མདུན་ཤོག- རིག་གནས་འཚོ་བ།- གསུང་འབུམ།

གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་སྔགས་ཀྱི་ཐེག་པ།

རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།    2014-01-26 11:04

   ༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་སྔགས་ཀྱི་ཐེག་པའི་སྐོར།

   གཉིས་པ་གསང༌སྔགས་ཀྱི་ཐེག་པའི་གཞུང་ནས་འབྱུང་བའི་མིང་གི་རྣམ་གྲངས་ལ། སྤྱིར་བཅོམ་ལྡན་འདས་ཀྱིས་གདུལ་བྱ་དམན་པ་ལ་མོས་པ་རྣམས་ལ་ཆགས་བྲལ་གྱི་སྤྱོད་པ། རྒྱ་ཆེན་པོ་ལ་མོས་པ་རྣམས་ལ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ།ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ་འདོད་ཆགས་ཀྱི་སྤྱོད་པ་བསྟན་ནས་འདུལ་བར་མཛད་པ་ལས།དང་པོ་ནི་ཐེག་པ་དམན་པ་དང༌། གཉིས་པ་ནི་ཕ་རོལ་ཕྱིན་པའི་ཐེག་པ་དང༌།གསུམ་པ་ནི་གསང་སྔགས་ཀྱི་ཐེག་པའི་ཚུལ་ལོ། །

    དེས་ན་ཐེག་པ་ཐམས་ཅད་ཀྱི་མཆོག་ནི་གསང་སྔགས་ཀྱི་ཐེག་པ་སྟེ། འདིའི་མིང་གི་རྣམ་གྲངས་ནི།གསང་སྔགས་ཀྱི་ཐེག་པ།འབྲས་བུའི་ཐེག་པ།རྡོ་རྗེའི་ཐེག་པ། ཐབས་ཀྱི་ཐེག་པ།རིག་པ་འཛིན་པའི་ཐེག་པ་རྣམས་སོ།།

    མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་ཆོས་བཞིས་ཁྱད་པར་དུ་འཕགས་པ་སྟེ།མ་རྨོངས་པའི་ཁྱད་པར།ཐབས་མང་བའི་ཁྱད་པར།དཀའ་བ་མེད་པའི་ཁྱད་པར།གདུལ་བྱ་དབང་པོ་ཤིན་ཏུ་རྣོ་བའི་དབང་དུ་བྱས་པའི་ཁྱད་པར་ཏེ་བཞིའོ།།

    དབྱེ་བ་ནི་བྱ་བའི་རྒྱུད།སྤྱོད་པའི་རྒྱུད།རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་བཞི།དེ་ཡང་ལམ་གྱི་གདུལ་བྱ་ལ།རྒོད་པ།ལྟ་བ།ལག་བཅངས། གཉིས་གཉིས་འཁྱུད་པ་སྟེ་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་ཚུལ་མི་འདྲ་བ་བཞི་དང༌། ལམ་སྒོམ་པའི་ནུས་པ་དམན་ཆོག་མི་འདྲ་བ་བཞི་ཡོད་པའི་སྒོ་ནས་ཕྱེ་བའོ། །ཕྱི་མ་བཞི་ནི།སྟོང་པ་དང་ལྷའི་རྣལ་འབྱོར་མངོན་དུ་བྱེད་པ་ལ་ཕྱིའི་བྱ་བ་ཤིན་ཏུ་མང་པོ་ལ་ལྟོས་པ་དང༌།བྱ་བ་ཧ་ཅང་མི་མང་བར་ཕྱིའི་བྱ་བ་དང་ནང་གི་ཏིང་འཛིན་གཉིས་ཆ་མཉམ་པ་ལ་ལྟོས་པ་དང༌།ཕྱིའི་བྱ་བ་དང་ནང་གི་ཏིང་འཛིན་གཉིས་ལས་ཏིང་འཛིན་གཙོ་བོར་གྱུར་པ་ལ་ལྟོས་དགོས་དང༌། ཕྱིའི་བྱ་བ་ལ་མི་ལྟོས་པར་གོང་ན་མེད་པའི་རྣལ་འབྱོར་སྐྱེད་ནུས་པ་སྟེ་བཞིའོ། །དེ་ལ་བཞི་ལས།དང་པོ་བྱ་བའི་རྒྱུད་ལ།དེ་བཞིན་གཤེགས་པའི་རིགས།པདྨའི་རིགས།རྡོ་རྗེའི་རིགས་ཏེ།འཇིག་རྟེན་ལས་འདས་པའི་རིགས་གསུམ།ནོར་ཅན་གྱི་རིགས།ལྔས་རྩེན་གྱི་རིགས།འཇིག་རྟེན་པའི་རིགས་ཏེ་མ་འདས་པའི་རིགས་གསུམ་རྣམས་བསྡོམས་པས་དྲུག་གོ།།དེ་བཞིན་གཤེགས་པའི་རིགས་ལ་སྡེ་ཚན་བརྒྱད་དེ།རིགས་ཀྱི་གཙོ་བོ།རིགས་ཀྱི་བདག་པོ།རིགས་ཀྱི་ཡུམ།རིགས་ཀྱི་གཙུག་ཏོར།རིགས་ཀྱི་ཁྲོ་བོ་ཁྲོ་མོ།རིགས་ཀྱི་ཕོ་ཉ་ཕོ་མོ།རང་རིགས་སུ་གཏོགས་པའི་བྱང་སེམས།རང་རིགས་སུ་གཏོགས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་སོགས་ཀྱི་སྡེ་ཚན་ནོ། །དེ་བཞིན་དུ་པདྨ་དང་རྡོ་རྗེའི་རིགས་ལ་ཡང་སྡེ་ཚན་བརྒྱད་རེ་ཡོད་དོ།།བྱ་བ་སྤྱིའི་རྒྱུད་བཞི་ནི།གསང་བ་སྤྱི་རྒྱུད།ལེགས་པར་གྲུབ་པ།དཔུང་བཟང་གིས་ཞུས་པ།བསམ་གཏན་ཕྱི་མ་རྣམས་སོ། ། བསམ་གཏན་ཕྱི་མས་བྱ་རྒྱུད་ཀྱི་དོན་ཐམས་ཅད་རྣམ་གྲངས་བཅུར་བསྡུས་པ་ནི།གང་དུ་བསྒྲུབ་པ་གནས་ཀྱི་མཚན་ཉིད།བདག་གི་དེ་ཁོ་ན་ཉིད།རིག་སྔགས་ཀྱི་དེ་ཁོ་ན་ཉིད།ལྷའི་དེ་ཁོ་ན་ཉིད། མེ་ལ་གནས་པའི་བསམ་གཏན།སྒྲ་ལ་གནས་པའི་བསམ་གཏན།སྒྲ་མཐར་ཐར་པ་སྟེར་བའི་བསམ་གཏན། རིག་སྔགས་བསྒྲུབ་པ་ལ་འཇུག་པའི་ཆོ་ག སྦྱིན་སྲེག་གི་ཆོ་གདབང་བསྐུར་གྱི་ཆོ་ག་སྟེ་བཅུའོ། །འདིའི་དབང་ལ་མེ་ཏོག་ཕྲེང་བ། ཆུ། ཅོད་པཎ། རྡོ་རྗེ། དྲིལ་བུ། མིང་གི་དབང་སྟེ་དྲུག་གོ། །མཐའ་བརྟོན་དུ་ལུང་བསྟན།དབུགས་དབྱུང༌། རྗེས་གནང་གསུམ་བཏགས་ཀྱང་རུང་བར་བཤད་དོ། །སྡོམ་པ་ནི་ཐུན་མོང་བ་བྱང་སེམས་ཀྱི་སྡོམ་པ་ཙམ་མོ། །དམ་ཚིག་ནི་ལེགས་གྲུབ་ཀྱི་རྒྱུད་ལས་མང་དུ་བཤད་དོ།།ལམ་གྱི་རིམ་པ་ལ་བཟླས་བརྗོད་ལ་ལྟོས་པའི་བསམ་གཏན་ནི། སྦྱོར་བ་ལ། རིགས་སྤྱིའི་སྔགས་རྒྱ་བཅང་བ།རྒྱལ་བ་སྲས་བཅས་ལ་ཕྱག་འཚལ་ཞིང་བདག་ཉིད་དབུལ་བ། སྐྱབས་སུ་འགྲོ་ཞིང་སེམས་སྐྱེད་པ།སྔགས་དང་ཕྱག་རྒྱས་བསྲུང་བ། གནས་ཁང་གི་ཕྱི་རོལ་དུ་ཕྱིན་ཏེ་ཁྲུས་བྱ་བ།ནང་དུ་འོང་ནས་ཆས་སུ་ཞུགས་ཏེ་སྟན་ལ་འཁོད་པ།མཆོད་པ་བྱིན་གྱིས་རླབས་པ།བདག་དང་གནས་བསྲུང་བ་སྟེ་བདུན་ནོ།།དངོས་གཞི་ལ་བདག་བསྐྱེད་བསྒོམ་པ་ནི།ལྷ་དྲུག་གི་སྐྱེད་ཆོག་བྱ་བ་སྟེ། དེ་ཁོ་ན་ཉིད་ཀྱི་ལྷ།སྒྲའི་ལྷ།ཡི་གེའི་ལྷ།གཟུགས་ཀྱི་ལྷ།ཕྱག་རྒྱའི་ལྷ།མཚན་མའི་ལྷ་སྟེ་དྲུག་གི་སྒོ་ནས་རྣལ་འབྱོར་བསྒོམ་པའོ།།ཡེ་ཤེས་པ་བསྟིམ་པ། དབང་བསྐུར་བ། རིགས་བདག་གིས་རྒྱས་འདེབས་རྣམས་ཀྱང་བྱར་རུང་ངོ༌།།མདུན་བསྐྱེད་བསྒྲུབས་ནས་མཆོད་པ་སོགས་བྱ་བ་ལ།རྟེན་བསྐྱེད་པ། བརྟེན་པ་ལྷ་སྤྱན་དྲངས་ཏེ་བཞུགས་སུ་གསོལ་བ།ཕྱག་རྒྱ་བསྟན་པ། མཆོད་བསྟོད་བྱ་བ།བཤགས་སོགས་བྱ་བ།ཚད་མེད་བཞི་བསྒོམ་པ་སོགས་བྱ་བ་སྟེ་དྲུག་གོ།།

    བཟླས་བརྗོད་དངོས་ལ་ཡན་ལག་བཞི་ནི། བདག་གི་གཞི། གཞན་གྱི་གཞི། སེམས་ལ་གཞོལ་བའི་ཡན་ལག སྒྲ་ལ་གཞོལ་བའི་ཡན་ལག་གོ། །བཟླས་པ་བྱ་ཚུལ་ལ་ཡི་གེའི་གཟུགས་ལ་དམིགས་པའི་བཟླས་བརྗོད་དང༌།སྒྲ་ལ་དམིགས་པའི་བཟླས་བརྗོད་གཉིས་སོ། །དེའི་སྔ་མ་ལའང་མདུན་གྱི་ཐུགས་ཁའི་ཡི་གེའི་གཟུགས་ལ་དམིགས་པ་དང༌།རང་གི་སྙིང་ཁའི་ཡི་གེའི་གཟུགས་ལ་དམིགས་པ་གཉིས་ཡོད་དོ། །བསྙེན་པ་ལ་མཚན་མ། དུས། གྲངས་ཀྱི་བསྙེན་པ་གསུམ་མོ། །བཟླས་བརྗོད་ལ་མི་ལྟོས་པའི་བསམ་གཏན་ལ་གསུམ།མེ་ལ་གནས་པའི་བསམ་གཏན།སྒྲ་ལ་གནས་པའི་བསམ་གཏན། སྒྲ་མཐར་ཐར་པ་སྟེར་བའི་བསམ་གཏན་ནོ། ། སྤྱིར་བྱ་སྤྱོད་ཀྱི་ལམ་ནོམས། སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པ། གསུང་སྔགས་བསྒོམ་པ། ཐུགས་དེ་ཁོ་ན་ཉིད་བསྒོམ་པ་གསུམ་དུ་འདུའོ།།

    བསྙེན་པ་མཐར་ཕྱིན་ནས་དངོས་གྲུབ་བསྒྲུབ་པའི་ཚུལ་ལ། རིགས་གསུམ་རེ་རེ་ལ་ཡང་དངོས་གྲུབ་རབ་འབྲིང་ཐ་མ་གསུམ་གསུམ་དང༌། ཞི་བ། རྒྱས་པ། དྲག་པོ་གསུམ་གསུམ་མོ། །ཡང་ངོ་བོའི་སྒོ་ནས་རབ་འབྲིང་ཐ་མ་གསུམ། རྟགས་ཀྱི་སྒོ་ནས་མེ། དུ་བ། དྲོད་གསུམ། གཞིའི་སྒོ་ནས་ལུས། རྫས། ལོངས་སྤྱོད་ཀྱི་དངོས་གྲུབ་གསུམ། གསུང་བ་པོའི་སྒོ་ནས་འཕགས་པ། ལྷ། ས་བླའི་སྔགས་གསུམ་རྣམས་སོ།།

    གཉིས་པ་སྤྱོད་པའི་རྒྱུད་ལ། རྒྱུད་འདིའི་གཙོ་བོ་ནི་རྣམ་སྣང་མངོན་བྱང་གི་རྒྱུད་ཡིན་ལ།གསུང་བ་པོ་ནི།ལོངས་སྐུ་རྣམ་སྣང་གངས་ཆེན་མཚོའོ། །གསུང་བའི་གནས་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་ཀྱི་འོག་མིན་སྡུག་པོ་བཀོད་པ་ཞེས་བྱ་བའོ། །འདི་ལ་དབང་བསྐུར་བའི་ཚུལ་དང༌།དམ་ཚིག་དང་སྡོམ་པ་དག་པར་བྱ་ཚུལ་ནི་བྱ་རྒྱུད་དང་འདྲའོ། །ལམ་གྱི་རིམ་པ་ལ།མཚན་བཅས་དང༌།མཚན་མེད་གཉིས།སྔ་མ་ལ་ཕྱིའི་ཡན་ལག་བཞིའི་བཟླས་བརྗོད་དང༌། ནང་གི་ཡན་ལག་བཞིའི་བཟླས་བརྗོད་དེ་གཉིས། དེ་རེ་རེ་ལ་ཡང་བདག་གི་གཞི། གཞན་གྱི་གཞི།སེམས་ལ་གཞོལ་བའི་གཞི། སྒྲ་ལ་གཞོལ་བའི་གཞི་སྟེ་བཞི་རེ་ཡོད་དོ། །མཚན་མ་མེད་པའི་རྣལ་འབྱོར་ནི། སྟོང་ཉིད་བསྒོམ་པའོ། །གཞན་རྣམས་ཕལ་ཆེར་སྔ་མ་དང་འདྲ་བར་སྦྱར་རོ། །

    གསུམ་པ་རྣལ་འབྱོར་རྒྱུད་ལ།རྩ་རྒྱུད།བཤད་རྒྱུད།ཆ་མཐུན་གྱི་རྒྱུད་དེ་གསུམ།རྩ་བའི་རྒྱུད་ནི་དེ་ཉིད་བསྡུས་པའོ། །དེ་ལ་དུམ་བུ་བཞི་སྟེ།རྡོར་དབྱིངས་ཀྱི་དུམ་བུ། ཁམས་གསུམ་རྣམ་རྒྱལ་གྱི་དུམ་བུ། འགྲོ་འདུལ་གྱི་དུམ་བུ། དོན་གྲུབ་ཀྱི་དུམ་བུ་སྟེ་བཞི། དེ་ལས་བཤད་པའི་རིགས་ལྔ་ནི། དེ་བཞིན་གཤེགས་པ། རྡོ་རྗེ། རིན་པོ་ཆེ། པདྨ།ལས་ཀྱི་རིགས་སོ།རྩ་རྒྱུད་དུ་ལས་ཀྱི་རིགས་རིན་པོ་ཆེའི་རིགས་སུ་བསྡུས་ཏེ་བཞིར་བཤད་དོ། །རིགས་བཞི་ནི་རིམ་པ་བཞིན་ངོ་བོ་ཉིད། རྣམ་པར་སྨིན་པ།ལོངས་སྤྱོད་རྫོགས་པ།སྤྲུལ་པའི་སྐུ་སྟེ་བཞི།མེ་ལོང་ལྟ་བུ།མཉམ་པ་ཉིད།སོ་སོར་རྟོགས་པ།བྱ་བ་སྒྲུབ་པའི་ཡེ་ཤེས་ཏེ་བཞི། བྱང་ཆུབ་ཀྱི་སེམས།སྦྱིན་པའི་ཕར་ཕྱིན།ཤེས་རབ་ཀྱི་ཕར་ཕྱིན། བརྩོན་འགྲུས་ཀྱི་ཕར་ཕྱིན་ཏེ་བཞི་རྣམས་སུ་བཤད་དོ། །ཡང་དུམ་བུ་བཞི་པོ་རེ་རེ་ལས་གདུལ་བྱ་གསུམ་གྱི་ངོར་ཏིང་འཛིན་གསུམ་རྒྱས་འབྲིང་བསྡུས་པ་གསུམ་ཚན་བཞི་གསུངས་ལ།དུམ་བུ་སོ་སོ་ནས་དཀྱིལ་འཁོར་ཆེན་པོ། གཟུངས་ཀྱི་དཀྱིལ་འཁོར། ཆོས་ཀྱི་དཀྱིལ་འཁོར།ལས་ཀྱི་དཀྱིལ་འཁོར་ཏེ་བཞི་རེ་བཤད་ལ། ཕྱག་རྒྱ་བཞི་ནི།ཕྱག་རྒྱ་ཆེན་པོ།དམ་ཚིག་གི་ཕྱག་རྒྱ།ཆོས་ཀྱི་ཕྱག་རྒྱ།ལས་ཀྱི་ཕྱག་རྒྱ་སྟེ་བཞིའོ། །འདི་བཞིས་སྦྱང་གཞི་ཐ་མལ་པའི་ལུས། ངག ཡིད། བྱ་བ་རྣམས་སྦྱོང༌། འབྲས་བུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་འཕྲིན་ལས་རྣམས་འགྲུབ་བོ། །དེ་ལྟར་ན་སྦྱང་བྱ་གཞིའི་ཕྱག་རྒྱ། སྦྱོང་བྱེད་ལམ་གྱི་ཕྱག་རྒྱ།སྦྱངས་པ་འབྲས་བུའི་ཕྱག་རྒྱ་སྟེ་གསུམ་མོ། །ཡང་མཚོན་བྱ་དོན་དང༌།མཚོན་བྱེད་ཀྱི་ཕྱག་རྒྱ་གཉིས། ཕྱི་མ་ལ་མཚོན་བྱེད་ཕྱི་དང་།མཚོན་བྱེད་ནང་གི་ཕྱག་རྒྱ་གཉིས་སུ་ཡོད་དོ། །ཏིང་འཛིན་གསུམ་ནི། དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག ལས་རྒྱལ་མཆོག་གི་ཏིང་འཛིན་གསུམ་མོ། །རྒྱུད་འདིར་དབང་བསྐུར་བ་ལ༑དཀྱིལ་འཁོར་དུ་འཇུག་པ་ཙམ་བྱེད་པ།སློབ་མའི་དབརྫ་ཙམ་བསྐུར་བ། རྡོ་རྗེ་སློབ་དཔོན་གྱི་དབང་མན་ཆད་རྫོགས་པར་བསྐུར་བ་སྟེ་གསུམ།ཕྱི་མ་ལྟར་བྱེད་ན་རིགས་ལྔའི་དམ་ཚིག་བསྲུང་བ་དང༌།རྩ་ལྟུང་ལ་འཛེམ་པ་རྣམས་བླ་མེད་སྐབས་དང་འདྲ།ལམ་སྒོམ་པ་ལ། མཚན་བཅས།མཚན་མེད་གཉིས།དང་པོ་ལ་ཐུན་བཞིའི་རྣལ་འབྱོར་རགས་ཕྲ་གཉིས། རགས་པ་ལ་གཉིས་ལས་སློབ་མའི་དབང་ཙམ་ཞིག་ཐོབ་པས་ནི། བདག་བསྲུང་བ་དང་ཆུས་ཁྲུས་བྱ་བ། ཁྲོ་བོའི་རྣལ་འབྱོར་པ་བསྲུང་འཁོར་བྱ་བ།ཚོགས་རྟེན་གྱི་སྤྱན་སྔར་ཕྱག་དང་སྐྱབས་སུ་འགྲོ་བ་སོགས་བྱ་བ། རྡོ་རྗེ་ཐལ་མོ་ནས་ཡེ་ཤེས་དབབ་པའི་བར་བྱ་བ།རང་ཆོ་ག་ལྔས་ལྷར་བསྐྱེད་ནས་ཡེ་ཤེས་པ་བཅུག་སྟེ་ཕྱག་རྒྱ་བཞིས་རྒྱས་གདབ་བྱ་བ། བཟླས་པ་བྱ་བ་སྟེ་དྲུག་ཏུ་བཤད་ལ་ལུགས་གཞན་ཡང་ཡོད་དོ། །འདི་ནི་རྣལ་འབྱོར་གཅིག་ལྡན་ཁོ་ནའོ།། སློབ་དཔོན་གྱི་དབང་ཐོབ་པས་ནི་སློབ་མ་ལ་དབང་བསྐུར་ན། བདག་རྫོགས་རྣལ་འབྱོར་ཆེན་པོ་དང་བཅས་པའི་ཏིང་ངེ་འཛིན་གསུམ་ཕྲི་བ་མེད་པར་བསྒོམས་པའི་བསྙེན་པ་རྒྱས་པ། དཀྱིལ་འཁོར་རྒྱལ་མཆོག་གི་སྐྱེད་ཆོག་སོགས་བསྡུས་པའི་བསྙེན་པ་འབྲིང༌། རྣལ་འབྱོར་ཆེན་པོ་ལྷ་རེ་རེའི་བཟླས་བརྗོད་འབུམ་དང་བཅས་པའི་བསྙེན་པ་བསྡུས་པ་གསུམ་གང་རུང་ངོ༌།།རང་གི་ལྷ་བསྒྲུབ་པ་ལ་ཏིང་ངེ་འཛིན་རྣལ་འབྱོར་ཆེན་པོ་དང་བཅས་པ་བསྒོམ་པའོ།།ཕྲ་མོ་ལ་དམིགས་པ་ལ།སེམས་བརྟན་པར་བྱ་བ་དང༌། བརྟན་པ་ཐོབ་ནས་སྤྲོ་བསྡུ་སོགས་བྱ་བ་གཉིས་སོ། །མཚན་མེད་ནི། དེ་ཁོ་ན་ཉིད་ཀྱི་དོན་སྤྲོས་བྲལ་དམིགས་པའི་ལྷག་མཐོང་བསྒོམ་ཚུལ་ཏེ། རིགས་བཞིས་སྒོམ་ཚུལ་མི་འདྲ་བ་བཞི་ཡོད་དོ།།

    དངོས་གྲུབ་བསྒྲུབ་པའི་ཚུལ་ལ།བསམ་གཏན་གྱིས་དངོས་གྲུབ་བསྒྲུབ་པ། བཟླས་བརྗོད་ཀྱིས་དངོས་གྲུབ་བསྒྲུབ་པ།སྦྱིན་སྲེག་གིས་དངོས་གྲུབ་བསྒྲུབ་པ་སྟེ་གསུམ་མོ།།

    བཞི་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ།ཕ་རྒྱུད།མ་རྒྱུད་གཉིས།རྣལ་འབྱོར་གྱི་རྒྱུད།ཐབས་ཀྱི་རྒྱུད།མཁའ་འགྲོ་ཕའི་རྒྱུད་རྣམས་དོན་གཅིག ། རྣལ་འབྱོར་མའི་རྒྱུད། ཤེས་རབ་ཀྱི་རྒྱུད། མཁའ་འགྲོ་མའི་རྒྱུད་རྣམས་དོན་གཅིག དེ་རེ་རེ་ལའང་བརྗོད་བྱེད་ཚིག་གི་རྒྱད། བརྗོད་བྱ་དོན་གྱི་རྒྱུ་གཉིས་གཉིས་ཡོད།སྔ་མ་ལ་རྩ་རྒྱུད།བཤད་རྒྱུད།རྒྱུད་ཕྱི་མ། ཆ་མཐུན་གྱི་རྒྱུད་གསུམ། ཕྱི་མ་ལ་རྒྱུའི་རྒྱུད། ཐབས་ཀྱི་རྒྱུད། འབྲས་བུའི་རྒྱུད་གསུམ། དེ་གསུམ་ལ་གཞིའི་རྒྱུད་དང༌། ལམ་གྱི་རྒྱུད། མི་འཕྲོགས་པའི་རྒྱུད་ཞེས་ཀྱང་བཤད་དོ། ཐབས་ཀྱི་རྒྱུད་ལའང་མ་སྨིན་པ་སྨིན་པར་བྱེད་པ་དབང་གི་རྒྱུད། སྨིན་པ་མི་ཉམས་པར་བྱེད་པ་དམ་ཚིག་དང་སྡོམ་པའི་རྒྱུད།ཉམས་སུ་བླང་བྱའི་ངོ་བོ་བསྐྱེད་རྫོགས་ཀྱི་རྒྱུད།ཉེ་རྒྱུ་སྤྱོད་པའི་རྒྱུད་དང་བཞི་ཡོད།རྒྱུད་བཤད་ཐབས་ཀྱི་རྒྱན་བདུན་ནི།དང་པོ་གླེང་བསླང་བའི་རྒྱན་ལ།མཚན་གྱི་ཁྱད་པར།ཆེད་དུ་བྱ་བའི་གདུལ་བྱའི་ཁྱད་པར།མཛད་པ་པོའི་ཁྱད་པར།ཚིག་དོན་གྱི་ཚད་ཀྱི་ཁྱད་པར།དགོས་པའི་ཁྱད་པར་ཏེ་ལྔ།གཉིས་པ་འཚང་རྒྱ་ཚུལ་གྱི་རྒྱན་ལ།རྒྱུད། གླེང་གཞི། ངེས་ཚིགརྒྱུ་དང་བཞི།གསུམ་པ་མཐའ་དྲུག་གི་རྒྱན་ལ། དྲང་དོན། ངེས་དོན། དགོངས་པས་བཤད་པ། དགོངས་པ་མ་ཡིན་པས་བཤད་པ།སྒྲ་ཇི་བཞིན་པ་ཡིན་པ། སྒྲ་ཇི་བཞིན་པ་མ་ཡིན་སྟེ་དྲུག བཞི་པ་ཚུལ་བཞིའི་རྒྱན་ལ།ཡིག་དོན། སྤྱི་དོན། སྦས་དོན། མཐར་ཐུག་གི་དོན་ཏེ་བཞི། ལྔ་པ་འཆད་ཚུལ་གྱི་རྒྱན་ལ། ཚོགས་བཤད། སློབ་བཤད་གཉིས། དྲུག་པ་ཉན་པ་པོའི་རྒྱན་ལ། ཨུཏྤལ། པད་དཀར། པདྨ། ཙན་དན། རིན་པོ་ཆེ་ལྟ་བུའི་གང་ཟག་སྟེ་ལྔ།བདུན་པ་བདེན་གཉིས་ངེས་པའི་རྒྱན་ལ། ཀུན་རྫོབ་བདེན་པ་ངེས་པའི་རྒྱན་དང་། དོན་དམ་བདེན་པ་ངེས་པའི་རྒྱན་གཉིས་ཏེ་སོ་སོར་ཕྱེ་ན་ཉི་ཤུ་རྩ་བརྒྱད་དོ། །རྒྱུད་ཀྱི་གྲངས་ནི། ཕ་རྒྱུད་བྱེ་བ་ཕྲག་དྲུག མ་རྒྱུད་བྱེ་བ་ཕྲག་བཅུ་དྲུག་གོ། །བླ་མེད་ཀྱི་རྒྱུད་ཐམས་ཅད་ཀྱིས་བདེ་སྟོང་གཉིས་སུ་མེད་པ་བརྗོད་བྱའི་གཙོ་བོར་བྱེད་པས་གཉིས་མེད་ཀྱི་རྒྱུད་ཞེས་ཀྱང་ཟེར་རོ། །ལམ་བསྒོམ་པའི་སྣོད་རུང་དུ་བྱ་བ་ལ་དབང་བསྐུར་བའི་དཔོན་སློབ་ཕན་ཚུན་བརྟག་པ། སློབ་མས་གསོལ་བ་གདབ་བ། སློབ་དཔོན་གྱིས་བསྲུང་བ་བྱ་བ། དབང་བསྐུར་བའི་སྔོན་དུ་བསྙེན་པ་བྱ་བ། བསྙེན་པ་ལས་སུ་རུང་ནས་དབང་བསྐུར་བྱ་བ་སྟེ་ལྔ། བསྙེན་པ་ལ་མཚན་མའི་བསྙེན་པ། གྲངས་ཀྱི་བསྙེན་པ། དུས་ཀྱི་བསྙེན་པ་གསུམ་ལས།འདིར་ནི་ལྷས་གནང་བའི་མཚན་མ་བྱུང་བའམ་གྲངས་རྫོགས་པ་གང་རུང་ངོ། དབང་བསྐུར་བ་ལ་སའི་ཆོ་ག སྟ་གོན་གྱི་ཆོ་ག དངོས་གཞིའི་ཆོ་ག་སྟེ་གསུམ། ས་ཆོག་ལ། ས་བརྟག་པ། ས་བསླང་བ། ས་སྦྱང་བ། ས་གཟུང་བ། བསྲུང་ཞིང་བྱིན་གྱིས་བརླབ་པ་སྟེ་ལྔ།ས་སྦྱང་བ་ལ། བརྐོས་ནས་སྦྱང་བ། རྫས་སྔགས་ཏིང་འཛིན་གསུམ་གྱིས་སྦྱང་བ། བླ་ན་མེད་པའི་དག་པས་སྦྱང་བ་སྟེ་གསུམ།རྐོ་བ་ལ། ཟུག་རྔུ་དག་པའི་ཆེད་དུ་རྐོ་བ། ལྟོ་འཕྱེ་བརྟག་ནས་བརྐོ་བ་སྟེ་གཉིས། ས་གཟུང་བ་ལ། ལྷའི་རྣལ་འབྱོར་གྱིས་གསོལ་བ་བཏབ་ཅིང་དཀྱིལ་འཁོར་གདེགས་པ། བསླང་སྟེ་བགེགས་ལ་བཀའ་བསྒོ་བ། སྟངས་སྟབས་བྱ་བ་གསུམ། སྟངས་སྟབས་ལ་རྡོ་རྗེ་རྩེ་གཅིག་པ།རྩེ་གསུམ་པ། རྩེ་ལྔ་པ། སྣ་ཚོགས་རྡོ་རྗེའི་རྐང་སྟབས། གཡས་བརྐྱང༌། གཡོན་བརྐྱང༌། ས་ག ཟླུམ་པོ། མཉམ་པའི་སྟངས་སྟབས་རྣམས་སོ། །བསྲུང་ཞིང་བྱིན་གྱིས་བརླབ་པ་ལ། ལྷར་བསྐྱེད་ནས་གེགས་དགུག་པ། གེགས་ལ་ཕུར་བུས་གདབ་པ་གཉིས་སོ། །སྟ་གོན་གྱི་ཆོ་ག་ལ། ས་ཡི་ལྷ་མོ་སྟ་གོན། དཀྱིལ་འཁོར་གྱི་ལྷ་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་བཞི།ལྷ་སྟ་གོན་ལ། ཐིག་གདབ་པ་དང༌། ལྷ་སྟ་གོན་བྱ་བ་དངོས་གཉིས་སོ། །འདིའི་ཐིག་ལ། ལས་ཀྱི་ཐིག་དང༌། ཡེ་ཤེས་ཀྱི་ཐིག་གཉིས། ཐིག་སྐུད་རིང་པོའི་ཕྱོགས་དང༌། ཐུང་ངུའི་ཕྱོགས་གཉིས་རྣམས་སོ། །བུམ་པ་སྟ་གོན་ལ། རྣམ་རྒྱལ་བུམ་པ། ལས་ཀྱི་བུམ་པ་གཉིས་དང༌། རྣམ་རྒྱལ་ལ་ཡང་དུས་འཁོར་ལུགས་ཀྱི་དབང་བུམ་དང༌། རྒྱུད་གཞན་གྱི་ལུགས་གཉིས་དང༌།གྲངས་ནི་ལྷ་གྲངས་དང༌། ལྔ་དང༌། གཅིག་སོགས་སུ་བཤད་དོ། །སློབ་མ་སྟ་གོན་ལ་ལྷ་ལ་གསོལ་བ་གདབ་བ། སྒོའི་སློབ་དཔོན་དང་ལས་ཀྱི་རྡོ་རྗེར་ལྷག་གནས་བྱ་བ། སློབ་མ་ལྷག་གནས་བྱ་བ།དཀྱིལ་འཁོར་བཏེག་ཅིང་རྨི་ལྟས་ངན་ན་བཟློག་ཐབས་བྱ་བ་སྟེ་བཞི། སློབ་མ་ལྷག་གནས་དངོས་ལ་ལྔ།ཀུན་སློང་བཅོས་ཤིང་ནང་དབང་བསྐུར་བ།གསོལ་བ་གདབ་ཅིང་འཛིན་དུ་གཞུག་པ། སྡོམ་པ་གཟུང་ཞིང་བྱེན་གྱིས་བརླབ་པ། སོ་ཤིང་དོར་ཞིང་ཁྱོར་ཆུ་སོགས་གསུམ་སྦྱིན་པ། སྤྲོ་བ་བསྐྱེད་ཅིང་བསྲུངས་ཏེ་རྨི་ལམ་བརྟག་པར་གདམས་པའོ། །ཁྱོར་ཆུ། ཀུ་ཤ། དཔུང་སྐུང་ངོ༌། ། རྨི་ལམ་ངན་པ་བཟློག་ཐབས་ནི། གཏོར་མ། བསྲུང་འཁོར། བཟླས་པ། གོ་ཆའི་ལྷ་དགོང་བ། གསོལ་བ་གདབ་པ། རྒྱན་དྲུག་བགོས་ནས་ལྷའི་ང་རྒྱལ་བྱ་བ། སྦྱིན་སྲེག་སྟེ་བདུན་ནོ།།

    དངོས་གཞིའི་ཆོ་ག་ལ། ཡེ་ཐིག་གདབ་ཅིང་ཚོན་དགྱེ་བ། བུམ་པ་དགོད་ཅིང་དཀྱིལ་འཁོར་བརྒྱན་པ། བསྒྲུབས་ཤིང་མཆོད་ནས་དབང་བསྐུར་བ་སྟེ་གསུམ། ཕྱི་མ་ལ་དཀྱིལ་འཁོར་བསྒྲུབ་པ།དཀྱིལ་འཁོར་མཆོད་པ། དབང་བསྐུར་བའི་ཆོ་ག་སྟེ་གསུམ།དཀྱིལ་འཁོར་བསྒྲུབ་པ་ལ་བདག་མདུན་ཐ་དད་དང་ཐ་མི་དད་ཀྱི་ལུགས་གཉིས།ཡང་བསྒྲུབ་རྒྱུའི་དཀྱིལ་འཁོར་ལ།རྡུལ་ཚོན་གྱི་དཀྱིལ་འཁོར། རས་རིས་ཀྱི་དཀྱིལ་འཁོར། བསམ་གཏན་གྱི་དཀྱིལ་འཁོར། ལུས་ཀྱི་དཀྱིལ་འཁོར་ཏེ་བཞི། མཆོད་པ་ལ། མཆོད་པ་དངོས། ཆད་ལྷག་ཞི་བར་བྱས་ཤིང་བསྐོར་ནས་སྒོ་དབྱེ་བ་དང་གཉིས། མཆོད་པ་དངོས་ལ་ནང་དུ་དཀྱིལ་འཁོར་གྱི་ལྷ་མཆོད་པ། ཕྱི་རོལ་དུ་གཏོར་མའི་མཆོད་པ་སྟེ་གཉིས། ལྷ་མཆོད་པ་ལ། ཆུ་བཞི། ཉེར་སྤྱོད་ལྔ། རིག་མ་བཞིའམ། ལྔའམ། དྲུག་གམ། བརྒྱད་དམ། བཅུ་དྲུག འདོད་ཡོན་ལྔ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། བླ་བྲེ། གདུགས། རྒྱལ་མཚན་ལ་སོགས་ཕྱི་མཆོད། ནང་མཆོད། གསང་མཆོད། དེ་ཁོ་ན་ཉིད་ཀྱི་མཆོད་པ། སྔགས་ཀྱི་མཆོད་པ། བསྟོད་པ་རྣམས་སོ། །དབང་བསྐུར་བའི་ཆོ་ག་ལ་རང་ཉིད་ཞུགས་ཤིང་དབང་བླངས་ནས་གནང་བ་ནོད་པ། དངོས་གྲུབ་ཞུ་ཞིང་བདེན་པའི་བྱིན་བརླབ་བྱ་བ། སློབ་མ་ལ་དབང་བསྐུར་བ་གསུམ། ཕྱི་མ་ལ་དཀྱིལ་འཁོར་དུ་གཞུག་པ། ཞུགས་པ་ལ་དབང་བསྐུར་བ། དབང་གི་མཐའ་བརྟེན་གྱི་ཆོ་ག་སྟེ་གསུམ། གཞུག་པ་ལ་གདོང་གཡོགས་དང་བཅས་ཏེ་གཞུག་པ། དཀྱིལ་འཁོར་མཐོང་བའི་བདག་ཉིད་ཅན་དུ་གཞུག་པ་གཉིས། སྔ་མ་ལ་ཡོལ་བའི་ཕྱི་འཇུག་དང༌། ནང་འཇུག་གཉིས། ནང་འཇུཀ་ལ་ནང་དུ་གཞུག་ཅིང་བསྐོར་ནས་ཕྱག་བྱ་བ།དམ་ལ་བཞག་པ།ཡེ་ཤེས་པ་ཕབ་ནས་བདེན་པ་བརྗོད་པ་སྟེ་གསུམ།ཞུགས་པ་ལ་དབང་བསྐུར་བ་ལ་བཞི་ལས།དང་པོ་བུམ་པའི་དབང་ལ། ཐུན་མོང་བ་རྡོ་རྗེ་སློབ་མའི་དབང༌། ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་གཉིས། ཐུན་མོང་བ་ལ་མི་བསྐྱོད་པ་ཆུའི་དབང༌། རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང༌།འོད་དཔག་མེད་རྡོ་རྗེའི་དབང༌། དོན་ཡོད་གྲུབ་པ་དྲིལ་བུའི་དབང༌།རྣམ་པར་

    སྣང་མཛད་མིང་གི་དབང་སྟེ་ལྔ། སློབ་དཔོན་གྱི་དབང་ལ། རྡོ་རྗེ། དྲིལ་བུ། ཕྱག་རྒྱའི་དམ་ཚིག་སྟེ་དམ་ཚིག་གསུམ་སྦྱིན་པ། དེ་གསུམ་བཟུང་ཞིང་དེ་ཉིད་བསྟན་པ། མཐའ་བརྟེན་གྱི་ཆོ་ག་སྟེ་གསུམ། ཕྱི་མ་ལ་སྔགས་གཏད་པའི་ཆོ་ག མིག་སྨན་གྱི་ཆོ་ག མེ་ལོང་གི་དབང་གི་ཆོ་ག མདའ་འཕང་བའི་ཆོ་ག་རྣམས་སོ།།

    གཉིས་པ་གསང་དབང་ལ། རིག་མ་དབུལ་ཞིང་གསོལ་བ་གདབ་པ། འོད་དཔག་མེད་དུ་བསྐྱེད་པ། གསང་རྫས་གཉིས་ཀྱིས་དབང་བསྐུར་བ། དབང་གི་དག་པ་སྦྱིན་པ་རྣམས་སོ།།གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། ཡོན་དབུལ་བ། གསོལ་བ་གདབ་པ། རིག་མ་གཏད་པ། ལྷར་བསྐྱེད་པ། མཁའ་གསང་བརླབ་པ། སྙོམས་པར་ཞུགས་ནས་ལྷན་སྐྱེས་བསྐྱེད་པ། བྱང་སེམས་བཏུང་བ། དབང་གི་དོན་བཤད་པ་རྣམས་སོ།།

    བཞི་པ་དབང་བཞི་པ་ནི། ཚིག་དབང་ངོ༌། །མཐའ་བརྟེན་གྱི་ཆོ་ག་ནི། རིག་མའི་བརྟུལ་ཞུགས་སྦྱིན་པ། རྡོ་རྗེའི་བརྟུལ་ཞུགས་སྦྱིན་པ། སྤྱོད་པའི་བརྟུལ་ཞུགས་སྦྱིན་པ། ལུང་བསྟན་པ། རྗེས་གནང༌། དབུགས་དབྱུང་རྣམས་སོ། །འདིའི་སྟ་གོན་དང༌། དངོས་བཞིའི་སྐོར་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་དབང་དུ་བྱས་ཀྱི། དཀྱིལ་འཁོར་གཞན་དུ་དབང་བསྐུར་ན་འདོར་ལེན་ཇི་ལྟར་རིགས་པར་སྦྱར་དགོས་ཀྱང་མིང་གི་རྣམ་གྲངས་ནི་སྔ་མར་འདུའོ། །དུས་ཀྱི་འཁོར་ལོའི་ལུགས་ལ་གཞན་རྣམས་ཕལ་ཆེར་སྔར་དང་འདྲ་ཞིང༌།བྱིས་པ་ལྟར་འཇུག་པའི་དབང་བདུན་ནི། ཆུ། ཅོད་པན། དར་དཔྱངས། རྡོ་རྗེ་དྲིལ་བུ། བརྟུལ་ཞུགས། མིང༌། རྗེས་གནང༌། འདོགས་བཅས་ཏེ་བདུན་ནོ། །དབང་གོང་མ་ལ་ཀུན་རྫོབ་འཇིག་རྟེན་པའི་དབང་གོང་མ་དང༌། ངེས་དོན་འཇིག་རྟེན་ལས་འདས་པའི་དབང་གོང་མ་གཉིས། དེ་རེ་རེ་ལའང་བུམ་པའི་དབང་སོགས་བཞི་བཞི་ཡོད་དོ། །རྡོ་རྗེ་སློབ་དཔོན་བདག་པོའི་དབང་ལ་གསོལ་བ་གདབ་ཅིང་དབང་སྟེགས་ལ་བཞག་པ། ཆུ་དབང་སོགས་སོ་སོར་བསྐུར་བ། རྣམ་དག་བསྟན་ཅིང་སྐུ་གསུང་ཐུགས་རྡོ་རྗེའི་དབང་བསྐུར་སྦྱིན་པ་རྣམས་སོ།།

    གཞན་ཡང་དབང་བསྐུར་བའི་ཆོ་ག་ལ། ལྷ་ལ་དབང་བསྐུར་བའི་རབ་ནས་ཀྱི་ཆོ་ག་དང༌།དབང་གི་ཡན་ལག་གི་ཆོ་ག ལྷ་མཉེས་པར་བྱེད་པའི་ཐབས་སྦྱིན་སྲེག་དང༌། མཁའ་འགྲོ་མཉེས་པའི་ཐབས་ཚོགས་འཁོར། དཔའ་བོའི་སྟོན་མོ། དཔའ་མོའི་སྟོན་མོ། ལག་པའི་མཆོད་པ། ལག་པ་ལ་མཆོད་པ་སོགས་བྱེད་ཚུལ་དང༌། རིག་པ་འཛིན་པའི་ཆ་ལུགས་མི་ཉམས་ཤིང་བཟུང་བའི་དམ་ཚིག་གི་ཡན་ལག་གཙུག་ཏོར། རིགས་ལྔ། དཔའ་བོའི་དར་དཔྱངས། སྟོད་གཡོགས།སྨད་གཡོགས། ཅང་ཏེའུ། ཊ་མ་རུ། རྡོ་རྗེ། དྲིལ་བུ། དགང་གཟར། བླུག་གཟར།རུས་པའི་རྒྱན་དྲུགཀ་པྰ་ལ།ཁ་ཊྭཾཀ སྟག་ལྤགས་ཀྱི་ཤམ་ཐབས།རོ་གདན།ཚངས་སྐུད་ལ་སོགས་པ་རྣམས་ལུགས་འདིའི་མཁོ་བའི་ཡོ་བྱད་དོ། སྣོད་དུ་གྱུར་ནས་དམ་ཚིག་དང་སྡོམ་པ་བསྲུང་བ་ལ།

    རིགས་ལྔའི་དམ་ཚིག་ནི། ཚུལ་ཁྲིམས་གསུམ་གཟུང་བ་དང༌། སྐྱབས་སུ་འགྲོ་བ་ནི་རྣམ་སྣང་གི་དམ་ཚིགརྡོ་རྗེ། དྲིལ་བུ། ཕྱག་རྒྱ། སློབ་དཔོན་གཟུང་བ་ནི་མི་བསྐྱོད་པའི་དམ་ཚིག་ཟང་ཟིང༌། ཆོས། མི་འཇིགས་པ། བྱམས་པའི་སྦྱིན་པ་བཞིའམ། ཡང་ན་ནོར། ནོར་གྱི་སྙིང་པོ། ཡན་ལག ཡན་ལག་གི་སྙིང་པོ་སྟེ་སྦྱིན་པ་བཞི་ཉིན་རེ་བཞིན་དུས་དྲུག་ཏུ་སྦྱིན་པ་རིན་འབྱུང་གི་དམ་ཚིག ཕྱི་དང༌། གསང་བ་དང༌། ཐེག་པ་གསུམ་གྱི་ཆོས་བཟུང་བ་འོད་དཔག་མེད་ཀྱི་དམ་ཚིགམཆོད་པའི་ལས་ལ་བརྩོན་པ་ནི་དོན་གྲུབ་ཀྱི་དམ་ཚིག་གོ། །

    རྩ་ལྟུང་བཅུ་བཞི་ནི། རྡོ་རྗེ་སློབ་དཔོན་ལ་བརྙས་པ། བདེ་གཤེགས་བཀའ་ལས་འདས་པ། རྡོ་རྗེ་སྤུན་ལ་ཁྲོས་ནས་ཉེས་པ་བརྗོད་པ། སེམས་ཅན་གང་ཡང་རུང་བ་ལ་བྱམས་པ་སྤོང་བ། སྨོན་སེམས་གཏོང་བ། རང་གཞན་གྱི་གྲུབ་པའི་མཐའ་ལ་སྨོད་པ། སྣོད་མིན་ལ་གསང་བ་སྟོན་པ། རང་གི་ཕུང་པོ་ལ་བརྙས་པ། སྟོང་ཉིད་ལ་ཡིད་མ་ཆེས་ནས་སྤོང་བ། མངོན་སྤྱོད་བྱ་བར་འོས་པའི་ཡུལ་ལ་བྱམས་པ། ཆོས་བདག་མེད་པའི་ལྟ་བ་ཡོད་བཞིན་དུ་མ་བསྐྱང་བར་ཞག་གཅིག་འདའ་བ།དད་པ་དང་ལྡན་པའི་སེམས་སུན་འབྱིན་པ། དམ་ཚིག་གི་རྫས་དང་རིག་མ་སོགས་བསྟེན་ནུས་བཞིན་དུ་དང་དུ་མི་ལེན་པའམ། རྣལ་འབྱོར་རྒྱུད་ལྟར་ན་རྡོར་དྲིལ་ལག་པའི་ཕྱག་རྒྱ་སོགས་སྨད་ནས་འདོར་བ་གང་རུང༌།བུད་མེད་སྤྱི་ལ་སྨོད་ཚིག་ཏུ་འགྲོ་བའི་སྐྱོན་བརྗོད་བྱེད་པ་སྟེ་བཅུ་བཞིའོ།སྦོམ་པོ་བརྒྱང་ནི།ཤེས་རབ་སྟོབས་ཀྱིས་ལེན་པ།དེའི་བདུད་རྩི་སྟོབས་ཀྱིས་ལེན་པ།སྣོད་མིན་ལ་གསང་རྫས་དང་ཕྱག་རྒྱ་སྟོན་པ།ཚོགས་ཀྱི་ནང་དུ་རྩོད་པ།དད་ལྡན་ལ་དྲི་བའི་དོན་ལས་གཞན་དུ་ཆོས་སྟོན་པ།ཉན་ཐོས་ཀྱི་ནང་དུ་ཞག་བདུན་གནས་པ།རྫུན་གྱིས་རྣལ་འབྱོར་ང་རྒྱལ་བྱེད་པ།དད་པ་མེད་པ་ལ་ཆོས་སྟོན་པ་སྟེ་བརྒྱད་དོ། །གཞན་ཡང་དེར་མ་འདུས་པའི་སྦོམ་པོ་མཐའ་ཡས་སོ། །དུས་ཀྱི་འཁོར་ལོ་ལས་བཤད་པ་ནི་འདི་དང་ཅུང་ཞིག་མི་འདྲ་ཡང་མིང་གི་རྣམ་གྲངས་ནི་ཕལ་ཆེར་དེར་འདུའོ། །

    རྒྱུད་དག་པར་བྱས་ནས་ཉམས་སུ་ལེན་པའི་རིམ་པ་ལ། བསྐྱེད་པའི་རིམ་པ་དང༌།རྫོགས་པའི་རིམ་པ་གཉིས་ལས།དང་པོ་བསྐྱེད་རིམ་ལ།སྤང་བྱ་ནི། ཐ་མལ་སྣོད་བཅུད་ཀྱི་སྣང་བ་དང་ཞེན་པའོ།།གཉེན་པོ་ནི་རྟེན་བརྟེན་པའི་གསལ་སྣང་དང་ང་རྒྱལ་ལོ།།བསྒོམ་པའི་གནས་སྐབས་ནི།ལས་དང་པོ་པ། ཡེ་ཤེས་ཅུང་ཟད་བབས་པ། ཡེ་ཤེས་ལ་ཅུང་ཟད་དབང་པ། ཡེ་ཤེས་ལ་ཡང་དག་པར་དབང་བ་སྟེ་བཞི།བསྒོམ་པའི་རྣལ་འབྱོར་ནི། རགས་པ་དྲན་པ་གཅིག་པའི་རྣལ་འབྱོར་དང༌།ཕྲ་བ་རྟོག་པའི་རྣལ་འབྱོར་གཉིས། བསྐྱེད་རིམ་སྤྱིའི་ཆིངས་ལ་བསྙེན་བསྒྲུབ་ཡན་ལག་བཞི་ནི།བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་པ་ཆེན་པོའོ།།

    རྡོ་རྗེ་བཞི་བསྐྱེད་ནི། སྟོང་ཉིད་བྱང་ཆུབ་རྡོ་རྗེ། ས་བོན་བསྡུས་པའི་རྡོ་རྗེ། གཟུགས་ཉིད་རྫོགས་པའི་རྡོ་རྗེ། ཡི་གེ་དགོད་པའི་རྡོ་རྗེ་སྟེ་བཞིའོ། །རྣལ་འབྱོར་བཞི་ནི། རྣལ་འབྱོར།རྗེས་སུ་རྣལ་འབྱོར།ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོའོ། །ཏིང་ངེ་འཛིན་གསུམ་ནི།དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག ལས་རྒྱལ་མཆོག་གི་ཏིང་འཛིན་ནོ། །མངོན་རྟོགས་བསྒོམ་པའི་རིམ་པ་ལ། མཐུན་རྐྱེན་སྒྲུབ་པ་ཚོགས་བསག་པ། འགལ་རྐྱེན་སེལ་བ་བསྲུང་བའི་འཁོར་ལོ་བསྒོམ་པ། སྔགས་གཉིས་བརྗོད་ནས་འཆི་བ་ཆོས་སྐུའི་ལམ་འཁྱེར་བསྒོམ་པ། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་ནས་བར་དོ་ལོངས་སྐུ་ལམ་འཁྱེར་བསྒོམ་པ།འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་ནས་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་བསྒོམ་པ། སྐྱེ་མཆེད་དམ་གོ་ཆའི་ལྷ་སྔགས་གང་རུང་དགོད་པ།ཡེ་ཤེས་པ་བསྟིམ་པ།དབང་བསྐུར་རྒྱས་གདབ་བྱེད་པ། མཆོད་བསྟོད་བདུད་རྩི་མྱང་བ། དག་པ་དྲན་པ། ཕྲ་ཐིག་བསྒོམ་པ། བཟླས་པ་བྱེད་པ། གཏོར་མ་འབུལ་བ་རྣམས་ཏེ། གོ་རིམས་ནི་མངོན་རྟོགས་རྣམས་ལས་མི་འདྲ་བ་དུ་མ་བྱུང་ངོ༌། །སྐད་ཅིག་དཀྲོང་སྐྱེད་ནི། སྐད་ཅིག་གིས་བསྐྱེད་པའོ།ཆོ་ག་གསུམ་བསྐྱེད་ནི། ས་བོན།ཕྱག་མཚན། སྐུ་རྫོགས་པ་ལས་བསྐྱེད་པའོ།མངོན་བྱང་ལྔ་བསྐྱེད་ནི། དེ་བཞིན་ཉིད། ཟླ་བ།ས་བོན། ཕྱག་མཚན། སྐུ་རྫོགས་པ་ལས་བྱང་ཆུབ་པ་ལྔའོ། །དེ་དག་ཐུན་གྱི་ངོ་བོ་ལ་སྒོམ་རྒྱུའི་རིམ་པ་ཡིན་ལ།ཐུན་མཚམས་ཀྱི་རྣལ་འབྱོར་ལ། ལོངས་སྤྱོད་དག་པའི་རྣལ་འབྱོར། ལས་དག་པའི་རྣལ་འབྱོར། དམ་ཚིག་དག་པའི་རྣལ་འབྱོར། ཟས་ཀྱི་རྣལ་འབྱོར། ཁྲུས་ཀྱི་རྣལ་འབྱོར། ཉལ་བའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར་རྣམས་སུ་ཡོད་དོ། །གཉིས་པ་རྫོགས་པའི་རིམ་པ་ལ།འདུས་པ་འཕགས་ལུགས་ཀྱི་རྫོགས་རིམ་ནི། ལུས་དབེན། ངག་དབེན། སེམས་དབེན། སྒྱུ་ལུས། འོད་གསལ། ཟུང་འཇུག་སྟེ་རིམ་པ་དྲུག་དང༌། རིམ་པ་དང་པོ་གཉིས་གཅིག་ཏུ་བགྲང་ན་རིམ་པ་ལྔའོ། ། ཡེ་ཤེས་ཞབས་ལུགས་ལ། མི་ཤིགས་པའི་ཐིག་ལེ། སྤྲུལ་པའི་ཐིག་ལེ། སྔགས་ཀྱི་ཐིག་ལེ། དེ་ཁོ་ན་ཉིད་ཀྱི་ཐིག་ལེ་སྟེ་ཐིག་ལེ་བཞིའོ། ། འཁོར་ལོ་ཆེན་པོའི་རྫོགས་རིམ་ལ། ལུས་བྱིན་བརླབ། ངག་བྱིན་བརླབ། སེམས་བྱིན་བརླབ། དེ་ཁོ་ན་ཉིད་བྱིན་བརླབ་སྟེ་བྱིན་བརླབ་བཞིའོ། །

    དམར་ནག་འཇིགས་གསུམ་ལ། སྔགས་ཀྱི་རྣལ་འབྱོར། དམ་ཚིག་གི་རྣལ་འབྱོར། དབྱིབས་ཀྱི་རྣལ་འབྱོར། རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་ཏེ་རྣལ་འབྱོར་བཞིའོ། །བདེ་མཆོག་ལུ་ཧི་པའི་ལུགས་ལ། ལྟེ་བའི་སྤྲིན་སྒྲ་ལ་སེམས་གཏོད་ཚུལ་དང༌། དེ་ལས་རྡོར་བཟླས་བྱ་ཚུལ་དང༌། ལག་རྗེས་ཏེ་གསུམ། དྲིལ་བུ་པའི་ལུགས་ལ། བདག་བྱིན་བརླབ། སྣ་ཚོགས་རྡོ་རྗེ། ནོར་བུ་འགེངས་པ། ཛ་ལནྡྷ་ར། བསམ་མི་ཁྱབ་ཀྱི་རིམ་པ་སྟེ་རིམ་པ་ལྔའོ།།

    བདེ་དགྱེས་ཐུན་མོང་བའི་རྫོགས་རིམ་ན་རོ་ཆོས་དྲུག་ལ།གཏུམ་མོ། འོད་གསལ། སྒྱུ་ལུས།བར་དོ། འཕོ་བ། གྲོང་འཇུག་སྟེ་ལྔའོ། ། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི.རྫོགས་རིམ་ནི། སོ་སོར་སྡུད་པ། བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན།ཏིང་ངེ་འཛིན་གྱི་ཡན་ལག་སྟེ་དྲུག་གོ། །འདིའི་བསྒྲུབ་བྱའི་གཙོ་བོ་ནི།དམིགས་བཅས་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དང༌། དམིགས་མེད་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་གཉིས་སོ། །ཉེ་རྒྱུ་སྤྱོད་པ་ནི། སྤྲོས་བཅས།སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ། ལས་བསྒྲུབ་པ་ལ།བཟླས་པ་ཙམ་གྱིས་སྒྲུབ་པ། བསམ་གཏན་ཙམ་གྱིས་སྒྲུབ་པ།རྫས་ཀྱིས་སྒྲུབ་པ། འཁྲུལ་འཁོར་གྱི་སྒོ་ནས་སྒྲུབ་པ། སྦྱིན་སྲེག་གི་སྒོ་ནས་སྒྲུབ་པ་སོགས་ཏེ། རེ་རེ་ལའང་ཞི་རྒྱས་དབང་དྲག་བཞི་རེ་ཡོད་དོ།། གྲུབ་ཆེན་བརྒྱད་ནི། རིལ་བུ། མིག་སྨན། ས་འོག རལ་གྲི། ནམ་མཁར་འཕུར་བ།མི་སྣང་བ། འཆི་བ་མེད་པ། ནད་འཇོམས་པ་རྣམས་སོ།།

    མཆོག་གི་དངོས་གྲུབ་ནི། མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་རྡོ་རྗེ་འཆང་གི་གོ་འཕང་ངོ༌། །འདིར་ནི་མིང་གི་རྣམ་གྲངས་རགས་བསྡུས་ཙམ་ཡིན་ལ། ཤིན་ཏུ་གསང་བའི་གནས་རྣམས་ཀྱི་མིང་ནི་དགག་བྱ་ཆེ་བས་འདིར་མ་བཀོད་དོ། །དེ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལས་བྱུང་བའི་མིང་གི་རྣམ་གྲངས་མདོར་བསྡུས་པའོ།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག