མདུན་ཤོག- རིག་གནས་འཚོ་བ།- གསུང་འབུམ།

གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་གཏན་ཚིགས་རིག་པ།

    2014-01-27 13:56

    ༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་གཏན་ཚིགས་རིག་པའི་སྐོར།

    གཉིས་པ་གཏན་ཚིགས་རིག་པའི་གཞུང་ལས་འབྱུང་བའི་མིང་གི་རྣམ་གྲངས་ལ། གཏན་ཚིགས་རིག་པ་དང༌།རྒྱུ་མཚན་རིག་པ་དོན་གཅིག་ལ། རིག་པའི་གནས་འདི་རྒྱས་པར་སྟོན་པའི་རང་སྡེ་ནང་པ་སངས་རྒྱས་པའི་གཞུང་གི་གཙོ་བོ་ནི། དཔལ་ལྡན་ཕྱོགས་ཀྱི་གླང་པོ་དང༌། རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པ་གཉིས་ཀྱིས་མཛད་པའི་སྡེ་བདུན་མདོ་དང་བཅས་པ་ཡིན་ལ།དེ་ཡང་ཚད་མ་ཀུན་ལས་བཏུས་པའི་དོན་འགྲེལ་པའི་བསྟན་བཅོས་ལ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ། འབྲིང་དུ་སྟོན་པ་རྣམ་པར་ངེས་པ། བསྡུས་ཏེ་སྟོན་པ་རིགས་པའི་ཐིགས་པ་སྟེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ། གཏན་ཚིགས་ཐིགས་པ། འབྲེལ་བ་བརྟག་པ། རྒྱུད་གཞན་སྒྲུབ་པ། རྩོད་པའི་རིགས་པ་སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་རྣམས་ལ་ཚད་མ་སྡེ་བདུན་ཞེས་གྲགས་སོ།།

    འདི་དག་གི་བརྗོད་བྱའི་གཙོ་བོ་རྟོག་གེའི་ཚིག་དོན་བརྒྱད་ནི། མངོན་སུམ་ཡང་དག་ལྟར་སྣང་གཉིས། རྗེས་དཔག་ཡང་དག་ལྟར་སྣང་གཉིས།སྒྲུབ་དག་ཡང་དག་ལྟར་སྣང་གཉིས།སུན་འབྱིན་ཡང་དག་ལྟར་སྣང་གཉིས་ཏེ་བརྒྱད་དོ། །བརྗོད་བྱའི་ལུས་དངོས་ལ། ཤེས་བྱ་ཡུལ་གྱི་རྣམ་བཞག་ནི། ཡུལ། ཤེས་བྱ། གཞལ་བྱ། ཡོད་པ། གཞི་གྲུབ་རྣམས་དོན་གཅིག མཚན་ཉིད་ནི་རིམ་པ་བཞིན་དུ། བློས་རིག་པར་བྱ་བ། བློའི་ཡུལ་དུ་བྱར་རུང་བ། ཚད་མས་རྟོགས་པར་བྱ་བ། ཚད་མས་དམིགས་པ། ཚད་མས་གྲུབ་པ་རྣམས་སོ། །དབྱེ་ན། རང་མཚན། སྤྱི་མཚན་གཉིས། དེ་ཡང་ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པ་དང༌། ཐུན་མོང་དུ་རྗེས་སུ་འགྲོ་བར་བྱེད་པའི་ཆོས་གཉིས་སོ། ། སྤྱི། རགས་པ། བྱེ་བྲག རྒྱུན་རྣམས་སྤྱི་མཚན་ཡིན་ཀྱང་དེ་དག་ཡིན་ན་སྤྱི་མཚན་ཡིན་མི་དགོས་སོ། །རང་མཚན་ནི། དངོས་པོ་དང༌། །དོན་བྱེད་ནུས་པའི་ཆོས་ཡིན་ལ། སྤྱི་མཚན་ནི། དངོས་པོ་མེད་པ་དང༌། དོན་བྱེད་མི་ནུས་པའི་ཆོས་སོ། །ཡང་ཡུལ་བཞིར་དབྱེ་བ་ནི། སྣང་ཡུལ། གཟུང་ཡུལ། འཇུག་ཡུལ། ཞེན་ཡུལ་བཞིའོ། །དེའི་སྔ་མ་གཉིས་དོན་གཅིག་ལ། འཇུག་ཡུལ་ལ་གནས་སྐབས་དང་མཐར་ཐུག་གི་འཇུག་ཡུལ་གཉིས་སོ། །ཞེན་ཡུལ་ལ། སྐྱེས་བུ་དང་རྟོག་པའི་ཞེན་ཡུལ་གཉིས་སོ། །ཡང་ཡུལ་ལ་དབྱེ་ན། མངོན་གྱུར་དང༌། ལྐོག་གྱུར་གཉིས།མངོན་གྱུར་ལ།རང་རིག་དང་གཞན་རིག་གི་བྱེད་པ་འཇུག་པའི་ཡུལ་གཉིས། ལྐོག་གྱུར་ལ་རྗེས་དཔག་གསུམ་གྱི་བྱེད་པ་འཇུག་པའི་ཡུལ་གསུམ་མོ། །ཡང་ཡུལ་ལ་དབྱེ་ན། འདུས་བྱས་དང༌། འདུས་མ་བྱས་གཉིས། འདུས་བྱས། བྱས་པ། སྐྱེས་པ། འཇིག་པ། དོན་བྱེད་ནུས་པ།དངོས་པོ།།མི་རྟག་པ། སྐད་ཅིག་མ་རྣམས་དོན་གཅིག དབྱེ་ན།བེམ་པོ།རིག་པ།ལྡན་མིན་འདུ་བྱེད་གསུམ། བེམ་པོ་ནི། རྡུལ་དུ་གྲུབ་པ་སྟེ། ཕྱིའི་བེམ་པོ་དང༌། ནང་གི་བེམ་པོ་གཉིས། ཡང་ན་རགས་པ་དང༌། རྡུལ་ཕྲ་རབ་གཉིས། རིགས་པ་དང༌། ལྡན་མིན་གཉིས་མངོན་པའི་སྐབས་སུ་བཤད་ཟིན་ཏོ།།

    རྒྱུ་འབྲས་གཉིས་སུ་དབྱེ་ན། རྒྱུ་ལ། དངོས་རྒྱུ། བརྒྱུད་རྒྱུ་གཉིས། ཡང་ན་ཉེར་ལེན་དང༌།ལྷན་ཅིག་བྱེད་རྐྱེན་གཉིས། འབྲས་བུ་ལ། དངོས་འབྲས། བརྒྱུད་འབྲས་གཉིས་སོ། །འདུས་མ་བྱས་ཀྱི་ཆོས། རྟག་པ། མ་སྐྱེས་པའི་ཆོས། མ་བྱས་པའི་ཆོས།སྐད་ཅིག་མ་མ་ཡིན་པའི་ཆོས་རྣམས་དོན་གཅིག དབྱེ་བ་མངོན་པའི་སྐབས་སུ་བལྟའོ། །ཡང་ཡུལ་ལ་དབྱེ་ན། དགག་པ་དང༌། སྒྲུབ་པ་གཉིས། དགག་པ་ལ་མེད་དགག་དང༌། མ་ཡིན་དགག་གཉིས། མ་ཡིན་དགག་ལ་ཆོས་གཞན་དངོས་སུ་འཕེན་པ། ཤུགས་ལ་འཕེན་པ། སྐབས་སྟོབས་ཀྱིས་འཕེན་པ་གསུམ་མོ། །ཡང་ཡུལ་ལ་དབྱེ་ན། འགལ་བ་དང༌། འབྲེལ་བ་གཉིས། འགལ་བ་ལ། ལྷན་ཅིག་མི་གནས་འགལ། ཕན་ཚུན་སྤང་འགལ་གཉིས། དེ་རེ་རེ་ལའང་དངོས་འགལ་དང༌། བརྒྱུད་འགལ་གཉིས་གཉིས་སོ། །འབྲེལ་བ་ལ་བདག་གཅིག་འབྲེལ་དང༌། དེ་བྱུང་འབྲེལ་གཉིས། ཡང་བརྗོད་བྱ་དང། བརྗོད་བྱེད་གཉིས་སུ་དབྱེ་ན། བརྗོད་བྱེད་ལ་ངོ་བོའི་སྒོ་ནས་མིང༌། ཚིག ཡི་གེ་གསུམ། མིང་ལ་དངོས་མིང༌། བཏགས་མིང་གཉིས་སོ། །བརྗོད་བྱའི་སྒོ་ནས་དབྱེ་ན། རིགས་བརྗོད་དང༌། ཚོགས་བརྗོད་གཉིས། བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན། ཆོས་བརྗོད་ཀྱི་སྒྲ་དང༌། ཆོས་ཅན་བརྗོད་པའི་སྒྲ་གཉིས། འདི་གཉིས་ལ་ཁྱད་པར་གཞན་སྤོང་བ་དང༌། མི་སྤོང་བའི་སྒྲ་ཞེས་ཀྱང་ཟེར་རོ།།རྣམ་གཅོད་ཀྱི་སྒོ་ནས་དབྱེ་ན། མི་ལྡན་རྣམ་གཅོད་ཀྱི་སྒྲ། མི་སྲིད་རྣམ་གཅོད་ཀྱི་སྒྲ་གསུམ་མོ། །ཡང་ཡུལ་ལ་དབྱེ་ན། སྣང་བ་དང༌། སེལ་བ་གཉིས། སྣང་བ་དང་སྒྲུབ་པ་དོན་གཅིག སེལ་བ། དགག་པ། གཞན་སེལ་བ་རྣམས་དོན་གཅིག སེལ་བ་ལ་དབྱེ་ན།དོན་གྱི་གཞན་སེལ།བློའི་གཞན་སེལ།མེད་དགག་གི་གཞན་སེལ་གསུམ་ལས། དང་པོ་ནི། བུམ་པ་མ་ཡིན་པ་ལས་ལོག་པ་ལྟ་བུའོ།།གཉིས་པ་ནི། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ལྟ་བུའོ། །གསུམ་པ་ནི། བུམ་པའི་སྟེང་གི་བུམ་པ་མ་ཡིན་པ་རྣམ་པར་བཅད་ཙམ་གྱི་ཆ་ལྟ་བུའོ། །འདིའི་སྔ་མ་ལ་བུམ་པ་རང་མཚན་པ་འཇོག་པར་བཤད་པ་ཡང་ཡོད་དོ།།

    ཡང་ཡུལ་ལ་དབྱེ་ན། སྤྱི་དང༌།བྱེ་བྲག་གཉིས། སྤྱི་ལ།རིགས་སྤྱི། ཚོགས་སྤྱི།དོན་སྤྱི་གསུམ་མོ། །ཡང་རྫས་ཆོས་དང༌།ལྡོག་ཆོས་གཉིས་སུ་དབྱེ་ན།ལྡོག་ཆོས་ལ། རང་ཡིན་ལྡོག་ཆོས། རང་མ་ཡིན་ལྡོག་ཆོས། ལྡོག་ཆོས་ཕུང་སུམ་ཙམ་པོ་པ་རྣམས་རྗེས་མཐུན་པ་དང་བཅས་པ་ཡོད་དོ། །ཡང་མཚན་ཉིད་དང༌། མཚོན་བྱ་གཉིས་སུ་དབྱེ་ན། མཚོན་བྱ་ནི། རྣམ་པར་བཞག་བྱའི་ཆོས་གསུམ་ཚང་བ་སྟེ། སྤྱིར་མཚོན་བྱ་ཡིན་པ།རང་གི་མཚན་ཉིད་ལས་གཞན་པའི་མཚོན་བྱ་མ་ཡིན་པ། མཚན་གཞི་ལ་སྲིད་པ་གསུམ་མོ། །མཚན་ཉིད་ནི། རྣམ་པར་འཇོག་བྱེད་ཀྱི་ཆོས་གསུམ་ཚང་བ་སྟེ། སྤྱིར་མཚན་ཉིད་ཡིན་པ། རང་གི་མཚོན་བྱ་ལས་གཞན་གྱི་མཚན་ཉིད་མ་ཡིན་པ། མཚན་གཞི་ལ་སྲིད་པ་གསུམ་མོ། །ཡང་བདེན་པ་གཉིས་དང༌། མཚན་ཉིད་གསུམ་དུ་དབྱེ་བ་སོགས་ནི་མངོན་པ་དང་གྲུབ་མཐའི་སྐབས་སུ་བལྟའོ། །ཡུལ་ཅན་བློའི་རྣམ་བཞག་ལ་བློ། ཤེས་པ། རིག་པ། གསལ་བ་རྣམས་དོན་གཅིགདབྱེ་བ་ལྔ་ལས།དང་པོ་རྟོགས་མ་རྟོགས་གཉིས་སུ་དབྱེ་བ་ལ། རྟོགས་པའི་བློ་དང་མ་རྟོགས་པའི་བློ་གཉིས།རྟོགས་པ་ལ་དངོས་རྟོགས་ཤུགས་རྟོགས་གཉིས། དེ་ལ་ཡང་སྤྱིར་ཚད་མའི་དངོས་རྟོགས་ཤུགས་རྟོགས། མངོན་སུམ་ཚད་མའི་དངོས་རྟོགས་ཤུགས་རྟོགས། རྗེས་དཔག་ཚད་མའི་དངོས་རྟོགས་ཤུགས་རྟོགས། ཚད་མ་མ་ཡིན་པའི་དངོས་རྟོགས་ཤུགས་རྟོགས་ཏེ་བཞི། མ་རྟོགས་པའི་བློ་ལ།མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ། མ་རྟོགས་པ་ལའང་སྣང་ལ་མ་ངེས་ཀྱི་བློ་དང༌། རྟོག་མེད་ལོག་ཤེས་གཉིས་སོ།།

    གཉིས་པ་བདུན་དུ་དབྱེ་བ་ལ་ཡིད་དཔྱོད། སྣང་ལ་མ་ངེས་པ། བཅད་ཤེས། ལོག་ཤེས།ཐེ་ཚོམ། མངོན་གསུམ། རྗེས་དཔག་དང་བདུན་ནོ། །ཡིད་དཔྱོད་ལ། རྒྱུ་མཚན་ཅན་དང༌།རྒྱུ་མཚན་མེད་པའི་ཡིད་དཔྱོད་གཉིས། སྣང་ལ་མ་ངེས་བའི་བློ་ལ། རང་ཡིན་པར་གྱུར་པའི་དབང་མངོན། ཡིད་མངོན། རང་རིག་གསུམ་མོ། །དེ་ལ་རང་རིག་མེད་པར་འདོད་པའི་ལུགས་ཀྱང་ཡོད་དོ།།བཅད་ཤེས་ལ། མངོན་སུམ་བཅད་ཤེས། རྟོགས་པ་བཅད་ཤེས། དེ་གང་རུང་མ་ཡིན་པར་གྱུར་པའི་བཅད་ཤེས་ཏེ་གསུམ། བཅད་ཤེས་ལ་དྲན་པས་ཁྱབ་པར་བཞེད་པའི་ལུགས་ཀྱང་ཡོད་དོ། །ལོག་ཤེས་ལ།རྟོག་པར་གྱུར་པའི་ལོག་ཤེས། རྟོག་མེད་དུ་གྱུར་པའི་ལོག་ཤེས་གཉིས།ཕྱི་མ་ལ་རང་ཡིན་གྱི་དབང་ཤེས་དང་ཡིད་ཤེས་གཉིས། ཐེ་ཚོམ་ལ།དོན་འགྱུར་གྱི་ཐེ་ཚོམ།དོན་མི་འགྱུར་གྱི་ཐེ་ཚོམ། ཆ་མཉམ་པའི་ཐེ་ཚོམ་གསུམ་མོ། །

    གསུམ་པ་རྟོག་བཅས་རྟོག་མེད་ཀྱི་དབྱེ་བ་ལ། རྟོག་པ་ནི་སྒྲ་དོན་འཛིན་པའི་བློའམ་སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་གོ། །དབྱེ་ན།དོན་སྦྱོར་རྟོག་པ། མིང་སྦྱོར་རྟོག་པ་གཉིས།ཡང་ན་བརྡའ་རྟེན་ཅན་གྱི་རྟོག་པ།དོན་གཞན་ལ་སྒྲོ་འདོགས་པའི་རྟོག་པ། ལྐོག་ཏུ་གྱུར་པའི་དོན་ཅན་གྱི་རྟོག་པ་སྟེ་གསུམ། ཡང་ན་མ་རྟོགས་པའི་རྟོག་པ།ངེས་ཤེས་གཉིས། དང་པོ་ལ།ལོག་རྟོག ཐེ་ཚོམ་གཉིས།ཕྱི་མ་ལ་རྗེས་དཔག་ཚད་མ་དང༌། བཅད་ཤེས་གཉིས་རྣམས་སོ། །བཞི་པ་ཚད་མ་དང་། ཚད་མིན་གཉིས་སུ་དབྱེ་བ་ལ། ཚད་མ་ལ། རང་ལས་ངེས་ཀྱི་ཚད་མ་དང་གཞན་ལས་ངེས་ཀྱི་ཚད་མ་གཉིས།ཡང་ན་མངོན་སུམ་ཚད་མ་དང༌།རྗེས་དཔག་ཚད་མ་གཉིས།ཚད་མ་མ་ཡིན་པ་ལ།རང་ཡིན་དུ་གྱུར་པའི་རྟོག་བཅས་རྟོག་མེད་གཉིས་སོ། །ལྔ་པ་མངོན་སུམ་རྗེས་དཔག་གཉིས་ཀྱི་དབྱེ་བ་ཁྱད་པར་དུ་བཤད་པ་ལ།མངོན་སུམ་ལ་དབྱེ་ན།དབང་པོའི་མངོན་སུམ། ཡིད་ཀྱི་མངོན་སུམ།རང་རིག་མངོན་སུམ།རྣལ་འབྱོར་མངོན་སུམ་དང་བཞིའོ། །དེ་རེ་རེ་ལའང་ཚད་མ། ཚད་མིན་གཉིས་རེ་ཡོད་ལ།དབྱེ་ན་གཟུགས་འཛིན་དབང་པོའི་མངོན་སུམ་སོགས་ལྔའོ། །དེ་རེ་རེ་ལ་རྐྱེན་གསུམ་གསུམ་སྟེ།དམིགས་རྐྱེན།བདག་རྐྱེན། དེ་མ་ཐག་རྐྱེན་ནོ། ། ཡིད་ཀྱི་མངོན་སུམ་ནི།གཟུགས་འཛིན་ཡིད་ཀྱི་མངོན་སུམ་སོགས་ལྔའོ། ། དབང་མངོན་དང༌། ཡིད་མངོན་སྐྱེ་ཚུལ་ལ་མངོན་སུམ་འགྲོས་གཅིག་པ་དང༌།འགྲོས་གསུམ་པ་དང༌།སྤེལ་མར་སྐྱེ‘བ་དང༌། རྒྱུན་མཐར་སྐྱེ་བ་་སོགས་ལུགས་དུ་མ་ཡོད་དོ། །གསུམ་པ་རང་རིག་ནི། ཁ་ནང་ལྟ་བའི་འཛིན་རྣམ་སྟེ་འདི་མ་གཏོགས་གཞན་རྣམས་ལ་ཁ་ཕྱིར་ལྟ་བའི་ཤེས་པ་དང༌། གཟུང་རྣམ། དོན་རྣམ། གཞན་རིག་ཞེས་བཤད་ལ། འདི་ལ་ཁ་ནང་ལྟ་བའི་ཤེས་པ་དང༌། འཛིན་རྣམ། རང་རིག་ཞེས་བཤད་དོ།།

    ཞར་བྱུང་ཚད་འབྲས་ཀྱི་རྣམ་བཞག་ལ་འབྲས་རྟོག་དང་པོའི་རྣམ་བཞག་ནི།གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་སླུ་བའི་ཤེས་པ་ཚད་མ། གཟུགས་རྟོགས་པ་འབྲས་བུའོ། ། འབྲས་རྟོགས་གཉིས་པ་ལ་གཟུང་བའི་རྣམ་པ་གཞལ་བྱ། དེ་ལ་མི་སླུ་བའི་འཛིན་རྣམ་ཚད་མ།རང་རིག་པ་འབྲས་བུའོ། །འབྲས་རྟོག་གསུམ་པ་ལ། མདོ་སྡེ་པས་ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་སླུ་བའི་ཤེས་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པའི་ཚད་མ་འབྲས་བུའོ། །ཕྱི་མ་འདི་ལ་མི་མཐུན་པ་མང་དུ་སྣང་ཡང་འདིར་མིང་གི་རྣམ་གྲངས་ཙམ་ལ་བསྟན་བཅོས་རིགས་པའི་རྒྱན་ལྟར་བཤད་པ་ཡིན་གྱི་རང་ལུགས་སུ་ཇི་ལྟར་ཁས་ལེན་པའི་ཚུལ་ནི་གཞན་དུ་བཤད་པར་བྱའོ། །བཞི་པ་རྣལ་འབྱོར་མངོན་སུམ་ལ།ཉན་ཐོས།རང་རྒྱ་ལ།བྱང་སེམས་འཕགས་པ། སངས་རྒྱས་ཀྱི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་སྟེ་བཞིའོ། ། འདིའི་སྐབས་ཀྱི་བདེན་བཞིའི་རང་བཞིན་དང༌།དབྱེ་བ་སོགས་ནི་མངོན་པའི་སྐབས་སུ་བཤད་ཟིན་ཏོ། །

    མངོན་སུམ་ལྟར་སྣང་ལ།འཁྲུལ་པའི་རྟོག་པ།ཀུན་རྫོབ་པའི་རྟོག་པ། རྗེས་དཔག་གི་རྟོག་པ།རྗེས་སུ་དཔག་པ་ལས་བྱུང་བའི་རྟོག་པ། དྲན་པའི་རྟོག་པ། མངོན་འདོད་ཀྱི་འདོད་པ་སྟེ་རྟོག་པ་མངོན་སུམ་ལྟར་སྣང་དྲུག་དང༌།རྟོག་མེད་མངོན་སུམ་ལྟར་སྣང་གཅིག་སྟེ་བདུན་ནོ།། རྗེསདཔག་ནི་རང་གི་རྟེན་ཚུལ་གསུམ་ཚང་བའི་རྟགས་ལ་བསྟེན་ནས་རང་གི་གཞལ་བྱ་ལྐོག་གྱུར་རྗེས་སུ་དཔོག་པའོ།།སྒྲས་བརྗོད་ཀྱིས་དབྱེ་ན།རང་དོན་རྗེས་དཔག་དང༌།གཞན་དོན་རྗེས་དཔག་གཉིས།རང་དོན་རྗེས་དཔག རྗེས་དཔག རྗེས་སུ་དཔག་པའི་ཚད་མ་རྣམས་དོན་གཅིག དབྱེ་ན་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག གྲགས་པའི་རྗེས་དཔག ཡིད་ཆེས་པའི་རྗེས་དཔག་དང་གསུམམོ།།རྗེས་དཔག་གི་རྒྱུ་རྟགས་འཛིན་སེམས་ནི།རྟགས་ཀྱི་ཚུལ་འཛིན་པའི་བློའོ། །ཚུལ་གསུམ་དུས་གཅིག་ཏུ་དྲན་པའི་བློ་ལ་བཞེད་པ་ཡང་ཡོད་དོ། །དབྱེ་ན་ཕྱོགས་ཆོས་འཇལ་བ་དང༌། ཁྱབ་པ་འཇལ་བ་གཉིས་སོ། དེ་རེ་རེ་ལའང་ཚད་མ་དང་བཅད་ཤེས་གཉིས་གཉིས་ཡོད་བར་བཤད་དོ། །

    རྗེས་དཔག་གི་རྟེནགཏན་ཚིགས་ལ། རྟགས། རྒྱུ་མཚན། གཏན་ཚིགས་རྣམས་དོན་གཅིག་དེ་སྒྲུབ་ཀྱི་རྟགས་དང༌། དེ་སྒྲུབ་ཀྱི་གཏན་ཚིགས་སོགས་ཀྱང་དོན་གཅིག དབྱེ་ན་རྟགས་ཡང་དག་དང་།རྟགས་ལྟར་སྣང་གཉིས། རྟགས་ཡང་དག་གི་མཚན་ཉིད་ནི། ཚུལ་གསུམ་ཚང་བའམ་ཚུལ་གསུམ་ཡིན་པའོ། །ཚུལ་གསུམ་ནི། ཕྱོགས་ཆོས།རྗེས་འགྲོའི་ཁྱབ་པ། ལྡོག་པའི་ཁྱབ་པ་སྟེ་གསུམ་མོ། ། དེ་སྒྲུབ་ཀྱི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ནི།དེ་སྒྲུབ་ཀྱི་རྗེས་སུ་དཔག་པར་བྱ་བ།དེ་སྒྲུབ་ཀྱི་ཕྱོགས།དེ་སྒྲུབ་ཀྱི་སྒྲུབ་བྱ།དེ་སྒྲུབ་ཀྱི་དམ་བཅའ་རྣམས་ཡིན་ལ། དེ་སྒྲུབ་ཀྱི་ཆོས་དང།སྒྲུབ་བྱའི་ཆོས་གཉིས་དོན་གཅིག རྗེས་སུ་དཔག་པར་བྱ་བའི་གཞི། ཕྱོགས་ཆོས་ཞེས་པའི་ཚིག་ཟུར་གྱི་ཕྱོགས།རྩོད་གཞི།དཔག་གཞི།ཤེས་འདོད་ཆོས་ཅན་རྣམས་དོན་གཅིག དེ་སྒྲུབ་ཀྱི་བསྒྲུབ་པའི་ཆོས།ཕྱོགས་ཀྱི་ཆོས། གཏན་ཚིགས། རྟགས།རྒྱུ་མཚན་རྣམས་དོན་གཅིག དཔེར་ན་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུ་ལ་མཚོན་ན། སྒྲ་ནི་དེ་སྒྲུབ་ཀྱི་ཆོས་ཅན་ཡིན་ཞིང། ཆོས་ཅན་ཞེས་པའི་ཆོས་ནི། རྟགས་ཆོས་གཉིས་ཡིན་ལ། དེ་གཉིས་དང་ལྡན་པས་ན་ཆོས་ཅན་ཞེས་བྱའོ། སྒྲ་མི་རྟག་པ་དེ་སྒྲུབ་ཀྱི་སྒྲུབ་བྱ་ཡིན་ལ། མི་རྟག་པ་དེ་སྒྲུབ་ཀྱི་སྒྲུབ་བྱའི་ཆོས་ཡིན། བྱས་པ་དེ་སྒྲུབ་ཀྱི་གཏན་ཚིགས་སོ། །སྤྱིར་ཕྱོགས་ཀྱི་སྒྲ་ནི་ཤེས་འདོད་ཆོས་ཅན་དང༌།སྒྲུབ་བྱའི་ཆོས་དང༌། དེ་གཉིས་ཀའི་ཚོགས་དོན་གསུམ་ཀ་ལ་འཇུག་གོ། །ཕྱོགས་ཆོས་ཀྱི་མཚན་ཉིད་ནི།དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པའོ། ། རྗེས་ཁྱབ་ནི། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ཚད་མས་ངེས་པའོ།། རྗེས་ཁྱབ་ནི།དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ། ། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀྱི་མི་མཐུན་ཕྱོགས་ལ། དེ་སྒྲུབ་ཀྱི་མེད་པ་མི་མཐུན་ཕྱོགས། གཞན་པ་མི་མཐུན་ཕྱོགས། འགལ་ཟླ་མི་མཐུན་ཕྱོགས་ཏེ་གསུམ་མོ། །ཁྱབ་པ་ལ། རྗེས་ཁྱབ། ལྡོག་ཁྱབ། དངོས་ཁྱབ། ལྡོག་པའི་ཁྱབ་པ་རྣམས་སོ། །འགལ་ཁྱབ་དང་ཐུར་ཁྱབ་ཞེས་པའི་མིང་གི་རྣམ་གྲངས་ཀྱང་ཡོད་དོ། །རྟགས་ཡང་དག་གི་དབྱེ་བ་ལ།འབྲས་བུའི་རྟགས་ཡང་དག རང་བཞིན་གྱི་རྟགས་ཡང་དག མ་དམིགས་པའི་རྟགས་ཡང་དག་གོ། དང་པོ་ལ།དབྱེ་ན།རྒྱུ་དངོས་སྒྲུབ་པའི་འབྲས་རྟགས།རྒྱུ་སྔོན་སོང་སྒྲུབ་པའི་འབྲས་རྟགས། རྒྱུའི་སྤྱི་སྒྲུབ་པའི་འབྲས་རྟགས།རྒྱུའི་ཁྱད་པར་སྒྲུབ་པའི་འབྲས་རྟགས། རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ལྔའོ།།དེ་དག་ལའང་བཀོད་ཚོད་ཀྱི་རྟགས་དང་སོང་ཚོད་ཀྱི་རྟགས་གཉིས་གཉིས་ཡོདདོ།།

    རང་བཞིན་གྱི་རྟགས་ལ་དབྱེ་ན།ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་དང་། ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་གཉིས།སྔ་མ་ལ་བྱེད་ཆོས་ཐ་མི་དད་ལ་ལྟོས་པ་དང༌། ཐ་དད་ལ་ལྟོས་པ་གཉིས།ཕྱི་མ་ལ།བྱེད་ཆོས་དངོས་སུ་འཕངས་པ་དང༌། ཤུགས་ལ་འཕངས་པ་གཉིས་རྣམས་སོ། །མ་དམིགས་པའི་རྟགས་ལ་དབྱེ་ན། མི་སྣང་བ་མ་དམིགས་པའི་རྟགས་དང༌། སྣང་རུང་མ་དམིགས་པའི་རྟགས་གཉིས།དང་པོའི་སྐབས་ཀྱི་བསྐལ་དོན་གསུམ་ནི། ཡུལ་ཕྲ་བ།དུས་ཕྲ་བ།ངོ་བོ་ཕྲ་བས་བསྐལ་བའོ། །སྣང་རུང་མ་དམིགས་པ་ལ་དབྱེ་ན།འབྲེལ་ཟླ་མ་དམིགས་པའི་རྟགས་དང༌།འགལ་ཟླ་དམིགས་པའི་རྟགས་གཉིས།འབྲེལ་ཟླ་མ་དམིགས་པ་ལ།རྒྱུ། ཁྱབ་བྱེད། རང་བཞིན།དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་དང་བཞི།འགལ་ཟླ་དམིགས་པ་ལ།རང་བཞིན་འགལ་དམིགས།འགལ་འབྲས་དམིགས་པ།རྒྱུ་འགལ་དམིགས།རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ།འབྲས་བུ་འགལ་དམིགས། ཁྱབ་བྱེད་འགལ་དམིགས་ཏེ་དྲུག ཡང་ལྷན་ཅིག་མི་གནས་འགལ་ལ་བརྟེན་པ་དང༌།ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་གཏན་ཚིགས་གཉིས་སོ། །

    ཡང་རྟགས་ཡང་དག་ལ་བསྒྲུབ་བྱའི་སྒོ་ནས་དབྱེ་ན། དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག གྲགས་པའི་རྟགས་ཡང་དག ཡིད་ཆེས་པའི་རྟགས་ཡང་དག་སྟེ་གསུམ་མོ། །བསྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། དོན་སྒྲུབ་ཀྱི་རྟགས་ཡང་དག ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་དང༌།ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་སྟེ་གསུམ།སྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་ན། སྒྲུབ་རྟགས་དང༌། འགལ་རྟགས་གཉིས་སོ། །མཐུན་ཕྱོགས་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་དང༌། དེ་ལ་ཆ་གཉིས་སུ་འཇུག་པའི་རྟགས་གཉིས་སོ། །རྒོལ་བའི་སྒོ་ནས་དབྱེ་ན།རང་དོན་གྱི་རྟགས་ཡང་དག གཞན་དོན་གྱི་རྟགས་ཡང་དག་གཉིས་སོ། །རྟགས་ཀྱི་སྐྱོན་ལ་རྟགས་སྐྱོན།དཔེ་སྐྱོན།ཕྱོགས་སྐྱོན་གསུམ།རྟགས་སྐྱོན་ལ།འགལ་བ། མ་ངེས་པ། མ་གྲུབ་པ་གསུམ་མོ།།

    རྟགས་ལྟར་སྣང་ལ།མ་གྲུབ་པའི་རྟགས།འགལ་བའི་རྟགས།མ་ངེས་པའི་རྟགས་དང་གསུམ།དང་པོ་མ་གྲུབ་པ་ལ། རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པ། ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པ། གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པ། ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པ།རྟགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་མེད་ནས་མ་གྲུབ་པ་སྟེ་དོན་ལ་ལྟོས་ནས་མ་གྲུབ་པ་ལྔ། ཆོས་ཅན་ལ་ཐེ་ཚོམ་མ་ཟ་ནས་མ་གྲུབ་པ། རྟགས་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ།གཞི་རྟགས་ཀྱི་འབྲེལ་བ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་སྟེ་ཐེ་ཚོམ་ཟ་ནས་མ་གྲུབ་པ་གསུམ་དང༌། གཞི་རྟགས་ཐ་དད་མེད་ནས་མ་གྲུབ།གཞི་ཆོས་ཐ་དད་མེད་ནས་མ་གྲུབ། རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པ་སྟེ་ཤེས་འདོད་ལ་ལྟོས་ནས་མ་གྲུབ་པ་གསུམ་སྟེ་བསྡོམས་པས་བློ་ལ་ལྟོས་ནས་མ་གྲུབ་པ་དྲུག སྔ་རྒོལ་ལ་ལྟོས་ནས་མ་གྲུབ། ཕྱི་རྒོལ་ལ་ལྟོས་ནས་མ་གྲུབ།གཉིས་ཀ་ལ་ལྟོས་ནས་མ་གྲུབ་པ་སྟེ་རྒོལ་བ་ལ་ལྟོས་ནས་མ་གྲུབ་པ་གསུམ།འགལ་བའི་རྟགས་ལ།ཆོས་ཀྱི་ངོ་བོ་འགོག་པ།ཆོས་ཅན་གྱི་ངོ་བོ་འགོག་པ།ཆོས་ཀྱི་ཁྱད་པར་འགོག་པ།ཆོས་ཅན་གྱི་ཁྱད་པར་འགོག་པ་སྟེ་བཞི།མ་ངེས་པའི་རྟགས་ལ། ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་དང༌།ཐུན་མོང་བའི་མ་ངེས་པའི་རྟགས་གཉིས།ཕྱི་མ་ལ་ཕྱོགས་གཉིས་ཀ་ལ་མཐོང་ཙམ་དུ་གྲུབ་པ་དང༌། མཐུན་ཕྱོགས་ལ་མཐོང་མི་མཐུན་ཕྱོགས་ལ་མ་མཐོང་བ་དང༌། མི་མཐུན་ཕྱོགས་ལ་མཐོང་མཐུན་ཕྱོགས་ལ་མ་མཐོང་བའི་མ་ངེས་པའི་རྟགས་ཏེ་གསུམ་མོ།།ཡང་ན་མི་མཐུན་ཕྱོགས་ལ་རྣམ་གཉིས་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ། མི་མཐུན་ཕྱོགས་ལ་རྣམ་གཉིས་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ།གཉི་ཀ་ལ་རྣམ་གཉིས་སུ་འཇུག་པ། གཉི་ཀ་ལ་ཁྱབ་བྱེད་དུ་འཇུག་པ་སྟེ་བཞིའོ། །ལྷག་ལྡན་གྱི་གཏན་ཚིགས་ནི་མཁས་པ་འགའ་ཞིག་མ་ངེས་པའི་རྟགས་ཀྱི་བྱེ་བྲག་ཏུ་བཤད་ལ་འགའ་ཞིག་གིས་མ་ངེས་པའི་རྟགས་དང་དོན་གཅིག་ཏུ་བཤད་དོ།།

    གཞན་དོན་རྗེས་དཔག་ལ།མིང་གི་རྣམ་གྲངས་ནི། གཞན་དོན་རྗེས་དཔག རྟགས་ཚིག་ཡང་དག བསྒྲུབ་དག་ཡང་དག་རྣམས་དོན་གཅིག་ལ།རྗེས་དཔག་ཏུ་བཏགས་པ་ཙམ་ཡིན་གྱི་རྗེས་དཔག་དངོས་མིན་ནོ།། དབྱེ་ན་ཆོས་མཐུན་སྦྱོར་གྱི་བསྒྲུབ་དག་ཡང་དག་དང༌།ཆོས་མི་མཐུན་སྦྱོར་གྱི་བསྒྲུབ་དག་ཡང་དག་གཉིས།དང་པོ་ནི།གང་བྱས་ན་མི་རྟག་པས་ཁྱབ།དཔེར་ན་བུམ་པ་བཞིན།སྒྲ་ཡང་བྱས་སོ། །ཞེས་པ་ལྟ་བུའོ། །གཉིས་པ་ནི།གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན།སྒྲ་ནི་བྱས་སོ། །ཞེས་པ་ལྟ་བུའོ། །སྒྲུབ་དག་ཡན་ལག་ལྔ་ལྡན་ནི།ལུགས་འདི་པས་མི་འདོད་ཀྱང་གྲུབ་མཐའ་གོང་མ་འགའ་ཞིག་གི་འདོད་ལ།དེ་ཡང་སྒྲ་ནི་མི་རྟག་སྟེ། བྱས་པའི་ཕྱིར།དཔེར་ན་བུམ་པ་བཞིན།བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས། དེའི་ཕྱིར་སྒྲ་མི་རྟག་ཞེས་པ་སྟེ།དམ་བཅའ།དཔེ།ཕྱོགས་ཆོས།ཉེར་གཏོད།འཇུག་སྡུད་ལྔའོ། །འདི་ལ་ལ་ལར་ཁྱབ་པ་འདྲེན་ནོ། །བསྒྲུབ་དག་གི་ལམ་སྦྱོང་སུན་འབྱིན་ལ། སུན་འབྱིན་དང་ཐལ་འགྱུར་དོན་གཅིགདཔེར་ན་སྒྲ་ཆོས་ཅན།མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །

    དེ་ལ་བཀོད་ཚོད་ཀྱིས་དབྱེ་ན།ཁྱབ་རྟགས་གཉིས་ཀ་མ་གྲུབ་པ། རྟགས་ཁོ་ན་མ་གྲུབ་པ།ཁྱབ་པ་ཁོ་ན་མ་གྲུབ་པ།ཁྱབ་རྟགས་གཉིས་ཀ་གྲུབ་པ་བཞི། ཕྱི་མ་ལ་རྟགས་ཚད་མས་གྲུབ་ཅིང༌།ཁྱབ་པ་ཁས་བླངས་ཀྱིས་གྲུབ་པ་དང༌།ཁྱབ་པ་ཚད་མས་གྲུབ་ཅིང་རྟགས་ཁས་བླངས་ཀྱིས་གྲུབ་པ། གཉིས་ཀ་ཚད་མས་གྲུབ་པ།གཉིས་ཀ་ཁས་བླངས་ཀྱིས་ཀྱང་གྲུབ་པ་སྟེ།བཞི་རྣམས་སོ། །ཡང་ན་ཐལ་འགྱུར་ཡང་དག་དང༌།ལྟར་སྣང་གཉིས།ཡང་དག་ལ་སྒྲུབ་བྱེད།འཕེན་པ་དང༌། མི་འཕེན་པ་གཉིས།འཕེན་པ་ལ་བཟློག་པ་རང་རིགས་འཕེན་པ་དང༌།གཞན་རིགས་འཕེན་པ་གཉིས། འབྲས་མཚུངས་ཀྱི་ལྟག་ཆོད་ནི་སུན་འབྱིན་ལྟར་སྣང་ངོ༌། །རྒོལ་བའི་རྣམ་བཞག་ལ་སྔ་རྒོལ་ནི། སྒྲུབ་བྱེད་འགོད་པར་ཁས་ལེན་པའི་གང་ཟག ཕྱི་རྒོལ་ནི་སུན་འབྱིན་བརྗོད་པར་ཁས་ལེན་པའི་གང་ཟག དེ་རེ་རེ་ལའང་ཡང་དག་དང་ལྟར་སྣང་གཉིས་གཉིས། དཔང་པོ་ནི་རྒྱལ་ཕམ་ཤན་འབྱེད་པའི་གང་ཟག དབྱེ་ན། ཤན་འབྱེད་པའི་དཔང་པོ། རྗེས་སུ་བརྗོད་པའི་དཔང་པོ། ཚར་གཅོད་པའི་དཔང་པོའོ།།སྔ་རྒོལ་ཚར་གཅོད་པའི་གནས་སུ་གྱུར་པ་ནི། གྲུབ་གསལ་ཞུགས་པ་དམ་བཅའ་བ།དྲིས་ཀྱང་ལན་མི་འདེབས་པ།མི་འོས་པ་དམ་འཆའ་བ། སྐབས་སུ་མ་བབས་པ་སྒྲུབ་བྱར་བྱེད་པ།ཁས་བླང་བའི་དོན་ལ་སྒྲུབ་བྱེད་མི་དགོད་པ།མ་གྲུབ་པ་མ་ངེས་པའི་གསལ་བ་བརྗོད་པ། ཤེས་འདོད་མེད་པའི་སྒྲུབ་བྱེད་དགོད་པ་རྣམས་སོ། །ཕྱི་རྒོལ་ཚར་གཙོད་པའི་གནས་སུ་གྱུར་པ་ནི། འདྲི་བར་ཁས་བླངས་ནས་བཏང་སྙོམས་སུ་འཇོག་པ།གྲུབ་བསལ་ཞུགས་པ་འདྲི་བ།སྐབས་སུ་མ་བབས་པ་འདྲི་བ། སྐྱོན་བརྗོད་རྒྱུ་ཡོད་ཀྱང་མི་བརྗོད་པ།སྐྱོན་མིན་པ་སྐྱོན་དུ་བརྗོད་པ། སྐབས་སུ་མ་བབས་པའི་སྐྱོན་བརྗོད་པ་རྣམས་སོ། །དཔང་པོ་ཚར་གཅོད་པའི་གནས་སུ་གྱུར་པ་གསུམ་ནི། བདེན་རྫུན་ཤན་མི་འབྱེད་པ། རྒྱལ་ཕམ་ཕྱིན་ཅི་ལོག་ཏུ་ཤན་འབྱེད་པ།རྩོད་པ་མཐར་མ་ཕྱིན་པར་ཤན་འབྱེད་པའོ།།

    རྩོད་པའི་རྒྱུ་ནི།སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་བ།སྒྲ་ཚད་ལ་བློ་སྦྱངས་པ། རང་གཞན་གྱི་གཞུང་ལུགས་ལ་ལེགས་པར་སྦྱངས་པའོ།།རྩོད་པ་མཛེས་པའི་རྒྱན་ནི།བཞིན་གྱི་མདངས་གསལ་བ།ངག་སྙན་ཅིང་འཇམ་པ། ཕ་རོལ་དམའ་འབེབས་པའི་ཚིག་མདའ་མི་འཕེན་པ། ལུང་དང་རིགས་པ་གསལ་ལ་རྣོ་བ།སྒྱིད་ལུག་པ་དང་ང་རྒྱལ་མེད་པ། རིགས་ལམ་འདོར་བའི་གཡོ་སྒྱུ་དང་ཆགས་སྡང་མེད་པ།རང་གཞན་གྱི་དོན་དང་བསྟན་པ་ལ་གཅེས་པར་འཛིན་པ་རྣམས་སོ།།རྩོད་པའི་དཔེ་ནི།རང་གཞན་གྱི་གཏི་མུག་གཅོད་པ་འཁོར་ལོ་ལྟ་བུ།སུན་འབྱིན་པའི་རླུང་གིས་མི་གཡོ་བ་ལྷུན་པོ་ལྟ་བུ།་ཚིག་དོན་ལ་མ་རྨོངས་པ་ཐུབ་པའི་དབང་པོའི་སྲས་ལྟ་བུ་དགོས་སོ།།

    རྩོད་པའི་འབྲས་བུ་ནི།རྩོད་པའི་རྒྱུ།རྒྱན།བསམ་པ།སྦྱོར་བ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་རྟོགས་པ་འཕེལ་བས་རང་རྒྱུད་ཚིམ་པ།སྙན་པའི་གྲགས་པས་ཕྱོགས་ཀུན་ཁྱབ་པ།བསྟན་པ་བསྲུང་བས་ཆོས་ཀྱི་རྒྱལ་པོར་འགྱུར་བའོ། །གཏན་ཚིགས་རིག་པའི་གཞུང་ལས་འབྱུང་བའི་མིང་གི་རྣམ་གྲངས་མདོར་བསྡུས་པའོ།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག