མདུན་ཤོག- རིག་གནས་འཚོ་བ།- གསུང་འབུམ།

གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་བཟོ་བ་རིག་པ།

རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།    2014-01-22 15:25

    ༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་བཟོ་བ་རིག་པའི་སྐོར།

    བཞི་པ་བཟོ་རིག་པའི་གཞུང་ལས་འབྱུང་བའི་མིང་གི་རྣམ་གྲངས་ལ། སྤྱིར་རིག་གནས་ཐམས་ཅད་བཟོ་རིག་པའི་ཁོངས་སུ་འདུ་བར་བཤད་པའང་ཡོད་ཅིང༌། འདུལ་བ་ལུང་ལས་བཤད་པའི་རིག་གནས་བཅོ་བརྒྱད་ནི། གསང་སྔགས་ཀྱི་རྒྱུད། ཆོ་ག་ཞིབ་མོ། གཏན་ཚིགས་རིག་པ། རིག་བྱེད། བརྡ་སྤྲོད་པ། སྒྲ་ངེས་པར་སྦྱོར་བ། ཤེས་གསལ། ངེས་པའི་ཚིག སྡེབ་སྦྱོར་བསྡུས་པ། སྐར་མའི་རིག་པ། རྟོག་བྱེད་ཀྱི་རིག་པ། ཆུར་ལྷུང་གི་རིག་པ། ཆེར་སྤྱོད་ཀྱི་རིག་པ། འཇིག་རྟེན་རྒྱང་འཕེན་པའི་རིག་པ། བྱེ་བྲག་པའི་རིག་པ། རྒྱུད་དྲུག་ཅུ་པ། ཁྱུར་མིད་ཀྱི་རིག་པ། གནས་འདུག་གི་རིག་པ་སྟེ་བཅོ་བརྒྱད་དོ།།

    སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་བཟོ་ལ་སོགས་པར་གཏོགས་པ་སུམ་ཅུ་ནི། ཡི་གེ། ལག་རྩིས། གྲངས། རྩིས་ཆེན་ཐོར་ཚུགས། གོམ་སྟབས། ལྕགས་ཀྱུས་སྒྱུར་ཐབས། རལ་གྲིའི་ཐབས། ཞགས་པ་གདབ་པ། མདའ་བོ་ཆེ་འཕེན་པ། མདུན་དུ་བསྣུར་བ། ཕྱིར་བསྣུར་བ། བཅད་་པ། དྲལ་བ། དབུག་པ། རྒྱང་ནས་འཕོག་པ། སྒྲ་གྲག་པར་འཕོག་པ། གནད་དུ་འཕོག་་པ། མི་འཆོར་བར་འཕོག་པ། ཚབས་ཆེ་བར་འཕོག་པ། མཆོངས་པ། གྱད་ཀྱི་འཛིང་སྟངས། བང༌། རྐྱལ། བརྒལ་བ། གླང་པོ་ཆེའི་གཉར་ཞོན་པ། རྟ་ལ་ཞོན་པ་ཤིང་རྟའི་བཟོ་ཐབས། མདའ་གཞུའི་བཟོ་ཐབས། འགྱེད་སྟོབས་དང་སུམ་ཅུའོ།།

    རོ་མོའི་བྱ་བྲག་བཅོ་བརྒྱད་ནི། བྲོ། རྔ་བོ་ཆེ། རྫ་རྔ། རྔ་ཕྲན། རྫ་རྔ་ཆེན་པོ། འཁར་རྔ། པི་ཝང་རྒྱུད་གཅིག་པ། རྫ་རྔ་ཁ་གཅིག་པ། ལྕགས་ཀྱི་སིལ་ཁྲོལ། འཁར་བའི་སིལ་ཁྲོལ། པི་ཝང་རྒྱུད་གསུམ་པ། རྔ་མུ་ཀུཏྣ། སིལ་སྙན་གླུ་དབྱངས་དང་བསྟུན་པ། ཕེག་རྡོབ། རོལ་མོའི་སྒྲ། པི་ཝང༌། གླིང་བུ་དང་བཅོ་བརྒྱད་དོ།།

    གླུ་དབྱངས་ཀྱི་ངེས་པ་བདུན་ནི། བར་མ་པ། དྲང་སྲོང་པ། ས་འཛིན་པ། དྲུག་ལྡན་ལྔ་པ་བློ་གསལ། འཁོར་ཉན་དང་བདུན་ནོ།།

    གར་གྱི་ཆ་བྱད་དགུ་ནི། སྒེག་པ། དཔའ་བ། མི་སྡུག་པ། དྲག་ཤུལ། བཞད་གད། འཇིགས་སུ་རུང་བ། སྙིང་རྗེ། རྔམ་པ། ཞི་བ་དང་དགུའོ། །གཞན་ཡང༌། མཐེབ་ཀྱིས་ཤ་ནོན་པ། རྐྱལ་གྱིས་ཆུ་ཆེན་ཆོད་པ། ཡང་རྩལ་བྱ་ལྟ་བུ་སྟེ་ལུས་རྩལ་གསུམ། ལོ་རྒྱུས་ཀྱིས་དགེ་འཐོན་པ། གཏམ་གྱིས་བཞད་གད་འཐོན་པ། གཤགས་ཀྱིས་ཕ་རོལ་གནོན་པ་སྟེ་ངག་རྩལ་གསུམ། མཛངས་ལ་བློ་འགྱུ་བ། དཔའ་ལ་སྲན་ཚུགས་པ། ཁ་གསལ་ཞིང་གཏིང་མི་རྟོགས་པ་སྟེ་ཡིད་གྱི་རྩལ་གསུམ་དང་བཅས་པའི་ཕོ་རྩལ་སྣ་དགུ་དང༌། གཏམ་ཡིག་རྩིས་གསུམ། མདའ་རྡོ་མཆོངས་གསུམ། བང་རྐྱལ་སྦེ་གསུམ་སྟེ་ཕོ་རྩེད་སྣ་དགུ་རྣམས་ཀྱང་བཟོ་རིག་པར་གཏོགས་སོ། །ལུས་བཟོ་མཆོག་ནི་སྐུ་གསུང་ཐུགས་རྟེན་གཞེངས་པ་སོགས་ཡིན་ལ། ངག་བཟོ་མཆོག་ནི་སྔགས་བཟླ་བ། ཆོས་འཆད་པ།རྩོད་པ། རྩོམ་པ་སོགས་དང༌།ཡིད་བཟོ་མཆོག་་ནི་ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་རྩལ་སྦྱོང་བའོ། །ལུས་བཟོ་ཕལ་པ་ནི། རྒྱ་མཚོ་ཆེན་པོར་བགྲོད་པའི་གྲུ་གཟིངས་ཆེན་པོ། ཆུ་གཞན་ལ་བགྲོད་པའི་གྲུ་ཆུང༌། ཁང་ཁྱིམ། ཁང་བརྩེགས། ཁང་མིག་ལྔ་བརྒྱ་པ། བཟའ་བཏུང་གི་གཡོས། གོས་རྒྱན་གྱི་ཁྱད་པར། ངོ་མཚར་བའི་སྦྱོར་བ་ཐང་རྫོང་གཞིག་པ་རྡོའི་འཁྲུལ་འཁོར་ཏེ་སྒྱོགས༑ ཆུ་རྫོང་འཇོམས་པ་གྲུའི་འཁྲུལ་འཁོར། རི་རྫོང་འཇོམས་པ་མེའི་འཁྲུལ་འཁོར། རལ་གྲི་འཁོར་བ་གྲི་གུག་གི་འཁྲུལ་འཁོར། རྩེ་མོ་འགྱེད་པ་རླུང་གི་འཁྲུལ་འཁོར། རྩིག་པ་འཇིག་པ་གུར་གྱི་འཁྲུལ་འཁོར། གོ་ཆ་འཇིག་པ་ལྕགས་མདའི་འཁྲུལ་འཁོར་རྣམས་དང༌། རང་ཕྱོགས་བསྲུང་བ་རལ་གྲིའི་འཁྲུལ་འཁོར། རྒྱལ་རིགས་འཐབ་པ་ཤིང་རྟའི་ཚད། ལྟད་མོ་ལ་འགྲོ་བའི་དོན་དུ་ཁང་བཟང་གི་མཚན་ཉིད། དགའ་སྟོན་གྱི་དོན་དུ་ཁྱོགས་ཀྱི་མཚན་ཉིད། ལྡུམ་ར་བཅུ་པའི་དོན་དུ་ཆུ་གྱེན་དུ་འདྲེན་པའི་འཁྲུལ་འཁོར་བཟོ་བ་རྣམས་སོ།།

    ངག་བཟོ་ཕལ་པ་ལ། གདངས་དབྱངས། གྱེར་དབྱངས། གླུ་ལེན་པ་སོགས་ལ། འགྱུར། ཁུག འདེགས། འཇོག སྦོམ། ཕྲ་སྟེ་དྲུག་དང་ལྡན་པས་སྙན་པ། བརྗིད་པ། རྔམ་པ་སོགས་སོ། ཡིད་བཟོ་ཕལ་པ་ནི། ས་གཞི་རིན་པོ་ཆེ། ལྗོན་ཤིང༌། གོས། གླང་པོ་ཆེ། རྟ། སྐྱེས་པ། བུད་མེད། གནས་ཁང༌། མཚན་བརྟགས་པ་རྣམས་དང༌།རྒྱལ་སྲིད་སྐྱོང་བ།ཕལ་པའི་གཉེན་སྐྱོང་བ།དགྲ་འདུལ་བ།ནོར་འཕེལ་བ་སོགས་ཀྱི་ཐབས་ལ་དཔྱད་ཅིང་སེམས་པའོ།།

    ཁྱད་པར་དུ་གཙུག་ལག་རྩིས་ཀྱི་སྐོར་ནི། བདག་ཅག་གི་སྟོན་པ་སྔོན་དྲང་སྲོང་རྔ་བོང་དུ་སྐྱེ་བ་ཤཞེས་པའི་ཚེ། ལོ། ཟླ་བ། དུས་བཞི། གཟའ། སྐར་མ་སོགས་ཀྱི་གོ་རིམས་མཛད་པར་གྲགས་ལ། རྩོད་དུས་འདིར་སྟོན་པ་ཐུབ་པའི་དབང་པོས་ལྕགས་ཕོ་འབྲུག་ལོ་ནག་པ་ཉ་བའི་ཡར་ཚེས་བཅོ་ལྔ་ལ། ཤྲྰི་ངྷྰ་ནྱ་ཀ་ཊ་ཀར། དུས་ཀྱི་འཁོར་ལོའི་སྐུར་བཞེངས་ཏེ་གསུངས་པའི་དཔལ་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས་བཤད་པ་ནི།སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་ལ། རླུང་དཀྱིལ། མེ་དཀྱིལ། ཆུ་དཀྱིལ། ས་དཀྱིལ་རྣམས་ཟླུམ་པོ། དེའི་དབུས་སུ་ལྷུན་པོ་དཔངས་སུ་དཔག་ཚད་འབུམ་ཕྲག་གཅིག་ཡོད་པ། དབྱིབས་ཟླུམ་པོ་རྡོ་རྗེ་ལྟ་བུ་རྭ་ལྔ་དང་ལྡན་པ། ཁ་དོག་ཤར་ཕྱོགས་ཨིནྡྲ་ནྰི་ལ་སྔོན་པོ། ལྷོ་ཕྱོགས་པདྨ་རཱ་ག་དམར་པོ། ནུབ་ཕྱོགས་ཀརྐེ་ཏ་སེར་བོ། བྱང་ཕྱོགས་ཆུ་ཤེལ་དཀར་པོ། དབུས་མར་གད་ལྗང་གུའོ། །ལྷུན་པོ་ནས་ཁོར་ཡུག་བསིལ་རིའི་བར།དཔག་ཚད་སྟོང་ཕྲག་བཅུ་དྲུག་ཡོད་པའི་སའི་དཀྱིལ་འཁོར་ཆ་མཉམ་བཅོ་བརྒྱད་དུ་ཕྱེ་བའི་ཆ་རེ་ལ་གླིང་དྲུག་མཚོ་དྲུག་རི་དྲུག་སྤེལ་ཏེ་གནས་པའི་གླིང་དྲུག་ནི་ནང་ནས་རིམ་པ་བཞིན། ཟླ་བ་དང༌། འོད་དཀར་དང༌། རབ་མཆོག ཀུ་ཤ་དང༌། མིའམ་ཅི་དང༌། ཁྲུང་ཁྲུང་དང༌། དྲག་པོའི་གླིང་ཞེས་པའི་མིང་ཅན་དྲུག་གོ། །མཚོ་དྲུག་ནི་ནང་ནས་རིམ་པ་བཞིན། སྦྲང་རྩི་དང༌། མར་དང༌། ཞོ་དང༌། འོ་མ་དང༌། ཆུ་དང༌། ཆང་གི་རྒྱ་མཚོའི་མིང་ཅན་དྲུག་གོ། །རི་དྲུག་ནི་ནང་ནས་རིམ་པ་བཞིན། འོད་སྔོན་དང༌། མན་ད་ར་དང༌། ནི་ཥ་ཊ་དང༌། ནོར་བུའི་འོད་དང༌། དྲེ་ཎ་དང༌། བསིལ་རི་ཞེས་བྱ་བའི་མིང་ཅན་དྲུག་སྟེ། དེ་རྣམས་ནི་ལོངས་སྤྱོད་ཀྱི་ས་པ་དང༌།བསིལ་རི་ནས་ཆུ་དཀྱིལ་ཀྱི་ནང་མཐའི་བར་ནི་གླིང་བདུན་པ་འཛམ་གླིང་ཆེན་པོ་ལས་ཀྱི་ས་པ་ཞེས་བྱ་ཞིང༌།དེ་ཡང་ལྷུན་པོའི་ཕྱོགས་འཚམས་ཀྱི་ཆ་བཅུ་གཉིས་ལ་གླིང་བཅུ་གཉིས་ཏེ།ཤར་གླིང་ཟླ་གམ། ལྷོ་གླིང་གྲུ་གསུམ། ནུབ་གྲུ་བཞི། བྱང་ཟླུམ་པོ་སྟེ་རླུང་མེ་ས་ཆུའི་རང་བཞིན་གྱི་རྟེན་འབྲེལ་ལས་གྲུབ་པའོ། །འགའ་ཞིག་གིས་ཤར་གླིང་ཟླུམ་པོ་དང༌། བྱང་གླིང་ཟླ་གམ་དུ་བཤད་ལ། གླིང་རེ་རེ་ཡང་གླིང་གཡོག་གཉིས་རེ་དང་བཅས་པས་དུམ་བུ་བཅུ་གཉིས་སོ། ། དེའི་ཕྱི་རོལ་དུ་ལན་ཚྭའི་རྒྱ་མཚོ་དང༌། དེའི་ཕྱི་རོལ་དུ་རྡོ་རྗེའི་རི་རྣམས་ཡོད་པར་བཤད་དོ། །ལྷོ་གླིང་དབུས་མ་འདི་ཉིད་ཀྱང་ཆ་དྲུག་ཏུ་ཕྱེ་བ་ལ། གངས་ལྡན། ཤམྦྷ་ལ། རྒྱ་ནག ལི། བོད། འཕགས་ཡུལ་རྣམས་ནི་དངོས་གྲུབ་ཀྱི་ས་པར་བཤད། རླུང་དཀྱིལ་ནས་ས་དཀྱིལ་ཕྱེད་མན་དུ་དམྱལ་བ། ས་ཕྱེད་སྟེང་མ་ལ་གོང་འོག་གཉིས་ལས་འོག་མར་ཀླུ། གོང་མ་ལ་ལྷ་མིན། སའི་སྟེང་དུ་འགྲོ་བ་མི། ལྷུན་པོའི་རྩེ་མོར་རྒྱལ་ཆེན་བཞི་དང༌།མགྲིན་པའི་སུམ་ཆ་མན་ལ་འདོད་ལྷ་གཞན་རྣམས་གནས།དེ་ནས་གཙུག་ཏོར་གྱི་འོག་གི་བར་ལ་གཟུགས་ཁམས་གནས་རིགས་བཅུ་བདུན་དང༌། དེ་ནས་གཙུག་ཏོར་གྱི་རྩེའི་བར་དུགཟུགས་མེད་རིགས་བཞི་གནས་སོ། །དེ་དག་ཀྱང་བསྡུ་ན་རིགས་དྲུག་གམ་རིགས་ལྔར་འདུ་ལ།ཁམས་གསུམ། འཇིག་རྟེན་གསུམ། སྲིད་པ་གསུམ། ས་གསུམ་རྣམས་སུ་འདུའོ། །དེ་དག་གི་གཞལ་བྱེད་ཀྱང་རྡུལ་ཕྲ་རབ། ཕྲ་མོ། སྐྲ་རྩེ། སྐེ་ཚེ། ཤིག ནས། སོར་མོ་རྣམས་རིམ་བཞིན་བརྒྱད་འགྱུར། སོར་མོ་ཉི་ཤུ་ལ་ཁྲུ་གང༌། ཁྲུ་བཞི་ལ་གཞུ་འདོམ། དེ་ཉིས་སྟོང་ལ་རྒྱང་གྲགས། དེ་བཞི་ལ་དཔག་ཚད་གཅིག་གོ།།སྐྱེ་འགྲོ་དེ་དག་གི་ཚེ་ཚད་གཞལ་བྱེད་ཀྱི་ལོ་ནི།སྐྱེས་བུ་ནད་མེད་ཀྱི་དབུགས་གྲངས་སུམ་བརྒྱ་དང་དྲུག་ཅུར་ཆུ་ཚོད་གཅིག དེ་དྲུག་ཅུར་ཞག་གཅིག དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོ་ཞེས་བཤད།དུས་ཀྱི་འཁོར་ལོའི་མཚན་གྱི་རྣམ་གྲངས་ནི། ཐོག་མའི་མགོན་པོ། དང་པོའི་སངས་རྒྱས། གདོད་མའི་མགོན་པོ། རིགས་མེད་པ། རྣམ་ཀུན་མཆོག་ལྡན། གཉིས་མེད་སྟོན་པ། བཞི་ལྡན་པ། ཤེས་ལྡན། ཤེས་བྱའི་བདག་ཉིད་མཆོག འཕོ་མེད། བདེན་དོན་རྣམ་པ་བཅུ་གཉིས་ཅན། ཕྱི་ནང་གཞན་གསུམ་བདག་ཉིད་ཅན། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་གཙོ་བོ་རྣམས་སོ།།

    ཤམྦྷ་ལར། ཡུལ་ཆེན་དགུ་བཅུ་རྩ་དྲུག རྒྱལ་ཕྲན་གོ་དྲུག དབུས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སར་མི་འཇིགས་གདོང་ལྔའི་ཁྲི་ལ། ཆོས་རྒྱལ་ཟླ་བཟང༌། ལྷ་དབང༌། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷའི་དབང་ལྡན་ཏེ་ཆོས་རྒྱལ་བདུན། རིགས་ལྡན་གྲགས་པ། པདྨ་དཀར་པོ། བཟང་པོ། རྣམ་རྒྱལ། གཤེས་གཉེན་བཟང་པོ། རིན་ཆེན་ཕྱག ཁྱབ་འཇུག་སྦས་པ། ཉི་མ་གྲགས་པ། ཤིན་ཏུ་བཟང་པོ། རྒྱ་མཚོ་རྣམ་རྒྱལ། རྒྱལ་དཀའ། ཉི་མ། སྣ་ཚོགས་གཟུགས། ཟླ་འོད། མཐའ་ཡས།ས་སྐྱོང༌། དཔལ་སྐྱོང༌། སེང་གེ་རྣམས་བྱོན་ཟིན་གྱི་རིགས་ལྡན་དང༌། ད་ལྟ་སེང་གེའི་ཁྲི་ལ་རྣམ་གནོན་གྱི་ཞབས་ཟུང་བཀོད་ནས་ཆོས་སྟོན་པ། སླར་སྟོབས་པོ་ཆེ། མ་འགགས་པ་མི་ཡི་སེང་གེ། དབང་ཕྱུག་ཆེན་པོ། མཐའ་ཡས། དྲག་པོ་རྣམས་འབྱོན་འགྱུར་གྱི་རིགས་ལྡན། དྲག་པོ་འཁོར་ལོ་ཅན་གྱི་དུས་སླར་ཡང་འཛིན་མར་རྫོགས་ལྡན་འཆར་རོ།།

    ནམ་མཁའི་གོ་ལ་ནི། གོ་ལ་ཞེས་པའི་སྒྲ། སྒང་གཤོང༌། ལྕི་ཡང༌། སྦུབས་ཁོང༌། ཟླུམ་པོ་རྣམས་ལ་འཇུག་པས་ཁྱིམ་གྱི་འཁོར་ལོ་ཟླུམ་པོའི་ཚུལ་གྱིས་འཁོར་བ་ལ་ཁྱིམ་གྱི་གོ་ལ་ཞེས་ཟེར་རོ། །དེ་ཡང་ཁྱིམ་རྣམས་སྒང་གཤོངས་སུ་གནས་པར། གཡས་སྐོར་རྒྱུ་ལམ་རགས་པར་ཡིན།ཁྱིམ་རེར་རྒྱུ་སྐར་གྱི་རྐང་པ་དགུ་རེ། རྐང་པ་རེར་ཆུ་ཚོད་བཅོ་ལྔ་རེ། དེ་ཡང་ཐ་སྐར།བྲ་ཉེ། སྨིན་དྲུག་གི་བཞི་ཆ་གཅིག་གི་བར་ལུག་ཁྱིམ།སྨིན་དྲུག་གི་རྐང་པ་གསུམ་དང༌། སྣར་མ། མགོའི་ཕྱེད་བར་གླང་ཁྱིམ། མགོའི་ཕྱེད། ལག ནབས་སོའི་བཞི་ཆ་གསུམ་གྱི་བར་འཁྲིག་པའི་ཁྱིམ།ནབས་སོའི་རྐང་གཅིག རྒྱལ། སྐག་གི་བར་ཀརྐ་ཊའི་ཁྱིམ། མཆུ། གྲེ། དབོ་ཡི་རྐང་པ་གཅིག་གི་བར་སེངྒེའི་ཁྱིམ། དབོ་ཡི་རྐང་གསུམ། མེ་བཞི་ནག་པའི་ཕྱེད་ཀྱི་བར་བུ་མོའི་ཁྱིམ།ནག་པའི་ཕྱེད། ས་རི། ས་གའི་རྐང་གསུམ་གྱི་བར་སྲང་གི་ཁྱིམ། ས་གའི་རྐང་གཅིག ལྷ་མཚམས། སྣྲོན་གྱི་བར་སྡིག་པའི་ཁྱིམ། སྣུབས། ཆུ་སྟོད། ཆུ་སྨད་ཀྱི་རྐང་གཅིག་གི་བར་གཞུའི་ཁྱིམ། ཆུ་སྨད་ཀྱི་རྐང་གསུམ། གྲོ་བཞིན། མོན་དྲེའི་ཕྱེད་བར་ཆུ་སྲིན་ཁྱིམ། མོན་དྲེའི་ཕྱེད། མོན་གྲུ། ཁྲུམས་སྟོད་རྐང་གསུམ་གྱི་བར་བུམ་པའི་ཁྱིམ། ཁྲུམས་སྟོད་རྐང་གཅིག ཁྲུམས་སྨད། ནམ་གྲུའི་བར་རྣམས་ཉའི་ཁྱིམ་མོ། །ནབས་སོའི་བཞི་གསུམ་ཐོག་ཉི་མ་སྐྱེས། ཐ་སྐར་གྱི་ཐོག་མར་ཟླ་བ། མཆུའི་ཕྱེད་དུ་མིག་དམར། ལྷ་མཚམས་ཀྱི་ཕྱེད་དུ་ལྷག་པ། མེ་བཞིའི་ཐོག་མར་ཕུར་བུ། ནབས་སོའི་ཐོག་མར་པ་སངས། སྣབས་ཀྱི་ཐོག་མར་སྤེན་པ། ནག་པའི་ཕྱེད་ཐོག་སྒྲ་གཅན་གདོང༌། ནམ་གྲུའི་མཐའ་ལ་མཇུག་མ་རྣམས་སྐྱེས་སོ། །ཁྱིམ་གྱི་མཐོ་སར་སྐར་མ་བརྟན་པ་དང༌། དམའ་སར་རི་བྱི་གནས། གཞན་ཡང་མཐོ་སར་སྨེ་བདུན། དམའ་སར་སྤེན་པ་གནས་སོ། །ལོའི་མིང༌། ཟླ་བའི་ཕྲེང་བ། འདོར་བྱེད། དུས་ཚིགས། བགྲང་བྱ། འགྲོ་འོང༌། བགྲང་གཞི། དུས་ཀྱི་ཆ་ཤས་ཅན་རྣམས་སོ། ། རབ་བྱུང༌། རྣམ་བྱུང༌། དཀར་པོ། རབ་མྱོས། སྐྱེས་བདག ཨངྒི་ར། དཔལ་གདོང༌། དངོས་པོ། ན་ཚོད་ལྡན། འཛིན་བྱེད། དབང་ཕྱུག འབྲུ་མང༌། མྱོས་ལྡན། རྣམ་གནོན། ཁྱུ་མཆོག སྣ་ཚོགས། ཉི་མ། ཉི་སྒྲོལ་བྱེད། ས་སྐྱོང༌། མི་ཟད། ཐམས་ཅད་འདུལ། ཀུན་འཛིན། འགལ་བ། རྣམ་འགྱུར། བོང་བུ། དགའ་བ། རྣམ་རྒྱལ། རྒྱལ་བ། མྱོས་བྱེད། གདོང་ངན། གསེར་འཕྱང༌། རྣམ་འཕྱང༌། སྒྱུར་བྱེད། ཀུན་ལྡན། འཕར་བ། དགེ་བྱེད། མཛེས་བྱེད། ཁྲོ་མོ། སྣ་ཚོགས་དབྱིག ཟིལ་གནོན། སྤྲེའུ། ཕུར་བུ། ཞི་བ། ཐུན་མོང༌། འགལ་བྱེད། ཡོངས་འཛིན། བག་མེད། ཀུན་དགའ། སྲིན་པོ། མེ། དམར་སེར་ཅན། དུས་ཀྱི་ཕོ་ཉ། དོན་གྲུབ། དྲག་པོ། བློ་ངན། རྔ་ཆེན། ཁྲག་སྐྱུག མིག་དམར། ཁྲོ་བོ། ཟད་པ་རྣམས་སོ། །ལོ་བསགས་པས་བསྐལ་པ། རྫོགས་ལྡན༑ སུམ་ལྡན། གཉིས་ལྡན། རྩོད་ལྡན་ནོ། །ལོའི་ཡན་ལག ལོའི་ཆ་ཤས། དབུགས་སྐྱེས། ལོ་ཡི་མཛོད། ཞག་གི་ཕུང་པོ་རྣམས་ཟླ་བའི་མིང༌། ཟླ་བ་དང་པོ་ལ། མཆུ་ཟླ། མཱ་གྷ། རྟ་ཟླ། དཀའ་ཐུབ་ཟླ་བ། འདུ་བྱེད་ཟླ་བ། ཀམ་པ། ཆོས་འཕྲུལ་རྣམས་སོ། གཉིས་པ་ལ། ཁྲ་ཟླ། དབོ་ཟླ། འབྲས་ལྡན། རོ་ཧི་ཏ། ཕལྒུ་ཎ། སྦོ་ཟླ་རྣམ་ཤེས་ཟླ་བ་རྣམས་སོ། །གསུམ་པ་ལ། ནག་ཟླ། སྦྲང་ཟླ། མྱོས་བྱེད། དྲི་ཞིམ་ལྡན།ཡིད་སྲུབས་ཟླ་བ། འདོད་དུས་ཟླ། མིང་གཟུགས་ཟླ་ཙི་ཏྲ། མོ་ཧ་ཏི་རྣམས་སོ། །བཞི་པ་ལ།ས་ག་ཟླ་བ། མེ་ཏོག་ལྡན། སྒྲུབ་བྱེད། སྦྲང་རྩི་བསྐྱེད། བེ་ཤ་ཁ། བྷ་དྲ། སྐྱེ་མཆེད་ཟླ་བ་རྣམས་སོ། །ལྔ་པ་ལ།སྣྲོན་ཟླ། དེས་སྲེག འདོད་འཕེལ། རིག་པ་ཟླ་བ། རི་ཥ་བྷ། དག་བྱེད། ཇྱོཥྠ། གཙང་མ་རྣམས་སོ། །དྲུག་པ་ལ། ཆུ་སྟོད་ཅན། གཙང་མའི་ཟླ་བ། ཨཱ་ཥ་ངྷྰ། ཚོར་བའི་ཟླ། ཀུརྨ་རྣམས་སོ། །བདུན་པ་ལ། གྲོ་བཞིན་ཟླ་བ། མ་ཀ་ར། ནམ་མཁའི་ཐོད་ལྡན། མྱོས་ཟླ། སྲེད་པའི་ཟླ་བ། ཤྲ་བ་ཎ་རྣམས་སོ། །བརྒྱད་པ་ལ། ཁྲུམས་ཟླ།ནོར་ལྡན།ཁྱུ་མཆོག་ཅན། བཟང་ཟླ།བ་གླང་རྐང༌།བྷ་དྲ་པ།སྤྲིན་བཟང་ཅན། དཎྚ། ལེན་པའི་ཟླ་བ་རྣམས་སོ།།དགུ་པ་ལ།ཐ་སྐར་ཟླ་བ།ལྟད་སྦྱོར། རྩི་ཐོག་ཟླ་བ།ཨ་ཤྲ་ནི།མི་ཀི་རི། གླུ་དབྱངས།སྲིད་པའི་ཟླ་བ།རྒོད་མ་ཅན།ལྟད་མོའི་ཟླ་བ་རྣམས་སོ།།བཅུ་པ་ལ།སྨིན་དྲུག་ཟླ་བ།མང་པོ་འཛིན།ཀརྟི་ཀམགོ་ལས་སྐྱེས།སྐྱེ་བའི་ཟླ་བ།བིཊྚི།ས་ག་སྐྱེས་རྣམས་སོ།།བཅུ་གཅིག་པ་ལ།མགོ་ཟླ།མྲྀག་ཤི་རྵ།རི་དྭགས་མགོ། སྨལ་པོའི་ཟླ།ཚིམ་བྱེད།རྒ་ཤི་ཟླ་བ།ནུས་ལྡན་རྣམས་སོ། །བཅུ་གཉིས་པ་ལ། རྒྱལ་ཟླ། ཚིམ་བྱེད། པོོ་ཥ། མ་རིག སྭཔྣ། མེ་ཏོག་ལྡན། ནུས་ཟླ་བ་རྣམས་སོ། །ལོ་ནི་བྱི་བ། གླང༌། སྟག ཡོས། འབྲུགསྦྲུལ། རྟ། ལུགསྤྲེའུ། བྱ། ཁྱི། ཕག་རྣམས་འབྱུང་བ་ཤིང་མེ་ས་ལྕགས་ཆུ་སྟེ་རེ་རེ་ལ་ཡང་ལྔ་ལྔ་སྟེ་ལོ་དྲུག་ཅུའོ།།

    དེ་ཡང་ཚེས་གཅིག་ནས་བཅོ་ལྔའི་བར་ལ་དཀར་ཕྱོགས།ཟླ་ཚེས་ཞི་རྒྱས་ཕྱོགས།ཡར་ངོ༌ཕྱོགས་ཀྱི་དང་པོའོ།།ཚེས་བཅུ་དྲུག་ནས་གནམ་གང་ཐར་ལ།དམར་ཕྱོགས།འབྱུང་པོ་འདུ། དམ་ཅན་འདུ།ཕྱོགས་ཀྱི་ཕྱི་མ། དབང་དྲག་པོའི་ཕྱོགས། མར་ངོའོ། །ཉི་མ་ལྷོ་བགྲོད་དང༌། བྱང་བགྲོད་གཉིས་སོ་སོར་ལོ་རེར་འཛིན་པ་དང༌། ཉི་མའི་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་དང༌། ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་ཆུ་ཚོད་རྗེས་འབྲང༌། ཚེས་ཞག་སུམ་བརྒྱ་དོན་གཅིག་ཆུ་ཚོད་རྗེས་འབྲང་དང་བཅས་པར་ལོར་འཛིན་པ་གཉིས་སོ། །སྐབས་འདིར་དུས་ནི་བཞིར་ངེས་ཏེ།དཔྱིད། དབྱར།སྟོན།དགུན། དེ་རེ་རེ་ལ།ར་བ།འབྲིང་པོ།ཐ་ཆུང་གསུམ་གསུམ་མོ།།དཀར་ཕྱོགས་ལ།ནམ་མཁའ། རླུང༌།མེ།ཆུ།ས་རྣམས་གསུམ་སྐོར།ནག་ཕྱོགས་ལ།ས།ཆུ།མེ།རླུང་།ནམ་མཁའ་རྣམས་གསུམ་སྐོར། དཀར་ཕྱོགས་ལ།འདོད་ཡོན། སྒྲ།རེགརོ།གཟུགས། དྲི་ལྔ།ནག་ཕྱོགས་ལ། དྲི། གཟུགས། རོ། རེགསྒྲ་རྣམས་ལན་གསུམ་འཁོར། དགའ།བཟང༌།རྒྱལ་སྟོང༌། རྫོགས་པ་ལྔ་དང༌།དར་རྒུད། བྱིས། གཞོན། ལང་ཚོ།རྒན། སྨིན་རྣམས་ཕྱོགས་གཉིས་ཀར་གསུམ་འཁོར།ནམ་ལངས་སྐྱེས་བུའི་ལག་རིས་མངོན་པ་ནས་རི་རྩེ་ཉི་ནུབ་བར་ལ། ཉིན་མོ། མདངས་གསར།གསལ་སྣང༌། པདྨ་བཞད། མུན་སེལ། སྣང་བ་ལྡན་ཅེས་སོ།།ཉི་ནུབ་ནས་ཐོ་རངས་བར་ལ།ངེས་ཉལ། མུན་བཅས། ཉལ་དུས། ཐུན་གསུམ། ཀུ་མུད་བཞད། མཚན་མོའོ།།ཁྱིམ་ནི༑ ལུགགླང༌། འཁྲིག་པ། ཀརྐ་ཊ། སེངྒེ། བུ་མོ།སྲང༌། སྡིག་པ། གཞུ།ཆུ་སྲིན། བུམ་པ། ཉ་རྣམས། ཉི་མ་གར་གནས་པའི་ས་ནས་རིམ་པར་ཉིན་ཞག་ཕྲུག་གཅིག་ལ་ལན་རེ་འཁོར་བའོ། །

    གཟའ་ནི། ཉི་མ་ལ། ཚ་ཟེར། སྣ་ཚོགས་ཤིང་རྟ། མི་སྦྱིན་སྐྱེས། པདྨའི་གཉེན།དུས་ཀྱི་བདག་པོ། མུན་པའི་དགྲ། འཇིག་རྟེན་མིགདུས་ལ་དགའ། འགྲོ་བའི་སྒྲོན་མེ་བཅུ་གཉིས་བདག་པོ། ལོ་ཡི་ཤིང་རྟ། ཀུ་མུད་དགྲ། སྲིད་པའི་སྒྲོན་མེ། ཉིན་བྱེད།སྣང་བྱེད།འོད་བྱེང། ནམ་མཁའ་ནོར། རྟ་ལྗང་ཅན། གཟའི་བདག་པོ། འོད་སྟོང་འབར། འོད་ལྡན།མུན་སེལ། ཉིན་མོའི་ནོར། འོད་གཟུང༌། འོད་འབྱུན། ཉིན་མོ་འདྲེན། བསྲུབ་བྱེད།འོད་གཙང༌། ཝ་རུ་ཎ། འོད་འགྲོ། རྒྱས་བྱེད། མཁའ་འགྲོ། རྣམ་སྒྱུར། འགྲོ་ལུས། གསལ་ནོར། ཆ་ལྡན། ངེས་བསྲེགའོད་ཟེར་ལྡན། འོད་རྒྱུན། ཕྱོགས་སྣང་བྱེད།གདུང་བྱེད། ཚ་བྱེད།རྣམ་སྣང་བྱེད། མུན་འཇོམས། འདམ་སྐྱེས་མཚན། མཆོད་ལྡན།ཕྱོགས་བདགམཆོག་འདོད། ཆར་འབེབས། འཛིན་བྱེད། སྣང་བའི་མུ་ཁྱུད།སྣང་ལྡན། མིག་གཟུགས་གསལ་བྱེད། འོད་འགྱེད། བསྟེན་བྱ། བདུད་ལས་རྒྱལ། མ་ཟླུམ། འཕྲོག་བྱེད།རྩེན་པ། ཕྱོགས་དགོད་བྱེད། གཏུམ་པོའི་འོད། འོད་ཀྱི་སྐྲ་ཅན། སྣ་ཚོགས་འོད། སྣང་བའི་མཛོད། ནོར་གྱི་མཛོད། རྒྱུ་བའི་བརྟུལ་ཞུགས། མཛའ་བཤེས། མཆོད་འོས། འོད་ཀྱི་ནོར་ཅན།པདྨའི་ལག་པ།རྟག་འཆར། རིག་བྱེད་འབྱུང༌།ལས་སྣ་ཚོགས། ཁྱབ་བྱེད།འཐུང་བྱེད། འོད་ཕྲེང་ཅན། མིག་གཟུགས། འོད་སྣང༌། འོད་སྟོང་འཛིན། ཁྲི་ཅན།ལོང་བའི་ཁ་ལོ་པ།ལམ་སྟོན།སྲིད་བྱེད། ཤིང་རྟ་མཐོ། དབྱིག་གི་ཁུ་བ། ཟླུམ་པོ་འཛིན། དུས་ཀྱི་བྱེད་པོ། ནམ་མཁའི་མིག འཇིག་རྟེན་སྤང་པོ། འོད་ཀྱི་ཕུང་པོ།འོད་ཟེར་གཟུགས་མང༌། ནམ་མཁའི་ཏོག ཕྱོགས་ཀྱི་མུ་ཁྱུད། ཚངས་པའི་རྟ། ནམ་མཁའི་ཐིག་ལེ། སྣ་ཚོགས་འོད། རྟ་བདུན་པ་རྣམས་ཉི་མའོ།།

    ཟླ་བ་ལ། རི་བོང་ཅན། རྒྱ་མཚོ་དགའ། ཚེས་བདག བསིལ་བྱེད། བསིལཟེར་ཅན།ཆགས་སྐྱེད། འོད་དཀར། བདུད་རྩི་འོད། དྲག་པོའི་གཙུག་རྒྱན། ག་བུར་འཛིན།བསིལ་ལྡན།འཚོ་བྱེད། རྒྱ་མཚོ་སྐྱེས།མཚན་མོའི་བདག་པོ། མིག་གསུམ་འཛིན། མིག་གསུམ་གཙུག་ནོར། སྣར་མའི་བདག་པོ། རི་དྭགས་མཚན།རི་བོང་མཚན་མ། སྒྲིབ་བྱེད།རྡུལ་གྱི་ཐིག་ལེ། ཤར་གྱི་ཐིག་ལེ། གཉིས་སྐྱེས་རྒྱལ།གཟའི་མུ་ཁྱུད། རི་བོང་འཛིན། རྒྱུ་སྐར་མུ་ཁྱུད། རྒྱུ་སྐར་གཙོ། རྒྱ་མཚོ་མར་གསར། ཁ་བའི་འོད། སྲིད་བྱེད། རི་དགས་སྣ་འཛིན། བདུད་རྩི་སྤྲོ། གྲིབ་མའི་ལུས། རྟ་དཀར། ཆུ་སྐྱེས། སྟེང་ཕུར། གཤེར་ལྡན།བི་ཀུ་ཤྲ། པདྨའི་དགྲ། མཚན་མོའི་མགོན་པོ་རྣམས་སོ།།

    མིག་དམར་ལ། བཀྲ་ཤིས། ལུས་དམར།སའི་བུ། གཞོན་ནུ།ས་སྐྱེས།ཡན་ལག་དམར།འོད་ཟེར་དགུ་པ།ཆུ་སྟོང་སྐྱེས།རྩིབས་ལྡན།ས་བྱུང༌།མཁའ་སྟེང་འགྲོ།དམག་དཔོན་རྣམས་སོ། །

    ལྷག་པ་ལ། ཟླ་སྐྱེས། ཟླ་བུ། ལུས་གཅིག་པ། མཛའ་ལྷའི་གྲོགས་པོ། སྡོ་བསངས་མུས༑ སྣར་མ་སྐྱེས། ལྷ་མཚམས་སྐྱེས།རྒྱལ་པོའི་བུ། གསལ་ལྡན། ཐོས་ལྡན་སྐྱེས།ཚིམ་བྱེད་སྐྱེས། མཁས་པ་རྣམས་སོ། །

    ཕུར་བུ་ལ། སྒྲ་མཁན། བློ་ལྡན། མེ་བཞི་སྐྱེས། ཚིག་བདག སྒྲ་མཁས། ལྷའི་སློབ་དཔོན། སྣ་ཚོགས་གཙུག་རྒྱན། རིག་བྱེད་བདག གྲེ་སྐྱེས། འཚོ་བྱེད། སྨྲ་མཁས། བཅུ་གཉིས་འོད་འཕོ། ཉི་རིགས་སྐྱེས། མཐོ་རིས་ཐོབ། འབར་བ་ལྡན། རྩུབ་ལྡན།ཤིན་ཏུ་གསལ་བའི་གཅུང༌། ཚིག་ལྡན། མིག་ལྡན། དཔྱོད་ལྡན། ལྷའི་བླ་མ་རྣམས་སོ། །

    པ་སངས་ལ། སྙན་ངག་མཁན།ངན་སྤོང་བུ། ལྷ་མིན་བླ་མ། མཆུ་སྐྱེས། ལྷ་མིན་བདག་པོ། ངན་སྤོང་འཛིན། ངན་ལས་རྒྱལ། ཚིག་བརྒྱའི་དབང་པོ། བཅུ་དྲུག་འོད་ལྡན།དཀར་པོ།ཁུ་བ་རྣམས་སོ། །སྤེན་པ་ལ།ཉི་མའི་བུ། དལ་བར་འགྲོ། ཉི་སྐྱེས།ཚངས་སྐྱེས། རྗེས་སུ་སྐྱེས། འོད་ཟེར་བདུན་པ། མི་བཟད་མིག གཤིན་རྗེའི་བདག་པོ།དབྱེ་བའི་བུ། འཁྱོག་འགྲོ། གོས་སྔོན་ཅན་རྣམས་སོ། །སྒྲ་གཅན་ལ། བསོད་ནམས་ལྡན་པ། མུན་པ་ཅན། མཐོ་རིས་སྣང་བྱེད། གཟའི་རྣ་བ། མགོ་ཟླུམ། ལམ་ནག ཟླ་བའི་དགྲ། སེངྒེ་མོའི་བུ། ཟླ་བ་འཇོམས། ཉེ་བར་འཕར་འགྲོ། ཤ་ཟ། སྤྲིན་ལས་རྣམ་རྒྱལ།བྲ་ཉེ་སྐྱེས། ཁམས་གསུམ་རྣམ་རྒྱལ་རྣམས་སོ། །དེའི་མཇུག་མ་ལ། མིག་སྨན་མདོག་ཅན།ཉི་ཟླ་ཟ། དུས་ཀྱི་མེ། སྤྱང་ཀི། སྣ་ཚོགས་མདོག་ཅན་རྣམས་སོ། །དུ་བ་མཇུག་རིང་ལ། ཕོད་ཅན། མཇུག་ཕོད་ཅན། གཙུག་ཕོད་ཅན། སྦྲུལ་ཅན། སྐག་ལས་སྐྱེས། སྐྲ་གཉིས་པ་རྣམས་སོ།།རྒྱུ་སྐར་ཉེར་བརྒྱད་ལ། གྲོ་བཞིན། བྱི་བཞིན་གཉིས་ལོངས་སྤྱོད་གཅིག་པས་རྒྱུ་སྐར་ཉེར་བདུན་ལ། སྐར་ཆུང་རེའི་རྗེས་འབྲང་ཡོད། ཕལ་པའི་སྐར་མ་དུང་ཕྱུར་གཉིས་བྱེ་བ་བརྒྱད་ས་ཡ་ལྔ་ཡོད། དེ་ཡང་ཐ་སྐར་ལ།གསལ་བའི་བུ་མོ།རྟ་ལྡན་མ། དབྱུ་གུ་ཞེས་སོ། །བྲ་ཉེ་ལ།གཤིན་རྗེ་མ། སྒེག་མོའོ། །སྨིན་དྲུག་ལ། མང་པོ་གརྟི། མ་དྲུག་བུའོ། །སྣར་མ་ལ།བི་རྫི། དལ་བའི་ལྷ་ལྡན་མ། སྐྱེ་དགུའི་བདག་པོའོ། །མགོ་ལ།སྨལ་པོ། མགོ་སྐྱེས། རི་དྭགས་མགོ། ཟླ་སྐྱེས་སོ། །ལག་ལ། ནག་མོ། དྲག་མོ། དྲག་ཤུལ་མ། དམག་དཔོན་དགྲའོ། ནབས་སོ་ལ། སྦྱིན་མོའི་ལྷ་མོ། ཤུ་ཀྲ་མ། རྒྱལ་སྟོད་དོ། །རྒྱལ་ལ། བླ་མའི་ལྷ་ལྡན།སྦྱོར་ལྡན་མ།གྲུབ་པ། ཚིམ་བྱེད་དོ།།སྐག་ལ། གདེངས་ཅན་ལྷ་མོ། ཝ་ཞེས་སོ།།མཆུ་ལ།ཕ་མེས་ལྷ་སྐྱེས།སྙན་ངག་མཁན།རྟ་ཆེན་ནོ། །གྲེ་ལ།རྟ་ཆུང༌།འཚོ་བ།སྐྱེས་པའོ།།དབོ་ལ།ཕྱི་མོ།ཉི་མའི་ལྷ་ལྡན།ཁྲ།སྦོའོ།།མེ་བཞི་ལ།རིག་བྱེད།བྱ་མ་འདོན་ནོ། ། ནག་པ་ལ།བྱའུ།བརྒྱད་ལྡན་མ།ཟླ་བའི་ཐོག་མའོ། །ས་རི་ལ། རླུང་གི་ལྷ་མོ།རླུང་གི་དབང་ཕྱུག སྭྰསྟིའོ།།ས་ག་ལ།བི་ཤཱ་ཁཱ།རྒྱུད་ལྡན་མ།དབང་པོའི་ལྷ་ལྡན་ནོ།།ལྷ་མཚམས་ལ།ལག་སོར།ཨ་ནུ་རཱ་ངྷྰ།མཛའ་བོའི་ལྷའོ།།སྣྲོན་ལ།ལྡེའུ།གང་བུ།ལྷ་དབང་ལྡན།ཛྱེཥྛའོ།།སྣྲུབས་ལ།མྰུ་ལ།གྲུ་སོག་མ།རྩ་བའོ། །ཆུ་སྟོད་ལ།བྲེ།བུ་རྦྰཥ་ཊྷ།ཆུ་ལྷ་ལྡན་ནོ།།ཆུ་སྨད་ལ།ཨུཏྟ་ར་ཥ་ཊྷ།ཕུལ།སྣ་ཚོགས་ལྷ་ལྡན་ནོ།།གྲོ་བཞིན་ལ།ཤྲ་ཝ་ཎ།འཕྲོག་བྱེད།བོན་པོའོ།།བྱི་བཞིན་ལ་མིང་གཞན་མེང།མོན་དྲེ་ལ།ནམ་མཐོང༌།ཐོབ་ལྡན་མ། ངྷ་ནི་ཥྛའོ། །མོན་གྲུ་ལ། ཆུའི་ལྷ་མོ།སྒྲོག ནམ་མཐོང་འོག་ཤ་ཏ་བྷིཥའོ། །ཁྲུམས་སྟོད་ལ། བྱ་མཆུ། ར་ཡི་ལྷ་མོ།གནས་མའོ། ། ཁྲུམས་སྨད་ལ། ཨུཏྟ་ར་བྷ་དྲ་བཱ།ཟེའུ། སྦྲུལ། འཆིངས་སོ། །ནམ་གྲུ་ལ། བསོ་བའི་ལྷ་མོ། རེ་བ་ཏི།ཤེས་པ། རྒྱས་བྱེད་དོ། །འཕྲོད་ཆེན་ནི། ཀུན་དགའ། དུས་ཀྱི་དབྱིག་པ། དུལ་བ། སྐྱེ་རྒུ། གཞོན། བྱ་རོག རྒྱལ་མཚན། དཔལ་བེའུ། རྡོ་རྗེ། ཐོ་བ། གདུགས།གྲོགས། ཡིད། འདོད་རྒྱལ། འགལ་མེ། རྩ་བཏོན། འཆི་བདག་མདའ། གྲུབ་པ།མདུང༌།བདུད་རྩི། གཏུན་ཤིང༌།གླང་པོ། རྟག་མྱོས། ཟད་པ། གཡོ་བ། བརྟན་པ།འཕེལ་བའོ།།སྦྱོར་བ་ནི།སེལ་བ།མཛའ་བོ།ཚེ་ལྡན།སྐལ་བཟང༌།བཟང་པོ།ཤིན་ཏུ་སྐྲངས་དང་རབ་སྐྲངས་རབ་སྟོང་རྣམས་དོན་གཅིག ལས་བཟང༌།འཛིན་པ། གཟེར་དང་ཟུག་རྔུ་དོན་གཅིག འབྲས།འཕེལ་བ།ངེས་པ།ཀུན་འཇོམས་དང་རྨ་ཆེན་དོན་གཅིག དགའ་བ།རྡོ་རྗེ།དངོས་གྲུབ།ཀུན་བརྡུང༌།དཔའ་བོ།ཡོངས་བསྣུན་དང་ཡོངས་འཇོམས་དོན་གཅིགཞི་བ།གྲུབ་པ།བསྒྲུབ་བྱ།དགེ་བ།དཀར་པོ།ཚངས་པ།དབང་པོ། འཁོན་འཛིན་དང་ཤ་འཁོན་དོན་གཅིག བྱེད་པ་ནི། གདབ་པ། བྱིས་པ། རིག་པ་ཅན། ཏིལ་བརྡུང༌། ཁྱིམ་སྐྱེས། ཚོང་པ། བིཥྟི་སྟེ་བདུན་ནི།ཚེས་གཅིག་གི་ཕྱི་ཆ་ནས་ཉེར་དགུའི་སྔ་ཆའི་བར་ལན་བཞི་རེ་འཁོར་བ་དང༌། ཉེར་དགུའི་ཕྱི་ཆ་ནས།ཤངྐུ་ནི། རྐང་བཞི། ཀླུ། མི་སྡུག་པ་བཞི། ཚེས་གཅིག་གི་སྔ་ཆའི་བར་ལན་རེ་འཁོར་བ་ཡིན་ནོ། །རྟེན་འབྲེལ་ནི། མ་རིག་པ། འདུ་བྱེད། རྣམ་ཤེས། མིང་གཟུགས།སྐྱེ་མཆེད། རེག་པ། ཚོར་བ།སྲེད་པ། ལེན་པ།སྲིད་པ།སྐྱེ་བ། རྒ་ཤི་རྣམས་སོ།།

    གྲངས་ནི། རི་བོང་ཅན། ཟླ་བ།གཟུགས། འོད་དཀར་ཅན། བསེ་རུ་རྣམས་གཅིག་གི་མིང༌། འཁྲིག་པ། བགྲོད་པ། ཐབས་ཤེས། མཚེ་མ། ལག་པ། མིག ཟུང་རྣམས་གཉིས་ཀྱི་མིང༌།འཇིག་རྟེན། ཚ་བ། རྩེ་མོ། མེ། ཡོན་ཏན། སྲིད་པ་རྣམས་གསུམ་གྱི་མིང༌།རྒྱ་མཚོ། ཆུ་བོ། རིག་བྱེད། བདུད། སྡེ་པ། ཆུ་གཏིར་རྣམས་བཞིའི་མིང༌།འདོད་ཡོན། ཉེར་སྦྱོང༌། དབང་པོ།མདའ། ཕུང་པོ། འབྱུང་བ་རྣམས་ལྔའི་མིང་རོ། དུས།མཚམས། བྲོ་བ། རྒྱན། བཟང་པོ་རྣམས་དྲུག་གི་མིང༌། རིན་ཆེན། ས་འཛིན།ཐུབ་པ། རི་བོ། དྲང་སྲོང༌། གཟའ། རྟ་རྣམས་བདུན་གྱི་མིང༌།བཀྲ་ཤིས།ལྷ། ཀླུ། ནོར། གདེངས་ཅན་ནོར་ལྷ། ལྟོ་འགྲོ་རྣམས་བརྒྱད་ཀྱི་མིང༌། རྩ། སྲིན་པོ། བུ་ག གཏེར་རྣམས་དགུའི་མིང༌། ཁྲོ་བོ། འབྱོར་པ། ཕྱོགས། འཇུག་པ།སྟོབས།སོར་མོ་བཅུའི་མིང༌། བདེ་བྱེད།བདེ་འབྱུང༌། དབང་ཕྱུག དྲག་པོ།བྱེད་པ་རྣམས་བཅུ་གཅིག་གི་མིང༌། ཉི་མ། རྟེན་འབྲེལ། ཁྱིམ་ནི་བཅུ་གཉིས་ཀྱི་མིང༌། འདོད་པ། ལུས་མེད། མྱོས་བྱེད། སྣ་ཚོགས། གདུགས་རིམ་བཅུ་གསུམ་གྱི་མིང༌། སྲིད། ཡིད། མ་ནུ།ཤེད་བུ་བཅུ་བཞིའི་མིང༌། ཚེས། ཉིན་ཞག་བཅོ་ལྔའི་མིང༌། མི་བདག རྒྱལ་པོ། ཆ་ཤས།བཅུ་དྲུག་གི་མིང།ཉེས་པ། སྐྱོན།ཁམས་བཅོ་བརྒྱད་ཀྱི་མིང༌། རྒྱལ་བ།ཡུལ་ནི་ཉེར་བཞིའི་མིང༌། དེ་ཉིད་ཉི་ཤུ་རྩ་ལྔའི་མིང༌། འཁོར་ལོ། སྐར་མ་ཉེར་བདུན་མིང༌། སོ། གཉིས་སྐྱེས་སུམ་ཅུ་རྩ་གཉིས་མིང༌། སྟོང་པ། ནམ་མཁའ་ཐིག་གི་མིང༌། གཅིག་བཅུ་སོགས་གྲངས་ཀྱི་གནས་རྣམས་ནི་མངོན་པའི་སྐབས་དང་འདྲའོ།། འབྲི་བགྲང་གཡས་ནས་བརྩམ།བསྒྱུར་བགོད་གཡོན། སྒྱུར་བྱེད་ཀྱི་ཐིག་གྲལ་མཐར་བཀོད། སྟོང་པས་བསྒྱུར་དུས་བསྒྱུར་བྱ་དབྱི། བགོ་བྱེད་ཐིག་ལེས་འོག་མཐའ་བཀག བསྒྱུར་བའི་དོན་གང་བསྒྱུར་གྲངས་སུ་སྤེལ་བ་ཡིན། བགོ་བྱེད་ནི་གྲངས་སུ་བསྡུད་པ། གཟའ་དང་བྱེད་པའི་འཁོར་ལོ་བདུན། སྐར་སྦྱོར་གཉིས་ནི་ཉེར་བདུན། ཆུ་ཚོད་ཆུ་སྲང་གཉིས་ནི་དྲུག་ཅུ། དབུགས་དྲུག ཆ་ཤས་ངེས་པ་མེད། བསྲེ་བ། སྟེར་པ།ཕུལ་བ། སྦྱིན་པ། འབུལ་བ། བསྣན་པ། བསྣོན་པ། ནོར་དུ་འགྱུར་བ། ལྡན་པ་རྣམས་དོནགཅིག འཕྲི་བ། སྦྱང་བ། འཕྲོག་པ། ཞུ་བ། འཕྲལ་བ། དོར་བ།འབྲིད་པ། དམན་པ། བུ་ལོན་འགྱུར་བ། དབེན་པ་རྣམས་ནི་དོན་གཅིག བསྒྱུར་བ། བསྣུན་པ།སྤེལ་བ། བསྒྲེས་པ། གསིལ་བ་རྣམས་དོན་གཅིག བགོ་བ། ཕྱེ་བ། གསལ་བ། བཅད་པ་རྣམས་དོན་གཅིག ཕྱིས་པ། དབྱི་བ། བསུབས་པ་རྣམས་དོན་གཅིག རྙེད་པ། ཐོབ་པ། ནོར་གསུམ་དོན་གཅིག་གོ། །དེ་ཡང་གཟའ་རྣམས་མྱུར་འགྲོས་ཤར། དལ་འགྲོས་ལྷོ། འཁྱོག་འགྲོས་ནུབ། འབྱུང་འགྲོས་བྱང་དུ་བྱེད། དེ་ལྟར་སྐར་རྩིས་སུ་གྲགས་པ་རྣམས་སྟོན་པའི་མདོ་རྒྱུད་ནི། རྒྱལ་བས་གསུངས་པའི་དུས་འཁོར་རྩ་རྒྱུད། མཁའ་འགྲོ་བདེ་མཆོག མིག་བཅུ་གཉིས་པའི་མདོ།སྟག་རྣའི་རྟོག་བརྗོད་ལ་སོགས་པ་རྣམས་སོ། །དེ་དག་ནི་བཟོ་རིག་པའི་གཞུང་ལས་འབྱུང་བའི་མིང་གི་རྣམ་གྲངས་ཆེ་ལོང་ཙམ་མདོར་བསྡུས་པའོ།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག