་དང་སྔ་དྲོ་གསུམ་ནི་ཉེས་པ་གསུམ་གྱི་ལྡང་དུས་གསུམ་མོ། ། འཚོ་བ་གསུམ་ཟད་པ།འདུ་བ་གཤེད་དུ་བབས་པ། སྦྱོར་བ་མཚུངས་པ།གནད་དུ་བབས་པ། དུས་ལས་འདས་ཏེ་རླུང་ནད་སྲོག་རྟེན་ཆད་པ།ཚ་བ་ལ་བཟླས་པ། གྲང་བ་གཏིང་འཁར་བ། ཟུངས་ཀྱིས་མི་ཐུབ་པ།རྣམ་པར་འཚེ་བ་སྟེ་དགུ་ནི་འབྲས་བུ་སྲོག་གཅོད་ཀྱི་ནད་དགུའོ།། རླུང་ཞི་ནས་མཁྲིས་པར་ལྡོག་པ། བད་ཀན་དུ་ལྡོག་པ། རླུང་མ་ཞི་བར་མཁྲིས་པར་ལྡོག་པ། བད་ཀན་དུ་ལྡོག་པ།མཁྲིས་པ་ཞི་ནས་རླུང་དུ་ལྡོག་པ། བད་ཀན་དུ་ལྡོག་པ། མཁྲིས་པ་མ་ཞི་བར་རླུང་དུ་ལྡོག་པ།བད་ཀན་དུ་ལྡོག་བ། བད་ཀན་ཞི་ནས་རླུང་དུ་ལྡོག་པ། མཁྲིས་པར་ལྡོག་པ། བད་ཀན་མ་ཞི་བར་རླུང་དུ་ལྡོག་པ། མཁྲིས་པར་ལྡོག་པ་སྟེ་ལྡོག་རྒྱུ་བཅུ་གཉིས་སོ།།རླུང་དང་བད་ཀན་གྲང་བ་ཆུའི་རང་བཞིན། ཁྲག་དང་མཁྲིས་པ་ཚ་བ་མེའི་རང་བཞིན། སྲིན་དང་ཆུ་སེར་ཚ་གྲང་ཐུན་མོང་གི་རང་བཞིན་ཅན་དུ་གནས་པ་སྟེ་མདོ་དོན་ཚ་གྲང་གཉིས་རྣམས་བསྡོམས་པས་བརྒྱད་བཅུ་རྩ་བརྒྱད་དོ།

    གཉིས་པ་ལ་གསུམ་ལས། དང་པོ་ནད་ཀྱི་ངོ་བོ་ངོས་བཟུང་བ་ལ། ནད་ཀྱི་མིང་གོ་དཀའ་བ་རྣམས་ཕྱོགས་གཅིག་ཏུ་བསྟན་པ་ནི། རླུང་ནད་ལ། ཨ་ཝ་རྟ། ད་རྒན་ཕྱིར་འགྱེད། ད་རྒན་ནང་གུག འགྲམ་པ་ཉམས་པ། ལྕེ་ལྡིབ་པ། ཕྱོགས་གཅིག་ཏུ་གུག་པ། རྩ་འཛིན། གཞོགས་ཕྱེད་སྐམས་པ། ལུས་ཀུན་སྐམས་པ།ཤིང་རེངས། དཔུང་པ་འཇའ་བ། བི་ཤ་རྩི། སྲ་འཐེང༌། བརླ་རེངས། ལྕེ་སྤྱང་མགོ།ཚེར་མ། གཟུགས་འཁུམས། ཁ་ལ། རྐང་པ་བརྩེ་བ། རྐང་པ་ཚ་བ་སྟེ་ཉི་ཤུའོ། །བསྡུ་ན། རེངས་པ། འཁུམས་པ། སྐམ་པ། སྦོས་པ། འཕྱེས་པ། གཟེར་བ། འཕྱོས་པ། བོགས་པ་དང་བརྒྱད་དོ། །མཁྲིས་པའི་ནད་ལ། ཐང་ལ་ལྷགས་པ། གནས་གྱུར་པ།ཁ་ལུད་པ། ཁ་ཤོར་བ། རྩར་རྒྱུག་པ། ཤ་སེར། མིག་སེར། ཀྵ་ཡ་དང་བརྒྱད་དོ། །བད་ཀན་གྱི་ནད་ལ། ལྷེན། ལྕགས་དྲེགས། མེ་ཉམས། མགུལ་འགགས། བད་ཀན་གྲུམ་བུ། འཇུ་སྐེམ་སྟེ་རང་རྒྱུད་ཅན་དྲུག་གོ།།བད་ཀན་སེར་པོ། སྨུག་པོ་བྱེར་བ། སྨུག་པོ་རྒྱས་པ། སྨུག་པོ་འགྱིངས་པ། སྨུག་པོ་འདྲིལ་བ། སྨུག་པོ་རྡོལ་བ། སྨུག་པོ་གབ་པ་སྟེ་གཞན་རྒྱུད་ཅན་དྲུག་གོ། །མ་ཞུ་བའི་ནད་ལ། གྱོང༌། རླན། སྣུམ་མ་ཞུ་བ་སྟེ་རྫས་ཀྱིས་དབྱེ་བ་གསུམ། དྭངས་མ། སྙིགས་མ་མ་ཞུ་བ་སྟེ་ངོ་བོས་དབྱེ་བ་གཉིས། བེ་སྣབས། གསུང་ནད། མ་ཞུ་ཤིང་འདྲ། དུག་འདྲ་སྟེ་རིགས་ཀྱིས་དབྱེ་བ་བཞིའོ། །གཅོང་ཆེན་སྐྲན་ནད་ལ། ཟས་སྐྲན། ལྷན་སྐྲན། རྡོ་སྐྲན། རླུང་གི་ལྷིང་སྐྲན། ཁྲག་སྐྲན། མཁྲིས་སྐྲན།རྩ་སྐྲན། སྤུ་སྐྲན།སྲིན་སྐྲན། ཆུ་སྐྲན། རྣག་སྐྲན་ཏེ་བཅུ་གཅིགབསྡུ་ན། ཕྱི་སྐྲན། ནང་སྐྲན། བར་སྐྲན་གསུམ་མོ། །སྐྱ་རྦབ་ལ། གློ་བ། མཆིན་པ། མཆེར་བ། ཆུ་སེར། རླུང་གི་སྐྱ་རྦབ་སྟེ་ལྔའོ། །འོར་ལ། རླུང༌། མཁྲིས་པ། ཁྲག བད་ཀན། གནད། དུག་གི་འོར་ཏེ་ལྔའོ། །བསྡུ་ན། ཚ་འོར། གྲང་འོར་གཉིས་སོ། །དམུ་ཆུ་ལ། བྱེར་ཆུ། ཟག་ཆུ། འཁྱིམས་ཆུ། རྒྱུ་མའི་རྡོལ་ཆུ། གདོན་ལས་གྱུར་པ། དུག་ལས་གྱུར་པ་སྟེ་དྲུག་གོ། །ཆུའི་མཁར་བརྒྱད་ནི། བོལ་གོང༌། ངར་གདོང༌། ཆུ་སོ། བཅུ་དྲུག་མདོ། ཕོ་བ། བྲང་ཞོལ། ཁ་གདོང༌། མིག་ལྩིབས་རྣམས་སོ། །གཅོང་ཆེན་ཟད་བྱེད་ལ། ཉེས་པ་གསུམ་གྱི་དབྱེ་བས་གསུམ་དང་བླ་གཉན་དྲུག་གོ། །ཚ་བའི་ནད་ལ། རྟེན། དུས། ཉེས་པ། གནས། རྒྱུད། གནས་སྐབས། རིགས་ཀྱིས་དབྱེ་བ་སྟེ་བདུན་བཤད་ཀྱང་གཞན་རྣམས་གོ་སླ་ལ། གནས་སྐབས་ཀྱིས་དབྱེ་ན། མ་སྨིན་ཚ་བ།རྒྱས་པའི་ཚ་བ། སྟོངས་ཚད། གབ་ཚད།རྙིངས་ཚད། རྙོགས་ཚད་དེ་དྲུག རིགས་ཀྱིས་དབྱེ་ན། འགྲམས་ཚད།འཁྲུགས་ཚད། རིམས་ཚད། དུག་ཚད་བཞི་རྣམས་སོ། །ཚ་གྲང་འཁྲུལ་གཞི་གལ་འགག་རྣམ་བཞི་ནི། ཕྱི་རྟགས་ཚ་ལ་ངོ་བོ་གྲང་བ། ངོ་བོ་ཚ་ལ་ཕྱི་རྟགས་གྲང་བ། གཉིས་ཀ་ཚ་བ། གཉིས་ཀ་གྲང་བ་སྟེ་བཞིའོ། །རི་ཐང་འཚམས་ཀྱི་ཕྲང་གསུམ་ནི། རླུང་གི་ཞུ་འཁྱགས་སྡུན་ནས་བསུ་བ། མཁྲིས་པའི་ཞུ་འཁྱགས་ཕྲང་ལ་སྒུག་པ།བད་ཀན་ཞུ་འཁྱགས་ཕྱི་རྗེས་བཅད་པའོ། །མ་སྨིན་ཚ་བ་ལ། རང་ཉིད་སྨིན་སྟོབས་ཆེ་བ། ཆུང་བ་གནད་དུ་བབས་པས་སྨིན་ལོང་མེད་པ། སྦྱོར་བ་ལོག་པས་སྨིན་ལོང་མེད་པ། རླུང་དང་བད་ཀན་རྐྱེན་གྱིས་བྱེར་བས་སྨིན་དུ་མི་འདོད་པ་སྟེ་ལྔ། རྒྱས་ཚད་ལ། རིམས་རྒྱས་འཁྲུགས་རྒྱས་གཉིས། སྟོབས་ཆེ་ཆུང་གཉིས། བབས་སྒོ་ནས་དབྱེ་ན། སྤྱི་དང་བྱེ་བྲག་གཉིས་རྣམས་སོ། །སྟོངས་ཚད་ལ། ཚ་བ་སྟོངས་པ། རྩ་སྟོངས་པ། རླུང་སྟོངས་པ་སྟེ་གསུམ། བྱེ་བྲག་གིས་དབྱེ་ན། རིམས་སྟོངས། ཁྲག་སྟོངས།མཁྲིས་སྟོངས། བད་ཀན་སྟོངས་པ། ཆུ་སེར་སྟོངས་པ། གློ་སྙིང་སྟོངས་པ་སྟེ་དྲུག་གོ། །གབ་ཚད་ལ། ཚ་སྟོབས་ཅན་དང༌། གྲང་སྟོབས་ཅན་གཉིས། ཡང་ན། སྙིང༌། ཕོ་བ། མཁལ་མར་གབ་པ་སྟེ་གསུམ་མོ། །རྙིངས་ཚད་ལ། རླུང་ལྡན། རླུང་མེད་གཉིས་སོ། །རྙོགས་ཚད་ལ། ཚ་བས་རྙོགས་པ། གྲང་བས་རྙོགས་པ་གཉིས་སོ། །འགྲམས་ཚད་ལ། ཕྱི་འགྲམས། ནང་འགྲམས་གཉིས། འཁྲུགས་ཚད་ལ། རྒྱས་འཁྲུགས། སྟོངས་འཁྲུགས། འཇམ་འཁྲུགས་གསུམ།རིམས་ཚད་ལ། བལ་ནད། འབྲུམ་བུ། རྒྱུ་གཟེར། གག་ལྷོག ཆམ་རིམས་དང་ལྔ། ཡང་རླུང་རིམས་ལ། འདར་བུ། ཡེར་བུ་གཉིས། མཁྲིས་རིམས་ལ། ལེབ་རྒན། ཀླད་གཟེར་གཉིས། བད་ཀན་གྱི་རིམས་ལ། རྨོངས་བུ། ལྐུགས་པ་གཉིས། འདུས་རིམས་ལ། རྒྱུན་རིམས། རྟག་པའི་རིམས། ཉིན་གཅིག་པ། ཉིན་གསུམ་པ། ཉིན་བཞི་པ་སྟེ་ལྔ། གཉན་རིམས་ལ། མཁྲིས་པ་རྩར་རྒྱུག་རིམས། མཁྲིས་པ་ཀླད་གཟེར། རིམས་སྨྱོན། ཏྲེ་ཏྲེ་ཧོ་དང་གསུམ། འབྲུམ་བུ་ལ་གཉིས་ལས། ནག་པོ་ལ། སྐྲངས་པ་གླང་གཉའ། ཁྲག་སྐམ་རྩེལ་ཏེ། ཟངས་གཟེར་སྦུ་གུ་ཅན་དང་གསུམ། དཀར་པོ་ལ་ཤ་ར་སྐྱ་ཤར། རྨོག་མགོ་སྤྱི་ཟླུམ། སིབ་བུ་ཀོབ་ཙེ་སྟེ་གསུམ་མོ། །རྒྱུ་གཟེར་ལ། དོན་འཁྲུ། སྣོད་འཁྲུ། སྟོབས་ཆེ་ཆུང་སྟེ་བཞི། ཡང་རྒྱུ་གཟེར། རྒྱུ་འཁོར། རྒྱུ་འཁྲོལ། རྒྱུ་ལྐུགས་དང་བཞིའོ། །གག་པ་ལ། ཕོ་གག མོ་གག བུ་གག གཉན་གག་དང་བཞི། ལྷོག་པ་ལ། ས། ཆུ། མེ། རླུང་གི་བཞི། དཀར། ནག ཁྲ་བོ་གསུམ།རྒོད།ཡང་རྒོད།ཡམ་བུ།ཡུ་མོ་དང་བཞིའོ། ། ཆམ་པ་ལ།གློ་ཆམ།རིམས་ཆམ།གྲེ་ཆམ།སྣ་ཆམ་དང་བཞི་རྣམས་སོ། །མགོ་བོའི་ནད་ལ། རླུང༌།ཁྲག མཁྲིས་པ། བད་ཀན།ལྡན་ནད་གསུམ། མགོ་སྲིན་དང་བརྒྱད། མགོ་ནད་ཕལ་བ་ལ། མ་རླུང༌། རྨེན་འབྲས།གློག་པ་ཅན། སྐྲ་བྱི། སྤྱི་ཐེར། སྐྲ་དཀར་དང་དྲུག་གོ། ། མིག་ནད་ལ། མིག་ཆུའི་ནག མིག་ཆག ལིང་ཐོག རབ་རིབ།འགྲིབས་དང་ལྔ། མིག་ཆུ་ལ། ཉེས་པ་གསུམ་དང༌། ཁྲག འདུས་པ། སྲིན་བུ། མིག་ནད་སྒྲ་ངན་དང་བདུན། ཚག་ལ། སྐམ་ཚག་གཤེར་ཚག གདུང་འགྱུར་དང་གསུམ། འགྲིབས་ལ། སྲོད་ལོང༌། ཕྱི་ནང་བར་གསུམ་གྱི་འགྲིབས་དང་བཞི།ཕྱི་འགྲིབས་ལ། ཤ་ལྟག ཤ་མཛེར། རྩ་དྲ། སྔོ་རིབ། ལིང་རོས་ཁེབས་པ་དང་ལྔ། ནང་འགྲིབས་ལ། ཆུ་འཁྲུགས། རྩ་མདངས་ཉམས་པ་དང་གཉིས་ཏེ། གཞན་རྣམས་གོ་སླའོ། །རྣ་བའི་ནད་ལ། རླུང་སོགས་གསུམ་དང༌། ཁྲག་ལས་གྱུར་པ། རྣག་འཛག འབྲུམ་ཐོར་འབྱུང་བ་དང་དྲུག འོན་པ་ལ། སྒྲ་བཅས་འོན་པ།རྣ་སྤབས་འགགས་པ།མ་རླུང་བུ་ལ་ཤོར་བ།སྐམ་འོན་དང་བཞིའོ། ། སྣ་ནད་ལ། སྣ་བསུབས།འབྲུམ་ཐོན། ཤ་ལུ། རྣག་འཛག ཁྲག་འཛག་དང་ལྔའོ། །ཁ་ནད་ལ། སུམ་ཅུ་ཐམ་པ་ཡོད་དེ།གྲེ་མཆུ།ཤོ་རེ།བད་ཀན།གཅེན།ཁྲག་རྒྱས། ཁ་ཤུ་སྟེ་མཆུ་ནད་དྲུག རྙིལ་ནད་གཅིག བད་རླུང༌། ཁྲག་མཁྲིས། སོ་འབྲས། སོ་སྲིན་ཏེ་སོ་ནད་བཞི། རླུང༌། མཁྲིས་པ། བད་ཀན།ལྕེ་ལྷག སྐྲངས་པ་སྟེ་ལྕེ་ནད་ལྔ། གྲེ་ནད་གཅིག ལྕེ་ཆུང་བབས་པ།ལྕེ་འདྲ།རྐན་འབྲུམ།ཆུ་བུར།རུས་སྦལ།རྐན་སྨིན་ཏེ་རྐན་ནད་དྲུག རླུང་སོགས་བཞི། ཁྲགའབྲས།རྨེན་བུ་སྟེ་གྲེ་ནད་བདུན་རྣམས་སོ།།མགུལ་ནད་ལྦ་བ་ལ།རླུང་ལྦ།མཁྲིས་ལྦ།ཁྲག་ལྦ།བད་ཀན་གྱི་ལྦ་བ།ཚིལ་ལྦ།འདུས་པའི་ལྦ་བ།གཡང་ལྦ།བྱུར་ལྦ་དང་བརྒྱད་དོ།།

    སྙིང་ནད་ལ། སྙིང་འཕྱོས། སྙིང་གཟེར། སྙིང་ཚད། སྙིང་ཆུ། སྙིང་ཐིབས། སྙིང་སྲིན། སྙིང་ནད་ཁ་ལེ་ནག་པོ་དང་བདུན་ནོ། །གློ་བའི་ནད་ལ། ཐང་པོ། སྐྱ་རྦབ། ཚ་བ། ཆུ་ཤོར། ཐེས་པོ། གློ་གཅོང༌།གློ་རྒྱས། བུང་ཚད་ཅན་དང་བརྒྱད་དོ། ། མཆིན་ནད་ལ། ལེབ་རྒན་རྒྱས་པ། ལྡེམ་བུ། དུག་ཐབས། ཆུ་ཤོར། རྐུན་བུ། འོར་ལྷུང༌།ཁ་ལུད། གཞུང་རེངས། མཆིན་གྲུམ་ནག་པོ། མཆིན་ནད་ཧལ་སྐེམས། མཆིན་དྲི་དཀར་ནག་གཉིས། གནད་མཆིན་རྩ་བྱེར། མཆིན་རླུང༌། མཆིན་རྒུད། རླན་གྲངས། གླང་དགུར། གྲང་སྦོས་ཏེ་བཅོ་བརྒྱད་དོ། །མཆེར་ནད་ལ།མཆེར་ཚད།ཁྲག་སྦོས།མཆེར་རླུང༌།མཆེར་བའི་བད་ཀན། རླུགས་པ་སྟེ་ལྔའོ། །མཁལ་ནད་ལ། མཁལ་རླུང༌། མཁལ་གཅོང༌།འོར་ལྷུངས། མཁལ་ཚད། ཆུ་ཤོར། མཁལ་འགྲམས། ད་རྒན་དང་བདུན་ནོ།།

    ཕོ་བའི་ནད་ལ། ཚ་བ་འགྲམས་བབས། འཁྲུགས་བབས། དུག་ཐབས། གཉན་གླང༌།ཕོ་བ་སུར་ཡ། མཁྲིས་པ་ལུད་པ། མཆིན་ཁྲག་ལུད་པ་སྟེ་ཚ་བ་བདུན། ཕོ་རླུང༌། མ་ཞུ།ལྕགས་དྲེག ལྷེན། མེ་ཉམས། རྡོ་སྐྲན། དམུ་རྫིང༌། ཕོ་སྲིན། ཕོ་འབྲས་ཏེ་གྲང་བ་དགུ་རྣམས་བསྡོམས་པས་བཅུ་དྲུག་གོ།།

    རྒྱུ་མའི་ནད་ལ། རྒྱུ་འཁྲོལ། རྒྱུ་འཁྲིལ། རྒྱུ་འགྱིངས། རྒྱུ་འགགས། རྒྱུ་གཟེར་ཏེ་ལྔའོ། །ལོང་གི་ནད་ལ། གྲང་སྦོས། གྲང་འགྱིངས། ཚ་རྙོངས། འཇུ་སྐེམ། རླངས་པ་ཅན་དང་ལྔའོ།། ཕོ་མཚན་གྱི་ནད་ལ། སོས་ཟིན། འབྲུམ་ཅན། མདུད་འདྲ། སྦུབས་འཕྱར། གྲ་མ་ཅན་དང་ལྔ། མོ་མཚན་ནད་ལ་རླུང་སོགས་བཞིའོ། །སྐད་འགག་ནད་ལ།ཉེས་པ་གསུམ། ཁྲག ཟད་བྱེད། ཚིལ་གྱུར། དས་ཆད་དང་བདུན་ནོ། །ཡི་ག་འཆུས་པ་ལ།རླུང་སོགས་བཞིའི་བཞིའོ།།

    སྐོམ་ནད་ལ། རླུང་སོགས་བཞི་དང༌། བཅུད་ཟད་དེ་ལྔའོ། ། སྐྱིགས་བུ་ལ།ཟས་བྱུང༌།ཕྲན་ཚེགས། ཟུང་འབྱུང༌། ཆེན་པོ། ཟབ་མོ་སྟེ་ལྔའོ། །དབུགས་མི་བདེ་བ་ལ། ཕྲན་་ཚེགས། མུན་ཅན། དབུགས་ཆད། ཆེན་པོ། གྱེན་འབྱུང་སྟེ་ལྔའོ། །གླང་ཐབས་ནད་ལ། དོན་གླང༌། སྣོད་གླང༌། རྩ་གླང༌། ཚ་གླང༌། གྲང་གླང༌། སྲིན་གླང༌། གཉན་གླང་སྟེབདུན་ནོ། །སྲིན་བུའི་ནད་ལ། ཕྱི་སྲིན་ཤིག་དང༌། སྲོ་མ་གཉིས། ནང་སྲིན་ལ་ཀླད་སྲིན།མཁྲིས་སྲིན།སོ་སྲིན།པགས་སྲིན།གཞང་སྲིན།མཚན་མའི་སྲིན།ཡ་སྲིན་དང་བདུན་ནོ།།

    སྐྱུགས་ནད་ལ། རླུང་སོགས་བཞིའི་བཞིའོ། །འཁྲུ་བའི་ནད་ལ།མ་ཞུ་བའི་འཁྲུ་བ། ཕོ་བའི་མེ་ཉམས་པས་འཁྲུ་བ། རྒྱུ་ལོང་གྲང་བས་འཁྲུ་བ། མཁྲིས་པ་སྣོད་དུ་ལྷུང་བས་འཁྲུ་བ། མཆིན་ཚད་ཐུར་དུ་བབས་པས་འཁྲུ་བ་སྟེ་ལྔའོ། །དྲི་མ་འགགས་པ་ལ། ཉེས་པ་གསུམ། སྲིན་ནད། ཤུར་སེལ་ལོག་པ་སྟེ་ལྔའོ། །གཅིན་འགགས་ལ། གཅིན་སྲི། ཁ་འཆུས། རླུང་འཁྱིལ། ཁྲག་ཤ སྦུ་འགགས། སྐྲངས་པ། ཁུ་བས་འགགས་པ། རྡེའུས་འགགས་པ་དང་བདུན་ནོ།། གཅིན་སྙིའི་ནད་ལ། ཉེས་པ་གསུམ་གྱི་ཟ་ཁུ་སྐྱེད་ཚུལ་གསུམ་མོ། །རྒྱ་ནད་ཚད་འཁྲུ། དྲེག་ནད་གཉིས་ཀྱི་དབྱེ་བ་གོ་སླའོ། །གྲུམ་བུའི་ནད་ལ། ཤ་ཏྲེམ། རུས་ཏྲེམ། རྩ་ཏྲེམ། ཆུ་ཏྲེམ། ཏྲེམ་དཀར།ཏྲེམ་ནག་དང་དྲུག་གོ། །ཆུ་སེར་ནད་ལ། དཀར་ནག་གཉིས་སོ། །རྩ་དཀར་ནད་ལ། ཚ་གྲང་གཉིས་སོ། །པགས་ནད་ལ། ཤ་བཀྲ། གླང་ཤུ།མཛེར་པ། ཟ་རྐོང༌། ཤུ་བ། སྲིན་ཐོར། རོ་ཁབས། ཁྱེ་མ་སོགས་སོ། །ཕྲན་བུའི་ནད་ལ།ཉ་ལོག འཁྲུ། སྐྱུགས། མེས་ཚིག ཁབ་བམ་མདེའུ་ཁོང་དུ་ཤོར་བ། གྲེ་བར་གྲ་མ་ཟུག་པ།ཤའམ་ཟན་གྱིས་བརྣངས་པ། གཉའ་རེངས། བསེ་དྲི། ནུ་མ་སྐྲངས་པ་སོགས་སོ།ལྷན་སྐྱེས་རྨ་ལ། འབྲས། གཞང་འབྲུམ། མེ་དབལ།སུར་ཡ།རྨེན་བུ།རླིགས་རླུགས།རྐང་བམ༑ མཚན་པར་རྡོལ་བ་དང་བརྒྱད་དེ། འདི་རྣམས་དང་བྱིས་པ་ཉེར་སྤྱོད་ཀྱི་ལེའུའི་སྐབས་ཀྱི་མིང་གི་རྣམ་གྲངས་རྣམས་གོ་སླ་བས་མ་བྲིས་སོ། །བྱིས་པའི་ནད་ལ། ལྷན་སྐྱེས་དང༌། གློ་བུར་གཉིས། ཕྱི་མ་ལ། རགས་པ། ཕྲ་བ། ཞིབ་ཚགས་དང་གསུམ་མོ།།

    བྱིས་པའི་གདོན་ཆེན་བཅོ་ལྔ་ནི། སྐེམ་བྱེད། ས་ག ལུག་གདོང༌།ཁྱི་གདོང༌།བྱ་གདོང༌།ཡི་དྭགས་གདོང༌། སྲུལ་མོ། གྲང་བའི་སྲུལ་མོ། སྲུལ་མོ་ལོང་བ། བཞིན་རྒྱས།ནམ་གྲུ་སྔོན་མོ། ནམ་གྲུ་སྐེམ་པོ། རྒྱལ་པོ། བསེན་མོ། ལྷ་ཆེན་དང་བཅོ་ལྔའོ། །མོ་ནད་སྤྱི་ལ།ཁྲག་ཚབས། རླུང་ཚབས་གཉིས། བྱེ་བྲག་ལ་ཚབས་སྐྲན་ཆུ་བུར་ཅན། ཁྲག་སྐྲན་ཧྲེམ་པོ། བེམ་པོ་རྨེན་སྐྲན། ཕོ་སྐྲན་ནག་པོ། རྩ་སྐྲན། ས་བོན་སྐྲན། ཟ་ཁུ། མ་ར་ཙེ། ཨ་སོ། མངལ་སྲིན་ལངས་པ་སོགས་གཙོ་བོ་སུམ་ཅུ་རྩ་གཉིས་ཡོད་པར་བཤད་དོ། །མོ་ནད་ཕལ་བ་ལ།མཚན་མའི་ནད། བུ་མ་ཕྱིན་པ། མགོ་མཇུག་ལོག་པ། རོག་མ་ཕྱིན་པ། བུ་སྣོད་ལུག་པ། ཁྲག་མ་ཆད་པ། ནད་གཞུག་ལུས་པ། དུག་ཐབས་རྒྱུར་པ་སྟེ་བརྒྱད་དུ་གསུངས་སོ། །འབྱུང་པོའི་གདོན་ལ། ལྷ། ལྷ་མིན༌། དྲི་ཟ། ཀླུ། གནོད་སྦྱིན། ཚངས་པ། སྲིན་པོ། ཤ་ཟ། ཡི་དྭགས། གྲུལ་བུམ། བྱད་སྟེམས། གཡེངས་བྱེད། རོ་ལངས། མཚུན་ལྷ། བླ་མ། དྲང་སྲོང༌། རྒན་པོ། གྲུབ་པ་ཞེས་བྱ་བ་སྡེ་བཅོ་བརྒྱད་དོ། །སྨྱོ་བྱེད་དང༌། བརྗེད་བྱེད་ཀྱི་གདོན་གྱི་དབྱེ་བ་ཡང་གོ་སླའོ།།

    གཟའ་གདོན་ལ། མེ་ཆུ་གཉིས།ཀླུ་གདོན་ལ། གནས་ཀྱིས་དབྱེ་ན།སྐྱི། པགས།རྩི་མདོགསྟོབས། ཤ ཚིལ། ཆུ་བ། རྩ། ཁྲག ཆུ་སེར། རུས། ཚིགས། ལྷ་བ༑ ཀླད་པ། རྐང༌། ཁུ་བ། དོན་ལ་ཞུགས་པ་སྟེ་བཅོ་བརྒྱད།རིགས་ཀྱིས་དབྱེ་ན།ཐོད་འདྲ།ཟླུམ་པོ། གླང་ཤུ། ཨུ་དུམ་ཝ་ར། རི་ཤའི་ལྕེ། པགས་མཛེ། འབྲུམ་ཕྲན། ཤ་བཀྲ། འབྲས། བྱེར། སེར་ག ཤུ་བ། ཁ་བརྒྱ། པད་མ་དཀར་པོ། འབྲུམ་བུ། གཡན་པ། པགས་མྱགས་པ།འོལ་སེ་འདྲ་བ་སྟེ་བཅོ་བརྒྱད་རྣམས་བསྡོམས་པས་སོ་དྲུག་གོ།།རྨ་ལ།ལྷན་སྐྱེས་རྨ་ནི་སྔར་བཤད་ཟིན་ལ།གློ་བུར་རྨ་ལ། བཤུས་པ། གཤགས་པ། བཅད་པ། རྣམ་པར་བཅད་པ། རབ་ཏུ་འཕྱང་བ། ལྷུང་བ། གྲུམ་པ། ཕུག་པ་སྟེ་བརྒྱད་དོ། །གནས་ཀྱིས་དབྱེ་ན། མགོ། བྱང་ཁོག ཡན་ལག་རྨ། སྐེ་རྨ་དང་བཞིའོ། །དུག་གི་ནད་ལ། སྦྱར་དུག གྱུར་པའི་དུག རང་བཞིན་གྱི་དུག་སྟེ་གསུམ་དང༌།ཕྱི་མ་ལ་རྒྱུ་བ་དང་མི་རྒྱུ་བའི་དུག་གཉིས་སོ། །འདི་དག་ནི་མན་ངག་རྒྱུད་ཀྱི་ལེའུ་གྱ་དགུ་པ་ཡན་གྱི་ནད་རིགས་དུ་མའི་མིང་གི་རྣམ་གྲངས་གོ་དཀའ་བ་རྣམས་ཕྱོགས་་་་་་གཅིག་ཏུ་བསྡུས་པ་ཡིན་ལ། ལེའུ་ཕྱི་མ་གསུམ་གྱིས་ཚེ་རིང་བ་བཅུད་ལེན་གྱི་སྐོར་སོགས་སྟོན་ཞིང༌།མིང་གི་རྣམ་གྲངས་གོ་དཀའ་བ་ཆེར་མེད་དོ།།

    གཉིས་པ་བརྟག་ཐབས་ལ་གསུམ་ལས།དང་པོ་རེག་པ་རྩ་ལ་བརྟག་པ་ནི། སྔོན་འགྲོ་ཟས་སྤྱོད་བསླབ་པ།བལྟ་དུས།བལྟ་གནས། མནན་ཚད། བལྟ་ཚུལ་རྣམས་ལ་མིང་གི་རྣམ་གྲངས་གོ་དཀའ་བ་མང་བོ་མེད་ཅིང༌། ཐ་མལ་རྟེན་གྱི་རྩ་རྒྱུད་རྣམ་གསུམ་ནི། ཕོ་རྩ། མོ་རྩ། བྱང་ཆུབ་སེམས་རྩ་གསུམ་མོ། །དུས་བཞིའི་རྩ་ལ་ཁམས་ལྔའི་འབྱུང་བ་བརྩི་བ་ནི། དཔྱིད།དབྱར།སྟོན།དགུན། དུས་འཚམས་ཏེ་ལྔ་ལ། ཤིང༌། མེ། ལྕགས།ཆུ།ས་སྟེ་ཁམས་ལྔའི་རྩ་རྒྱུ་ཚུལ་ངོས་བཟུང་བ་ཡིན་ལ། དེ་ཡང་རིམ་པ་བཞིན། མཆིན། སྙིང༌།གློ། མཁལ། མཆེར་རྩ་རྣམས་དང་སྦྱོར་བའོ། །ངོ་མཚར་རྩ་བདུན་ནི། ཁྱིམ་ཕྱྭ། མགྲོན་ཕྱྭ། དགྲ་ཕྱྭ། གྲོགས་ཕྱྭ། གདོན་ཕྱྭ། མེ་ཆུ་གོ་བཟློག བུ་རྩ་བརྟག་པའོ།།ནད་དང་ནད་མེད་འཕར་བའི་གྲངས་ནི། དབུགས་རེར་ལན་ལྔ་རེར་འཕར་བ་དང༌།ཆེ།ཆུང༌།སྟོད། སྨད། དྲག དལ།བྱིང༌།རྒྱས། སྡོད། འཐེན། ཐང༌། ལྷོད་མེད་པར་འཕར་བ་ནི་ནད་མེད་དང༌། བཟློག་པ་ནད་ཅན་ནོ། །སྤྱི་དང་བྱེ་བྲག་རྩ་ལ་སྤྱི་རྩ་ནི། དྲག རྒྱས། འདྲིལ། མགྱོགས། གྲིམས།འཁྲང་བ་སྟེ་ཚ་བའི་སྤྱི་རྩ་དྲུག ཞན། བྱིང༌། གུད། བུལ། ལྷོད། སྟོང་བ་སྟེ་གྲང་བའི་སྤྱི་རྩ་དྲུག་རྣམས་བསྡོམས་པས་བཅུ་གཉིས་སོ། །བྱེ་བྲག་རྩ་ནི། མིང་གི་རྣམ་གྲངས་རགས་པ་སྤྱི་རྩར་འདུ་བས་འདིར་མ་བྲིས་སོ། །འཆི་རྩ་གསུམ་ནི། རྩ་རྒྱུད་འགྱུར་བ། མ་ཚང་བ། སྡོད་པའོ། །སྡོད་ལ་ན་སྡོད། འཆི་སྡོད། འདྲེ་སྡོད་གསུམ་མོ། །གདོན་རྩ་རིམ་གྲོས་འཆོས་པ་དང༌། ཚེ་རྟགས་བླ་ཡི་རྩ་ལ་བཏོག་པ་ནི་གོ་སླའོ། །གཉིས་པ་མཐོང་བ་ཆུ་ལ་བརྟག་པ་ནི། སྔོན་འགྲོ་ཟས་སྤྱོད་བསླབ་པ་ནི་ཤེས་སླ་ལ། བལྟ་དུས་ནི། སྣོད་ལ་ཉི་མདངས་བྱུང་བའོ། །སྣོད་ནི། དཀར་ཡོལ། མཁར་གཞོང༌། ལྕགས་དཀར་སྣོད་སོགས་སོ། །གྱུར་ཚུལ་ནི་ཆུ་དང༌། ཀུ་ཡའི་འགྱུར་ཚུལ་གཉིས་སོ། །ཐ་མལ་ནད་མེད་ཆུ་ནི། ཁ་དོག་འབྲི་མར་བཞུས་པ་འདྲ་བ། སྦྲེ་དྲི་མནམ་པ། རླངས་པ་ཆེ་ཆུང་དང་ཡུན་ཚད་རན་པ། མེ་ཏོག་སྙོམས། ཀུ་ཡ་སྙོམས་ཤིང་ཁྱབ་བ་དང༌། ཀོ་ཆུའི་སྤྲིས་མ་ཙམ་དུ་ཡོད་པ། རླངས་པ་ཡལ་དུས་མཐའ་ནས་གོར་མོར་ལྡོག་པ། ལོག་རྗེས་དཀར་སེར་དངས་པ་རྣམས་ནི་ནད་མེད་དང༌། དེ་ལས་བཟློག་པ་ནད་ཆུའོ། །དེ་ལ་སྤྱིའི་བརྟག་ཚུལ་ལ། ཚན་དེའི་དུས་སུ། མདོག རླངས་པ། དྲི། མེ་ཏོག་བཞི་དང༌། ངད་ཡལ་དུས་སུ། ཀུ་ཡ་སྤྲིས་མ་གཉིས་དང༌། གྲངས་ཟིན་ནས་ལྡོག་དུས། ལྡོག་ཚུལ། ལོག་རྗེས་ལ་བརྟག་པ་གསུམ་རྣམས་བསྡོམས་པས་རྣམ་པ་དགུའོ།།

    བྱེ་བྲག་གི་བརྟག་ཚུལ་ནི། ནད་ཆུ།འཆི་ཆུ། གདོན་ཆུ་གསུམ་སོ་སོར་བརྟག་ཚུལ་ཏེ་གོ་སླ་ཞིང་མིང་གི་རྣམ་གྲངས་ལོགས་པ་མེད་དོ།། གསུམ་པ་དྲི་བའི་སྒོ་ནས་བརྟག་པ་ལ། ཡང་ལ་རྩུབ་པའི་ཟས་སྤྱོད་ཀྱིས་གཡལ་བ། ལུས་འདར་བ། བྱ་རྨྱང་བྱེད་པ། གྲང་ཤུམ་བྱེད་པ། སྟོད་སྨདོདཔྱི་རྐེད་ཀུན་ན་བ། གཟེར་ངེས་མེད་དུ་འཕོ་བ། སྟོང་སྐྱུགས་བྱེད་པ། དབང་པོ་མི་གསལ་བ།ཤེས་བ་འཚུབ་བ། བཀྲེས་དུས་ན་བ། སྣུམ་བཅུད་ཕན་པ་རྣམས་རླུང་གི་སྤྱི་རྟགས་དང༌། རྣོ་ཞིང་ཚ་བའི་ཟས་སྤྱོད་ཀྱིས། ཁ་ཁ་བ། མགོ་ན་བ། ཤ་དྲོད་ཚ་བ། སྟོད་གཟེར་བ། ཞུ་རྗེས་ནབ། བསིལ་བ་ཕན་པ་རྣམས་མཁྲིས་པའི་སྤྱི་རྟགས་དང༌། ལྕི་ལ་སྣུམ་པའི་ཟས་སྤྱོད་ཀྱིས། དང་ག་མི་བདེ་བ། ཁ་ཟས་འཇུ་དཀའ་བ། སྐྱུགས་པ། ཁ་མངལ་བྲོ་བ། ཕོ་བ་སྦོས་པ། སྒྲེགས་པ་མང་བ། ལུས་སེམས་ལྕི་བ། ཕྱི་ནང་གཉིས་ཀ་གྲང་བ། ཟོས་རྗེས་མི་བདེ་བ། ཟས་སྤྱོད་དྲོ་ན་འཕྲོད་པ་རྣམས་བད་ཀན་གྱི་སྤྱི་རྟགས་ཏེ།དེ་དག་གིས་མཚོན་པའི་ལུས་ཀྱི་གནས་གང་ན་བ་དང༌། ཇི་ལྟར་དུ་ཚུལ་ལེགས་པར་དྲིས་ཏེ་ཤེས་པར་བྱ་བའོ། །བརྟག་པ་འདི་གསུམ་ལ། དཔྱོད་པ་དོན་རིག་བརྟག་པ། མཐོང་བ་ཡུལ་རིག་བརྟག་པ། ཐོས་པ་སྒྲ་རིག་བརྟག་པ་ཅེས་ཀྱང་གསུངས་སོ། །ཡང་ཉེས་པ་དངོས་སྟོན་བརྟག་པ།ངན་གཡོ་སྐྱོན་གྱིས་བརྟག་པ། སྤང་བླང་མུ་བཞིར་བརྟག་པ་གསུམ་དང༌། དེའི་དང་པོ་ལ། སློང་བ་རྒྱུའི་སྒོ་ནས་བརྟག་པ།མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་་པ། ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ་གསུམ་དུ་ཡོད་པར་བཤད་དོ།།

    གསུམ་པ་གསོ་བྱེད་ཐབས་ཀྱི་རྣམ་བཞག་ལ་གཉིས། དངོས་དང༌། ཞར་བྱུང་སྨན་མིང་གོ་དཀའ་བ་རྣམས་ཕྱོགས་གཅིག་ཏུ་སྡེབས་པའོ། །དང་པོ་ལ་བཞི་ལས་དང་པོ་ཟས་ནི། རྟ་ཤ།བོང་ཤ། འཕྱི་པའི་ཤ། ལོ་ཤ། ཤ་ཆེན། འབྲུ་མར། ལོ་མར།བུ་རམ།སྒོག་སྐྱ།བཙོང༌།འོ་མ།ཟན་ཆང༌།བུར་ཆང༌།རུས་ཆང་རྣམས་རླུང་ནད་ཅན་གྱི་ཟས་དང༌། བ་རའི་ཞོ་དར།མར་གསར། རི་དྭགས་ཀྱི་ཤ། ར་ཤ། སྐོམ་ཤ་གསར་བ། ཆག་ཚེ། སྐྱབས། ཁུར་ཚོད།ཆབ་ཚ། ཆུ་བསིལ། བསྐོལ་གྲང་རྣམས་མཁྲིས་ནད་ཅན་གྱི་ཟས་དང༌། ལུག་ཤ། གཡག་རྒོད་ཀྱི་ཤ། གཅན་ཟན་གྱི་ཤ། ཉ་ཤ། སྦྲང་རྩི། སྐམ་སར་སྐྱེས་པའི་འབྲུ་རྙིང་གི་ཟན་དྲོན།འབྲིའི་ཞོ་དར། གར་ཆང༌། ཆུ་བསྐོལ་རྣམས་བད་ཀན་གྱི་ནད་ཅན་གྱི་ཟས་སོ། །གཉིས་པ་སྤྱོད་ལམ་ལ། དྲོ་སར་འདུག་པ་དང༌། ཡིད་དུ་འོང་བའི་གྲོགས་བསྟེན་པ་ནི་རླུང་སེལ་སྤྱོད་ལམ།བསིལ་སར་འདུག་པ་དང༌། དལ་བར་འདུག་པ་ནི་མཁྲིས་སེལ་སྤྱོད་ལམ། རྩོལ་བས་བཅག་པ་དང༌། དྲོ་སར་འདུག་པ་ནི་བད་ཀན་སེལ་བའི་སྤྱོད་ལམ་མོ། །གསུམ་པ་སྨན་ལ།རླུང་སེལ་གྱི་རོ་ནི།མངར་བ།སྐྱུར་བ།ལན་ཚྭ་གསུམ།ནུས་པ་ནི་སྣུམ་པ།ལྕི་བ།འཇམ་པ་གསུམ་མོ།།མཁྲིས་སེལ་གྱི་རོ་ནི།མངར་བ།ཁ་བ།བསྐ་བ་གསུམ།ནུས་པ་ནི།བསིལ་བ།སླ་བ།རྟུལ་བ་གསུམ་མོ། །བད་ཀན་སེལ་བའི་རོ་ནི།ཚ་བ།སྐྱུར་བ།བསྐ་བ་གསུམ།ནུས་པ་ནི།རྣོ་བ།རྩུབ་པ།ཡང་བ་གསུམ་མོ། །ཁུ་བ།སྨན་མར་གཉིས་རླུང་གི་ཞི་བྱེད་དང༌།ཐང་དང༌།ཅུར་ནིས་གཉིས་མཁྲིས་པའི་ཞི་བྱེད། རིལ་བུ། ཧྲེས་སམ་གཉིས་བད་ཀན་གྱི་ཞི་བྱེད་དོ། །སླེ་འཇམ། བཀྲུ་འཇམ། བཀྲུ་མ་སླེན་ཏེ་འཇམ་རྩི་གསུམ་ནི་རླུང་གི་སྦྱོང་བྱེང། སྤྱི་བཤལ། སྒོས་བཤལ། དྲག་བཤལ། འཇམ་བཤལ་བཞི་ནི་མཁྲིས་པའི་སྦྱོང་བྱེད། དྲག་སྐྱུག འཇམ་སྐྱུག་གཉིས་ནི་བད་ཀན་གྱི་སྦྱོང་བྱེད་དོ། །བཞི་བ་དཔྱད་ལ། རླུང་གི་དཔྱད་ནི།སྐུ་མཉེ།ཧོར་གྱི་མེ་བཙའ་གཉིས། མཁྲིས་པའི་དཔྱད་ནི། རྡུལ་དབྱུང་། གཏར་གཆུའི་འཁྲུལ་འཁོར་ཏེ་གསུམ། བད་ཀན་གྱི་དཔྱད་ནི། དུགས་དཔྱད། མེ་བཙའ་གཉིས་སོ། །སྤྱིར་དུགས།ལུམས།བྱུག་པ་གསུམ་འཇམ་དཔྱད། གཏར་བ།བསྲེགས་པ། དབུགས་པ་གསུམ་རྩུབ་དཔྱད། འདྲལ་བ། གཅོད་པ། འདྲུད་པ། འབྱིན་པ་བཞི་དྲག་པོའི་དཔྱད་དོ། །གཉིས་པ་ནི། རིན་པོ་ཆེའི་སྨན།རྡོ་སྨན། ས་སྨན། ཤིང་སྨན། རྩི་སྨན།ཐང་སྨན།སྔོ་སྨན། སྲོག་ཆགས་ཀྱི་སྨན་དང་བརྒྱད་ལས་དང་པོ་ནི། གསེར། དངུལ། ཟངས། ལྕགས། གཡུ། མུ་ཏིག ཉ་ཕྱིས། དུང༌། བྱུ་རུ། མུ་མེད་སོགས་སོ། གཉིས་པ་ནི། སྨུག་པོ་སྦལ་རྒྱབ། དཀར་པོ་སྦལ་རྒྱབ། རྡོ་དཀར་པོ་ཆིག་ཐུབ༌། གངས་ཐིགཁབ་ལེན། བེ་སྣབས། མཉྫི་ར། ཕག་མགོ།བྱེ་མགོ། གསེར་རྡོ།དངུལ་རྡོ། སྟང་ཟིལ། གསེར་ཟིལ། དངུལ་ཟིལ། གྲུ་བཞི། ཅོག་ལམ། རྡོ་ཀླད།ལི་ཀྲི། རྡོ་ཆུ། རྡོ་མཁྲིས། བཤའ་རྡོ། ལྡོང་རོས། བ་བླ། རྡོ་སོལ། མཐིང་རྒྱུས། ཏི་ཚ་སེར་པོ། མཚལ། ལིག་བུ་མིག བཙག་ཡུག ཅོང་ཞི། རྡོ་ཐལ། ཧ་ཤིག་ལ་སོགས་པའོ། གསུམ་པ་ནི། གསེར་གྱི་བྱེ་མ།སིནྔྷུ་ར།ཟེ་ཚྭ།།ཡ་བཀྵ་ར།བུལ་ཏོག མུ་ཟི་སེར་པོ།མུ་ཟི་ནག་པོ།ནག་མཚུར།སེར་མཚུར། བིག་པན། རྡོ་བྲག་ཞུན་ལ་སོགས་པའོ། །བཞི་པ་ལྔ་པ་དྲུག་པ་རྣམས་ཕྱོགས་གཅིག་ཏུ་བསྟན་པ་ལ།མང་གི་བུར། སྟག་ཟིལ་ག་བུར། ཙན་དན་དཀར་དམར་གཉིས། ཨ་ཀ་རུ། གྷི་ཝང་། ཅུ་གང༌།ཀུར་གུམ། སུག་སྨེལ། ཛ་ཏི། ལི་ཤི། ཀ་ཀོ་ལ། གླ་རྩི། དོམ་མཁྲིས།ཨུཏྤལ། ནཱ་ག་པུཥྛ། ནྰག་གེ་སར།ཟི་ར་དཀར་པོ། ཟི་ར་ནག་པོ། ལ་ལ་ཕུད། སོ་མ་ར་ཛ། ཐལ་ཀ་རྡོ་རྗེ།གསེར་གྱི་མེ་ཏོགགསེར་གྱི་ཕུད་བུ། དུག་མོ་ཉུང་། རྒན་འབྲུམ།འུ་སུ། སྟར་བུ བསེ་ཡབ སེ་འབྲུ ན་ལེ་ཤམ། པི་པི་ལིང༌། སྨན་སྒ། སྒ་སྐྱ། ཙི་ཏྲ་ཀ། ཤིང་ཚ། ཀ་རཉྫ། ཤིང་ཀུན། བྱི་ཏང་ཀ མི་རུ་ཙེ། གོ་བྱི་ལ། སྤོས་དཀར། གུ་གུལ། ཤེལ་ཏ། རྒྱ་ཚྭ། རྒྱམ་ཚྭ། ལྕེ་མྱང་ཚྭ། ཁ་རུ་ཚྭ། ཙབས་རུ་ཚྭ། རྭ་ཚྭ།ཐལ་ཚྭ། མཛེ་ཚྭ། ཝ་ཚྭ།ཚ་ལ། ཨ་རུ་རྣམ་རྒྱལ། ཨ་རུ་འཇིགས་མེད། ཨ་རུ་བདུད་རྩི། ཨ་རུ་འཕེལ་བྱེད། ཨ་རུ་སྐེམ་པོ། ཨ་རུ་མཆུ་སྙུང༌། ཨ་རུ་ནག་ཆུང༌།བ་རུ་ར།སྐྱུ་རུ་ར།སྙིང་ཞོ་ཤ།མཁལ་མ་ཞོ་ཤ། གླ་གོར་ཞོ་ཤ། ཨ་འབྲས། སྲ་འབྲས།འཇམ་འབྲས།འདྲ་གོ། མ་ནུ་པ་ཏྲ། པུ་ཥྐ་ར་མྰུལ། མ་ནུ་སེ་ཤིང༌། མ་ནུ་ཤུ་ཟུར། རུ་རྟ།ཡུང་བ། ཤུ་དག་ནག་པོ། ཤུ་དག་དཀར་པོ། པུ་ཤེལ་རྩེ། ཁྱུང་སྡེར་དཀར་སྨུག་གཉིས། དཔའ་བོ་དཀར་པོ། དཔའ་བོ་སེར་པོ། དཔའ་རྒོད། བོང་ང་དཀར་པོ། བོང་ང་དམར་པོ།ཤིང་མངར། སླེ་ཏྲེས། གཎྚ་ཀ་རི། ག་བྲ། རྒྱ་ཏིག བལ་ཏིག བ་ཤ་ཀ བ་ལེ་ཀ ག་དུར། སྟབ་སེང༌། སྒྲོན་ཤིང༌། སྐྱེར་པ། སེ་རྒོད། སེང་ལྡེང༌། པོ་སོ་ཆ། དན་རོག དན་འདྲ།ཤྲི་ཁཎྚ། དོང་ག ཀ་བེད། ད་ཏྲིག སྨག མོན་ཆ་ར་སོགས་སོ། བདུན་པ་ནི། ཧོང་ལེན། སྤང་རྩི་དོ་བོ། རེ་སྐོན་པ། ཀྱི་ལྕེ་དཀར་ནག་གཉིས། སུམ་ཅུ་ཏིགཔྲི་ཡངྐུ། ཟངས་ཏིག ལྕགས་ཏིག གསེར་ཏིག སྲོ་ལོ་དཀར་པོ། སུག་འདྲའམ་སྨུག་པོ། གཡའ་ཀྱི་མ། གང་ག་ཆུང༌། བྱ་རྒོད་སྤོས། སྲོལ་གོང་པ། ཡུ་མོ་མདེ་འབྱིན། དར་ཡ་ཀན། རྟ་ལྤགས། ཨ་བི་ཥ། སྟག་ཤ། སྤང་རྒྱན་དཀར་པོ། ཡུ་གུ་ཤིང༌། རྩད།རྒུ་ཐུབ། ལྡུམ་སྟག ཨ་བྱག་གཟེར་འཇོམས། ཨ་བྱག་ཚེར་སྔོན། སྨུག་ཆུང༌།མདན་ཡོན། གསེར་སྐུད། དངུལ་སྐུད། ལུག་རུ་སྨུག་པོ། ལུག་རུ་སེར་པོ། ལུག་རུ་དཀར་པོ། ཆུ་རུག་པ། སེ་བའི་མེ་ཏོག། འབུ་སུ་ཧང༌། སྒོང་ཐོག་པ། ཨ་ཀྲོང་ནག་པོ། ཕུར་དཀར་ཨ་ཀྲོང༌།ཚར་བོང༌། ཏང་ཀུན། སེ་རྒོད་འབྲས་བུ། ཤུག་པ་ཚེར་མ་ཅན། སྐྱེར་བའི་མེ་ཏོག ཕྲོམ་དཀར་པོ། ཐང་ཕྲོམ་ནག་པོ། ལང་ཐང་ཙི། སྲིན་ཤིང་སྣ་མའི་འབྲས་བུ། དྲེས་མའི་གེ་སར། དཀར་པོ་ཆིག་ཐུབ། རྩ་ཨ་ཝ། ཨ་འདྲ། ཞིམ་ཐིག་དཀར་ནག་གཉིས། པར་པ་ཏ། དྭ་བའི་རྩ་བ། འདམ་བུ་ཀར། འབྲི་ཏ་ས་འཛིན། བྱ་ཕོ་ཙི་ཙི། ཤུ་མོ་ཟ། སྙི་བ། ལུག་མུར། གཡེར་ཤིང་པ། མེ་ཏོག་སེར་ཆེན། བྲག་སྐྱ་ཧ་བོ། བྲག་སྤོས། རྒྱ་སྤོས། སྤང་སྤོས། མྱང་རྩི་སྤྲིས། རྒུ་དྲུ། འབམ་པོ། སྔོ་སྤྲིན། མེ་ཏོག་ལུག་མིག མཁན་པ་དཀར་ནག་གཉིས།ཆུ་མ་རྩི་དཀར་ནག་གཉིས། བྱི་ཚེར། རྩ་མཁྲིས། རིམ་དེ་བ།ཆུ་རེ་བ།སྔོ་དེ་བ། རེ་རལ། འོམ་བུ།ཞུ་མཁན། རྒྱ་སྐྱེགས། བཙོད། ལྕམ་པ། བྲག་ལྕམ།གྲ་མའི་རྩ་བ། མཛོ་མོ་ཤིང༌། ཕང་མའི་འབྲས་བུ། སྲད་དཀར་བ། བྱི་རུག་པ། བྲེ་ག མཚེ་ལྡུམ། ལུག་ཆུང༌། ལུག་ངལ། སྟོང་རི་ཟིལ་བ། ཟངས་རྩི་བ། སྙ་ལོ།ཤོ་མང༌།པ་ཡག་རྩ་བ། བྱེའུ་ལ་ཕུག ཨུག་ཆོས། སྐྱེ་བའི་འབྲས་བུ། ས་རྫི་ཀ ལྕེ་ཚ། དབྱི་མོང་དཀར་པོ། དབྱི་མོང་ཁྲ་བོ། བ་ལུ་དཀར་པོ། གོ་སྙོད། ཐ་རམ། ན་རམ། བྱ་རྐང༌།སོགས་ཀ་བ། དབང་པོ་ལག་པ། རི་ཤོ། སྤྱང་ཚེར། དུར་བྱིད། ཐར་ནུ། སྔོན་བུ།ཁྲོན་བུ།ལྕུམ་རྩ། ཆུ་རྩ། རེ་ལྕག་པ། ལྕ་བ། ཉེ་ཤིང༌། ར་མཉེ། བ་སྦུ་བ། གཟེ་མ་ལ་སོགས་པའོ། བརྒྱད་པ་སྲོག་ཆགས་ལས་བྱུང་བ་ལ། བཤད་རྒྱུད་དུ་སྡེ་བརྒྱད་དུ་དྲིལ་ནས་གསུང་བ་དང༌། ཐོར་བུ་འབྱུང་བ་གཉིས་ལས། དང་པོ་ལ་ཁྲོན་གྱིས་རྐོ་བའི་སྡེ་ནི། རྨ་བྱ།གོང་མོ། སྲེག་པ། སྐྱུང་ཀབྱ་ནགརི་བྱ་རྣམས་སོ། །མཆུ་ཡིས་རྐོ་བའི་སྡེ་ནི། ནེ་ཙོ། ཁུ་བྱུགཐི་བ།སྐྱ་ཀའཇོལ་མོ།བྱིའུ་རྣམས་སོ། །རི་དྭགས་སྡེ་ནི། ཤ་བ། གླ་བ། དགོ་བ། སྙན། རི་བོང༌། རྣ་བ། གཙོད། རྒྱ། ཁ་ཤ། ར་རྒོད། ཕག་རྒོད། ཧེ། བསེ་རུ། སྨུག རྐྱང༌། གཡག་རྒོད། མཛོ་རྒོད་ལ་སོགས་པའོ།།གཅན་ཟན་སྡེ་ནི།སེང་གེ།སྟགགཟིགགུང༌། དོམ། དྲེད། མི་རྒོད། གསའ། སྤྱང་ཀི། གཡི།ཝ། འཕར་བ། སྦྲེ་སོགས་སོ།།

    རྩལ་མཐུས་ཟ་བའི་སྡེ་ནི། བྱ་རྒོད།གླག གོ་བོ། ཁྭ་ཏ། རླག་མོ། ནེ་ལེ། བྱ་རོགཁུ་བྱུགའུག་པ། རྒྱ་ཁྲ། བྱིའུ་ཁྲ་སོགས་སོ། །མིས་བདག་བྱེད་པའི་སྡེ་ནི། མཛོ། གཡག རྔ་མོང༌། བ། གླང༌། བོང་བུ། ར། ལུག །ཁྱི། ཕག །ཁྱིམ་བྱ།བྱི་ལ་སོགས་སོ། །ཁུང་གནས་སྡེ་ནི། འཕྱི་བ། བྱི་ཐུར། བྱི་བ། སྦལ་བ། སྦྲུལ། གྲུམ་པ། རྨེག་པ། རྩངས་པ། སྡོམ། སྡིག་པ་སོགས་སོ། །རླན་ལ་གནས་པའི་སྡེ་ནི།ཁྲུང་ཁྲུང༌། ངང་སྐྱ། ངུར་བ། བཞད། སོ་བྱ། སྐྱར་མོ། སྲམ། ཉ་ལ་སོགས་པ་སྟེ།དེ་དག་གི་རྭ། རུས་པ། ཤ་ཁྲགསྤུ། རྐང༌། རྒྱུས་པ། ཀླད་པ། ཚིལ། པགས་པ། སེན་མོ། ཆུ། བྲུན་སོགས་སོ། །གཉིས་བ་ཐོར་བུར་འབྱུང་བ་ནི། གླང་ཆེན་ཤ།འབྲུག་རུས། མི་ཐོད། ཐོག་རུས། ་འགྲོན་བུ། སེར་བ་རུས། བ་མེན་རྭ། ཟེར་མོའི་རུས། འབུ་སྐྱོག ད་བྱིད། སྲིན་བྱ། ཁུག་རྟ། པུ་ཤུད། བྱ་ཝང་ཤ། བྱིའུ་ཅོ་ག མཆིལ་པ། ནས་ཟན། ཆུ་སྲིན་སྡེར་མོ། སྤྲ། སྤྲེའུ། བྱ་མ་བྱི། བྱང་བ།རུས་སྦལ། སྡིག་སྲིན། ཆུ་སྦུར། བསེ་སྦུར། གྲོག་མ།བྱིང་བྱིང་ཐུ་ལུ། སྦྲུ་མའི་འབུ། ན་བུན་བུ་མོ། ཆུ་བྱི། རྦ་བྱི། ཆ་ག་བ། སྦུར་མགྱོགས། ཟི་ལྡི་ར། ཚེ་གཅིག་ལུས་གཉིས། ཞོ་སྦུར། སྦལ་བ་ནག་པོ། ཆུ་སྦྲུལ། སྲེ་མོང༌། ལྕགས་སྦྲུལ། ཏེའུ་ལོ་པའིཤ། བྱི་སྟག་ཤ། དབང་རིལ་རྣམས་སྲོག་ཆགས་ལས་བྱུང་པའོ།ཞར་བྱུང་གོང་གསལ་རྣམས་སུ་མ་འདུས་པའི་སྨན་དང་ཟས་ཀྱི་མིང་ཐོར་བུར་འབྱུང་བ་ནི། དཀར་ཁྲ་མེན། ལྕགས་རྡོ། ཐོག་ལྕགས། ཟངས་རྡོ།ཞ་ཉེ། སྤང་མ། མཐིང༌།ཆུ་རྡོ། རྒྱ་མཚོའི་ལྦུ་བ། ལྷང་འཚེར།ནིམ་པ།ཚར་འབྲུམ། ཡོག་མོ།སྦ་མའི་འབྲུ། སྒྲོ་བ། ཡོ་འབོགམགལ། ཁུ་བྱུག་རྫི་ཐོག སྐྲ་བཟང༌།ངྷེ་བ་ང་རུ། རྒྱ་ཤུག བ་མཁལ། བྱི་ཤང་དཀར་མོ། གྲོ་ལོ་ས་འཛིན།ཙི་ཙི་ས་འཛིན། མཚན་དཀར། ཨའུ་རྩི། ཟྭ་ཚོད། བྱི་བཟུང་། སྤྲུམ་དཀར་ནག་གཉིས།མིང་ཅན་སེར་བོ།ལུག་མིག གྲེ་གུ་སེར་བོ། གཡར་མོ་ཐང༌། པད་རྩ། མིང་ཅན་ནག་པོ།ནད་མ་སྦྱར་མ། ནད་མ་སྣུན་མ། ནད་མ་གཡུ་མོ།ལུག་ཤོ།རྒྱ་ཤོ།ལུག་སུག ར་སགའབྲི་མོགབ་ལ། རྩ་རམ་པ། མེ་ཏོག་ལེབ་རྒན་རྩི། པ་ཏོ་ལ། བྱ་རོག་ནོར་བུ། ཁྲག་ཆུང་བ། སྤང་ཚན། སྦུ་རུ། སྔོ་ཁྲག་གཅོད། སྦྲ་བའི་ཐོ་གུ། གླ་སྒང་སྣེལ་རྒོད།སྣེལ་དམར།ཕ་བ་དགོ་དགོ།ཤལ་མ་ལི། འཇིབ་རྩི། དམར་ཤད། ཆང་ཕབ། ཡུངས་དཀར། སེ་ཤ།ཆུའི་ནད་མ། དུད་པ། བྱ་བལ། རྒྱ་སྣག སོ་ཕག སླང་དྲེགགྲོག་ཞིང༌།རམ།ས་མྱགཟ་འོགའབའ་ཆ། ཞིང་གི་བོང་བ། སོག ཚིག དངུལ་ཆུ། སྔོན་མོ་ཆ་འདྲེན།མེ་ལོང་གི་གཡའ། སྤྲ་ཚིལ།སྲིན་བལ། མཚལ་ཐལ། སེ་ཞོ། མེ་ཏོག་གླང་སྣ། སྤང་མ། དཀར་རྩི། ཁང་པའི་ས་རུལ། འཁར་གོང་སྲིན་ཅན། ལ་ཆ། འཛིན་པ་དཀར་པོ། སེར་པོ། ནག་པོ། ར་དུག་འཛིན་པ། སྤྱང་དུགཕྱི་འཛིན། ནང་འཛིན། གསང་འཛིན་རྣམས་དང༌། ཟས་ཀྱི་སྐོར་ནི། འབྲུ་ལ་གཉིས་ཏེ། གྲ་མ་ཅན་ནི། འབྲས། ཁྲེ། ཁྲ་མ། གྲོ།ནས། སོ་བ།སྲེད་རྣམས་སོ། །གང་བུ་ཅན་ནི། སྲན་མ།མོནསྲན།རྒྱ་སྲན། ཤ། སྲན་ཆུང༌། ཏིལ། ཟར་མ། བྲ་བོ་རྣམས་སོ། །སྣུམ་ནི། མར་གསར། མར་རྙིང༌། ཞུན་མར། ཟོ་མར། ཏིལ་མར། ཡུངས་མར། རྐང་མར།ཚིལ།ཀླད་མ་སོགས་སོ། །སྔོ་ནི། སྒོག་པ། བཙོང༌། ཀུན་དོང༌།ཀིའུ། ཉུང་མ། ལ་ཕུག ཟྭ་ཚོད། ལྕུམ། ཆུ་ལོ། རུག་པ། ཐུལ་བ་སོགས་སོ།།

    གཡོས་སུ་སྦྱོར་བའི་སྡེ་ནི། འབྲས་ཐུག་སླ་བ། སྐ་བ། གར་བ། འབྲས་ཆན།འབྲས་ཡོས།སྲུས་ཐུགནས་ཐུགཡོས་དྲལ།རྩམ་པ། མཁུར་བ། བཙོས་ཟན།ཟན་ཆང་། ཟན་སྐམ། ཤ་ཁུ། ལན་ཚ་ཅན། སྤེད་ཅན་སོགས་དང༌།བཏུང་བ་ལ། འོ་མ་རློན་པ། འོ་བསྐོལ།སྤྲིས་མ།བཞོས་ཐོག་འོ་མ།ཞོ།ཞོ་ཁ་ཆུ། དར་བ། ཕྱུར་ཁུ།ཞོ་བཙོས། སིང་པོ། རྩན་མོ། འབྲུའི་ཆང༌།རྒུན་ཆང༌། ཆང་གར་མ། ཤིང་ཏོག་ཁུ་བ། ཤིང་གི་ཆུ། བ་ཚྭ་ཅན་གྱི་ཆུ། ཁྲོན་པའི་ཆུ།ཆུ་མིག་གི་ཆུ། ཆུ་ཀླུང་གི་ཆུ།གངས་ཆུ། ཆར་ཆུ། གངྒའི་ཆུ་རྣམས་སོ།།དེ་དག་ནི་གསོ་བ་རིག་པའི་གཞུང་ལས་འབྱུང་བའི་མིང་གི་རྣམ་གྲངས་མདོར་བསྡུས་པའོ།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག