མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་དམངས་སྲོལ་གྱི་ཕྱོགས་གླེང་པ།

རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-02-12 10:24

    དམངས་ཁྲོད་རྩོམ་རིག་ལ་ངག་རྒྱུན་རྩོམ་རིག་ཀྱང་ཟེར། དེ་ནི་ཡུན་རིང་པོར་དམངས་ཁྲོད་དུ་དར་ཁྱབ་བྱུང་ཞིང་མི་དམངས་མང་ཚོགས་ཀྱིས་གསར་གཏོད་གནང་པ་མ་ཟད། ངག་བརྒྱུད་བློར་འཛིན་གྱི་རྣམ་པས་བརྒྱུད་སྤེལ་བྱུང་ཞིག་ཡིན་ལ། དེས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་། འཚོ་བ། སྤྱི་ཚོགས་བྱེད་སྒོ་སོགས་མཚོན་གྱིན་ཡོད་ཅིང་། རྩོམ་པ་པོས་རྩོམ་རིག་དང་ཁྱད་པར་ཡོད་པའི་རྩོམ་རིག་གི་རྣམ་པ་ཐུན་མོང་མ་ཡིན་པ་ཞིག་རེད། དམངས་ཁྲོད་རྩོམ་རིག་ལ་སློབ་གསོ་དང་། མཛེས་དཔྱོད། རོལ་རྩེད། ངོས་འཛིན་བཅས་ཀྱི་བྱེད་ནུས་ལྡན་པ་མ་ཟད། མི་དམངས་ཀྱིས་དམངས་སྲོལ་རིག་གནས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་ཁུངས་ལྡན་ཞིག་ཀྱང་རེད།

    གཅིག

    གཏམ་དཔེ་ནི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་ཕལ་བའི་སྐད་ཆ་ཞིག་ཡིན་ཞིང་དེའི་ནང་དོན་སྟབས་བདེ་ལ་སྐད་ཆ་བབ་ཆགས་པ། ནང་དོན་གཏིང་ཟབ་པ་ཞིག་ཡིན་པ་དང་། ཁྱད་ཆོས་གཙོ་བོ་ནི“ཚིག་སྦྱོར་བདེ་ལ་ནང་དོན་གཏིང་ཟབ་པ”དང་། བློ་འབྱེད་རང་བཞིན་དང་སློབ་གསོའི་རང་བཞིན་ལྡན་པ་དེ་རེད། བོད་ཀྱི་གཏམ་དཔེར“གཏམ་དཔེ”དང“ཁ་དཔེ”ཞེས་ཟེར་ལ།“དཔེ”ནི་དཔེ་བཞག་པའི་དོན་ཡིན་ལ། དེར་ཚིག་དང་། ཐ་སྙད། སྐད་ཆ། རྒྱུན་སྤྱོད་སྐད་ཆ། ལེགས་བཤད། ཤུགས་བསྟན་གཏམ་དཔེ་སོགས་ནང་དོན་འདུས་ཡོད། དེའི་ཕྱིར་བོད་ཀྱི་གཏམ་དཔེའི་ནང་དོན་དང་དར་ཁྱབ་གང་ནས་བལྟས་ཀྱང་སྤྱིར་བཏང་གི་གཏམ་དཔེ་ལས་ཕུན་སུམ་ཚོགས་པ་ཞིག་རེད། སྤྱིར་བཤད་ན། བོད་ཀྱི་གཏམ་དཔེར་ཚིང་ཉུང་ཞིང་གྲལ་དག་པ། དོན་མཐུན་པ། གོ་བདེ་བ་དང་གཏོང་བདེ་བ། སེམས་ལ་འཛིན་བདེ་བ་བཅས་ཀྱི་ཁྱད་ཆོས་ལྡན། རྒྱུན་དུ་ཞབས་བྲོ་དང་བསྟུན་ཆོག བོད་ཀྱི་ཕུན་སུམ་ཚོགས་པའི་རྩོམ་རིག་ཤུལ་བཞག་ཁྲོད། གཏམ་དཔེས་གོ་གནས་གལ་ཆེན་བཟུང་ཡོད། དེ་ནི་བོད་སྐད་ཀྱི་ཉིང་བཅུད་ཡིན་ལ། བོད་རིགས་ཀྱི་མི་རབས་དུ་མའི་ཐུན་མོང་གི་ཉམས་མྱོང་དང་ཤེས་རབ་ཀྱི་ཉིང་བཅུད་ཀྱང་ཡིན། དེ་ནི་རྩྭ་ཐང་སྟེང་ཕྱོགས་ཀུན་བཞད་པའི་མེ་ཏོག་བཞིན་བློས་དཔོག་དཀའ་བ་ཞིག་ཡིན་པ་དང་། མཚོན་དོན་དང་རྣམ་པ་ཡང་ཕུན་སུམ་ཚོགས། དེ་ལ་འཚོ་བའི་ཉམས་མྱོང་མང་པོ་ཕྱོགས་བསྡུ་བྱས་པའི་ནང་དོན་ཡོད་པ་ལས་གཞན་ད་དུང་གྲོགས་འབྲེལ་དང་། བརྩེ་དུང་གི་བྱ་སྤྱོད་ཀྱི་རྩ་དོན་ཡང་འདུ་བ་མ་ཟད། བྱ་དངོས་ལ་ཡང་དག་པའི་ལྟ་ཞིབ་བྱས་ནས་གནས་ལུགས་འཚོལ་སྙེགས་ཀྱི་བྱེད་ཐབས། མཐུན་སྒྲིལ་ཧུར་བརྩོན་དང་འབད་བརྩོན་གྲོན་ཆུང་བྱེད་དགོས་པའི་སློབ་སྟོན་ཡང་འདུས།

    “བོད་ཀྱི་སྤྱི་ཚོགས་ཁྲོད། མི་གང་ཞིག་གིས་གཏམ་དཔེ་ག་ཚོད་རྟོགས་པ་དང་གཏམ་དཔེ་ག་ཙམ་ཡང་དག་པའི་བཀོལ་སྤྱོད་བྱེད་ཐུབ་མིན་ནི་མི་རྣམས་ཀྱིས་དེར་ཁ་ལྕེ་བདེ་མིན་དང་། ཤེས་རབ་ཡོད་མེད། རྒྱུན་ཤེས་ལྡན་མིན་གྱི་ཚད་གཞི་ཞིག་ཏུ་གྱུར་ཡོད་པ་མ་ཟད། མི་རྣམས་ཀྱིས་དེར་གོང་བཀུར་བྱེད་མིན་གྱི་ཆ་རྐྱེན་ཞིག་ཏུའང་བརྩི་བཞིན་ཡོད་པས།”བོད་རིགས་ཀྱི་གཏམ་དཔེར་མཚོན་ན། གཏམ་དཔེ་བཤད་པ་དང་། གཏམ་དཔེ་སྤྱོད་པ་དེའང་དམངས་སྲོལ་གྱི་རྣམ་གྲངས་ཤིག་རེད། བོད་ཀྱི་གཏམ་དཔེར“གཏམ་དཔེ་མེད་ན་གཏམ་བཤད་དཀའ་ལ། ཡུ་བ་མེད་ན་ལག་ཏུ་ཐོགས་དཀའ”དང་།“ཆང་གི་ཞིམ་པོ་བསྙལ་ཆང་དང་། གཏམ་གྱི་སྙན་མོ་གཏམ་དཔེ”ཞེས་པ་ལྟར་བོད་ཀྱི་གཏམ་དཔེ་ཁྲོད་བསམ་བློའི་དམངས་སྲོལ་མཚོན་པའི་ནང་དོན་མང་པོ་འདུ་སྟེ། དཔེར་ན།

    “ཆུ་འགོ་གངས་དང་། ཆོས་འགོ་ཤྰཀྱ”

    “བརྩོན་པའི་རྒྱུ་མེད་ན། དགའ་བའི་འབྲས་མེད”ཞེས་པ་བཞིན།

    གཏམ་དཔེ་འདི་གཉིས་ཀྱིས་ནང་བསྟན་གྱི་འབྱུང་ཁུངས་འཆད་ནས་བོད་རིགས་ཀྱི་ལས་དབང་སྨྲ་བའི་ལྟ་བུ་མཚོན་ཡོད་ལ། ཁོ་ཚོས་མིའི་ལས་དབང་ནི་སྐྱེ་བ་སྔོན་མར་དབང་པར་ཡིད་ཆེས་ཆེན་པོ་བྱས་ཏེ་བློ་སེམས་རྩེ་གཅིག་གི་ནང་བསྟན་ལ་སྒྲུབ་སྦྱོང་བྱས་ན་སྐྱེ་བ་ཕྱི་མའི་བདེ་སྐྱིད་ཐོབ་པར་རེ་བའོ། །

    བོད་རིགས་ཀྱི་གཏམ་དཔེའི་ཁྲོད་རང་བྱུང་གི་དད་པ་མཚོན་པའི་ནང་དོན་ཡང་ཡོད་དེ། དཔེར་ན། གནམ་སའི་དད་པ་དང་རང་བྱུང་སྣང་ཚུལ་གྱི་འགྲེལ་བཤད་བྱས་ཡོད་པ།

    “ལས་དགེ་སྡུག་ཅི་ཞིག་བགྱིས་པ། གནམ་སྔོན་པོས་སྤྱན་གྱིས་གཟིགས་ཡོད”ཅེས་པ་དེས་བོད་རིགས་མང་ཚོགས་ཀྱིས་སྐྱེ་དངོས་ཀུན་ལ་ཚེ་སྲོག་ཡོད་པའི་གདོད་མའི་དད་པ་མཚོན།

    བོད་ཀྱི་དམངས་ཁྲོད་དུ་ཀློང་བརྡོལ་པའི་གཏམ་དཔེ་དག་གི་ཁྲོད་དུ་ད་དུང་བོད་རིགས་ཀྱི་ཐོན་སྐྱེད་དང་། འཚོ་བའི་ཉམས་མྱོང་། འཚོ་སྡོད། བཟའ་བཏུང་བཅས་ཀྱི་ནང་དོན་གྱི་དམངས་སྲོལ་ཡང་མཚོན་ཡོད་པ། དཔེར་ན། 《ས་སྐྱ་ལེགས་བཤད》དང་《དགེ་ལྡན་ལེགས་བཤད》ཀྱི་ཁྲོད་དུ་མང་ཤོས་ནི་ཆོས་ལུགས་དད་མོས་དྲིལ་སྒྲོག་དང་མཁས་བླུན་གྱི་དབྱེ་བར་བརྟག་པ། དད་པའི་ནང་དོན་བཅས་ཀྱི་དམངས་སྲོལ་རེད།“འདི་ལྟར་བརྗོད་ཆོག་སྟེ། གཏམ་དཔེ་ནི་མི་རིགས་མི་འདྲ་བའི་མི་དམངས་ཀྱི་ཤེས་རབ་ཀྱི་ཉིང་བཅུད་དང་། བསམ་བློའི་རྣོ་དབལ། ། སྐད་ཆའི་ཉིང་བཅུད་ཡིན་ཏེ། དེ་ནི་མི་རིགས་ཀྱི་རིག་གནས་རྨང་གཞི་སྟུག་པོ་དེར་སིམ་ནས་ད་གཟོད་རྣམ་པ་མི་འདྲ་བའི་ནང་དོན་ཕུན་སུམ་ཚོགས་པ་མངོན་ཡོད་ལ། རྩོམ་རིག་རིན་ཐང་ལས་གཞན་རིག་གནས་ཚན་རིག་གི་རིན་ཐང་ལྡན་པའང་མཐོང་ཐུབ།”

    གཉིས།

    བོད་ཀྱི་དམངས་ཁྲོད་ཁེད་ལ་སྤྱིར་བཏང་དུ“གབ་ཚིག”ཅེས་བརྗོད་ཀྱིན་ཡོད། བྱང་ཐང་གི་འབྲོག་ཕྱོགས་ས་ཁུལ་དུ“ལྡེའུ”ཞེས་ཀྱང་འབོད། “ཁེད་བཤད་པ་ནི་བོད་ཀྱི་གནའ་བོའི་རིག་གནས་ཤིག་ཡིན་ལ། བོད་ཀྱི་དམངས་སྲོལ་གྱི་ནང་དོན་ཞིག་ཀྱང་ཡིན་པས་བོད་ཁུལ་གྱི་ས་ཕྱོགས་ཀུན་ཏུ་དར་ཁྱབ་ཤིན་ཏུ་ཆེ། ན་ཚོད་དང་སྒྲིག་གཞི་ལྟར་ན། བོད་རིགས་ན་གཞོན་རྣམས་ནི་ཁེད་བཤད་པར་སྤྲོ་བ་ཤིན་ཏུ་ལྡན”ཞིང་། དེའི་ལུགས་སྲོལ་དང་བྱེད་ཐབས་ས་ཆ་སོ་སོར་ཅུང་མི་འདྲ་ནའང་། ཅུང་གཅིག་གྱུར་ཡིན་པའི་ཐབས་གཙོ་བོ་ནི། གབ་ཚིག་མ་བཤད་པའི་སྔོན་དུ་གཅིག་ནི་གནམ་གྱི་རུ་ཁྱིམ་དང་། ཅིག་ཤོས་ནི་སའི་རུ་ཁྱིམ་བྱས་ནས་ཕྱོགས་གཉིས་སུ་བགོ་བཞིན་ཡོད། ཡང་ཅིག་བཤད་ན། གཤོག་པ་ཅན་གྱི་བར་སྣང་དུ་འཕུར་རུང་པའི་འདབ་ཆགས་ཡོད་ཚད་ནི་གནམ་གྱི་རུ་ཁྱིམ་དང་། རྐང་བཞི་ས་ཐོག་ཏུ་འགྲོ་རུང་པའི་དུད་འགྲོའི་རིགས(མི་ཡང་འདུ)ཡོད་ཚད་ནི་སའི་རུ་ཁྱིམ་དུ་གཏོགས། དེའི་རྗེས་དངོས་སུ་གབ་ཚིག་འཆད་འགོ་རྩོམ་སྟེ། ཕྱོགས་གཅིག་གིས་དྲི་བ་འདོན་པ་དང་ཕྱོགས་གཅིག་གིས་ལན་བཏབས་ནས་ཕན་ཚུན་བར་འགྲན་བསྡུར་བྱེད་ཀྱིན་ཡོད། གལ་ཏེ་ཕྱོགས་གཅིག་གིས་ཕ་རོལ་གྱི་དྲི་བར་ལན་འདེབས་ཐུབ་པ་བྱུང་ན་

    ཕ་རོལ་གྱི་རུ་ཁྱིམ་ལས་རུ་གཅིག་ཚུར་བླངས་ཆོག་པ་དང་། གལ་ཏེ་ལན་འདེབས་མ་ཐུབ་ན་རང་གི་རུ་ཁྱིམ་ལས་ཕ་རོལ་ལ་རུ་གཅིག་སྤྲོད་ཀྱིན་ཡོད། མཐར་རུ་ཁྱིམ་གྱི་མང་ཉུང་ལ་གཞིགས་ནས་རྒྱལ་ཕམ་དབྱེ་བཞིན་ཡོདཞ རྒྱལ་ཁའི་ཕྱོགས་ཀྱིས་ཕ་རོལ་ལ་ཟུར་ཟ་བྱས་ནས་ཕ་རོལ་བ་ཁ་སྐྱེངས་པར་བྱས་ན་སྐད་ཆའང་སྨྲ་མི་ཕོད་པར་བྱ། གབ་ཚིག་འཆད་པའི་རྒྱུད་རིམ་ནི་སྤྲོ་ལྡན་ཞིང་འགྲན་རྩོད་ཆེ་བ། དུས་དང་རྣམ་པ་ཀུན་ཏུ་དགའ་སྤྲོའི་དགོད་སྒྲས་ཁེངས་ཡོད། སྤྱིར་བཏང་གབ་ཚིག་མ་བཤད་པའི་སྔོན་དུ་དམ་བཅའི་གབ་ཚིག་ཅིག་བརྗོད་ཀྱིན་ཡོད། དམ་བཅའ་བཞག་ཚེ་ངེས་པར་དུ་རྒྱལ་ཕམ་གསལ་བོར་འབྱེད་དགོས། བོད་ཀྱི་ཁེད་བཤད་པའི་བྱེད་སྒོར་རང་སྟེང་དང་བརྒྱུད་རིམ་། བྱེད་ཐབས་ཐད་དམངས་སྲོལ་གྱི་ནང་དོན་སྟུག་པོ་ལྡན་པ་ལས་གཞན། གབ་ཚིག་གི་ནང་དོན་ཐད་ཀྱང་བོད་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དམངས་སྲོལ། ཆོས་ལུགས་དད་མོས་དམངས་སྲོལ། གྱོན་གོས། རྒྱན་ཆའི་དམངས་སྲོལ། བཟའ་བཏུང་། གཞི་སྡོད་དམངས་སྲོལ་སཽགས་ཀྱི་གནམ་སའི་འཇིག་རྟེན་དང་། རང་བྱུང་སྐྱེ་དངོས་བཅས་ཀྱི་ནང་དོན་ཡང་མཚོན་ཡོད། དེའི་ཁྲོད་ཐོན་སྐྱེད་དང་འཚོ་བ་མཚོན་པའི་དམངས་སྲོལ་ཤིན་ཏུ་མང་སྟེ། དཔེར་ན།

    “ལྕགས་ར་གྲུ་བཞིའི་ནང་ན་རྟ་བཙོང་ཞིག་ཡོད། རྟ་དེད་ནས་ཡང་རྒྱུགས་མ་རྒྱུགས”ཁེད་ལན། “རྩམ་པ་བརྔོ་བ།”

    འདི་ལྟ་བུའི་གབ་ཚིག་གིས་བོད་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དམངས་སྲོལ་མཚོན་ཡོད་པ་མ་ཟད། མི་རིགས་ཀྱི་ཁྱད་ཆོས་ཀྱང་སྟུག་པོ་ཞིག་ལྡན་པས་བལྟས་མ་ཐག་ཏུ་བོད་རིགས་ཀྱི་ཐོན་སྐྱེད་དང་། འཚོ་བའི་ནང་དོན་ཕུན་སུམ་ཚོགས་པ་དེ་བྲིས་ཡོད་པ་རྟོགས། གཞན་ད་དུང་། བོད་ཀྱི་བཟའ་བཏང་དང་། གཞི་སྡོད་དམངས་སྲོལ་མཚོན་པའི་གབ་ཚིག་ཀྱང་མང་པོ་ཡོད་དེ། དཔེར་ན་གཤམ་གསལ་ལྟར།

    “གད་ཐོག་ན་ལུ་གུ་རྩེ་རྩེ། གད་འོག་ན་ཁང་སྐྱ་འབབ་འབབ། ”ཁེད་ལན།“རྩམ་པ་འཐག་པ”

    “འོག་རྒྱ་མཚོ། ཀླད་གངས་རི། རྩེ་རུ་བྱ་རྒོད་ལྔ་ཡིས་ལྡིང་སྐོར་རྒྱག”ཁེད་ལན།“རྩམ་པ་བརྫི་བ”

    གབ་ཚིག་ཁེད་པ་དེས་ཀླད་པའི་བསམ་གཞིགས་ཀྱི་ནུས་པ་དང་། དབྱེ་ཞིབ་ནུས་པ་མཐོར་འདེགས་གཏོང་པ་མ་ཟད། ཤེས་རབ་ཐོན་སྤེལ་དང་བློ་སྒོ་འབྱེད་པར་ཡང་ཕན་ཐོགས་ཆེན་པོ་ལྡན་པས་ལུས་སེམས་བདེ་ཐང་ལ་ཕན་པ་ལྡན་པའི་བྱེད་སྒོ་ཞིག་རེད། བོད་རིགས་ཀྱི་གབ་ཚིག་ནི་དངོས་པོའི་ཁྱད་ཆོས་ཉིང་བསྡུས་དང་། མཚར་སྡུག་ལྡན་པའི་ཞིབ་འབྲི་དང་ཁྱད་མཚར་པའི་བློ་རྟོགས་གནང་ནས། བོད་རིགས་མི་དམངས་ཀྱི་ཕུལ་དུ་བྱུང་པའི་ཤེས་རབ་དང་འཇོན་ཐང་མཚོན་པར་བྱས་ཡོད་ལ། སྣང་བརྙན་དང་། དཔེ་བཀོད་པ། ཞིབ་འབྲི་བྱེད་ཐབས་བཅས་ཀྱིས་གབ་ཚིག་ལ་ནང་དོན་ཕུན་ཚོགས་དང་མི་རྣམས་ལ་སྤྲོ་བ་བསྐྱེད་པར་བྱས་ཡོད།

    གསུམ།

    དམངས་གླུ་ལ་དུང་བརྗོད་སྙན་ངག་ཐུང་ངུའི་དམངས་ཁྲོད་གླུ་གཞས་དང་དམངས་ཁྲོད་སྙན་ངག་རིང་གྲས་གཉིས་ཡོད། བོད་ཀྱི་དམངས་གླུའི་ལོ་རྒྱུས་ཧ་ཅང་རིང་སྟེ། 《ལ་དྭགས་རྒྱལ་རབས》སུ་བཀོད་པ་ལྟར་ན། ཡར་ལུང་རྒྱལ་རབས་ཀྱི་སྐབས་ནས་བཟུང་(ཕལ་ཆེར་དུས་རབས་༢པའི་ཡས་མས)“བྲོ་གར་དར་ཁྱབ་བྱུང”ཡོད། དེར་ལོ་རྒྱུས་ཀྱི་གོ་རིམ་བརྒྱུད་ནས་དེང་སྐབས་བོད་རིགས་མང་ཚོགས་ཀྱི་ཉིན་རྒྱུན་འཚོ་བའི་ཁྲོད་དུ་ཡོངས་སུ་འཐིམས་ཡོད་པ་ནི། དཔེར་ན། ཐོན་སྐྱེད་ངལ་རྩོད་དང་། དུས་ཆེན། མགྲོན་བསུ། རོལ་རྩེད་བྱེད་སྒོ། སྨོན་འདུན། བརྩེ་དུང་གླེང་པ། གཡུལ་འགྱེད་པ། ཚོང་རྒྱག་སོགས་ཀྱི་ཡུལ་གང་སར་ལེན་གྱིན་ཡོད་པས། དོན་ངོ་མར“གླུ་ནི་འཚོ་བའི་ཕྱིར་དང་། འཚོ་བ་ནི་གླུའི་ཆེད་གནས་པ”ལྟར་སྣང་། བོད་རིགས་ཀྱི་དམངས་གླུའི་ཁྲོད་དམངས་སྲོལ་གྱི་ཆ་ཡོངས་སུ་སྣང་། དེར་དངོས་པོའི་དམངས་སྲོལ་དང་། སྤྱི་ཚོགས་དམངས་སྲོལ། བསམ་བློའི་དམངས་སྲོལ། སེམས་ཁམས་དམངས་སྲོལ་སོགས་ཀྱི་ཕྱོགས་མང་པོ་འདུ་པས། བོད་རིགས་ཀྱི་དམངས་གླུ་ནི་མ་གཞི་ནས་བོད་ཀྱི་དམངས་སྲོལ་གྱི་རྟེན་མཛོད་ཁང་གསོན་པོ་ཞིག་ཡིན། བོད་ཀྱི་དམངས་གླུ《སྲིད་པའི་རི་རྒྱལ་བཞིའི》ཁྲོད་འདི་ལྟར་བཀོད་ཡོད།

    “རི་རྒྱལ་དང་པོ་རྩེ་ཐང་མགོན་པོ་རི། རིའི་སྟེང་དུ་སྤྲེའུ་བྲག་སྲིན་བཞུགས། བོད་ཀྱི་རིགས་རྒྱུད་འདི་ནས་འཕེལ་པ་ཡིན། རི་རྒྱལ་གཉིས་པ་བསམ་ཡས་ཤེལ་པོ་རི། སློབ་དཔོན་པདྨས་འདི་གར་སྒྲུབ་སྦྱོང་མཛད། ནང་བའི་བསྟན་པའི་འབྱུང་ཁུངས་འདི་ནས་ཡིན། རི་རྒྱལ་གསུམ་པ་ལྷ་སའི་རྒྱལ་པོ་རི། རིའི་སྟེང་སངས་རྒྱས་སྨན་བླའི་བཞུགས་ཁྲི་ཡོད།བོད་ལུགས་གསོ་རིགས་འདི་ནས་དར་པར་ཡིན། རི་རྒྱལ་བཞི་བ་ལྕག་ཟམ་རི། ཐང་སྟོང་རྒྱལ་པོ་འདི་རུ་བཞུགས་པ་ཡིས། བོད་ཀྱི་ཟམ་པའི་ཐོག་པ་འདི་རུ་བཏིངས”ཞེས་བཀོད་ཡོད།

    དེས་བོད་རིགས་ཀྱི་རང་བྱུང་དད་པའི་ཁྲོད་ཀྱི་རི་བོའི་དད་པ་མངོན་སུམ་དུ་མཚོན ། གདོད་མའི་དུས་སུ། བོད་རིགས་ཀྱི་ཕ་མེས་རྣམས་ཀྱིས་རང་གི་འཚོ་བ་དང་ཐོན་སྐྱེད་ངལ་རྩོད་ལ་འབྲེལ་བ་ངེས་ཅན་ལྡན་པའི་རང་བྱུང་དངོས་པོ་ནི་ཚེ་སྲོག་དང་རྣམ་ཤེས་ལྡན་པར་འདོད་ཅིང་། དེ་དག་ནི་ལྷ་རྣམས་ཀྱི་སྤྲུལ་གཟུགས་ཡིན་པ་དང་། རང་གི་ཉེ་འཁོར་དུ་འབྱུང་གྱིན་པ་དང་འགྲེལ་དཀའ་བའི་རང་བྱུང་སྣང་ཚུལ་དག་ནི་ལྷ་དེ་རྣམས་ཀྱི་མི་ལས་བརྒལ་བའི་ནུས་མཐུ་ཁྱད་མཚར་པ་ལས་མངོན་པར་འདོད་པ་མ་ཟད། “ཁྱད་མཚར་པའི་ནུས་མཐུ་ལྡན་པའི”ལྷ་རྣམས་ཀྱིས་མིའི་ལས་དབང་ཁ་ལོ་སྒྱུར་གྱིན་ཡོད་པར་འདོད། མི་རྣམས་ཀྱིས་གསོལ་སྨོན་གྱིས་བར་ཆད་སེལ་པ་དང་། འཆར་ཡན་དང་གསོལ་འདེབས་ལ་བརྟེན་ནས་ལྷ་རྣམས་ཐུགས་དགྱེས་སུ་བཅུག་ནས་མགོན་སྐྱོབ་དང་དཔུང་རོགས་མཛད་པར་སྨོན་གྱིན་ཡོད་པ་དང་བསྟུན། བོད་རིགས་ཀྱི་གདོད་མའི་དད་པ་དང་རང་བྱུང་དད་པ་བྱུང་བ་རེད།

    བོད་རིགས་ལ་ལྷ་རིའི་དད་པ་ཡོད་པ་མ་ཟད། ལྷ་མཚོའི་དད་པའང་ཡོད་དེ། བོད་ལྗོངས་སུ་རི་མཐོ་མཚོ་ཆེན་མང་ཤོས་ལ་ལྷའི་རང་བཞིན་བསྩལ་ཏེ། དེ་རྣམས་ལྷ་སྒྲུང་ཁྲོད་ཀྱི་ལྷའི་རྣམ་ཤེས་དང་འབྲེལ་བ་དམ་པོར་བྱས་ཡོད་ཕྱིར། བོད་རིགས་མི་དམངས་ཀྱིས་ས་ཁུལ་འདི་དག་ཏུ་འུར་སྒྲོག་པ་དང་རྒྱུ་འབྲས་མེད་པའི་ལས་སྒྲུབ་ན་གྱོང་གུད་ཆེན་པོ་འབྱུང་ལ། དེ་ལས་ལྡོག་ནས་དད་པ་རྩེ་གཅིག་གིས་གནས་སྐོར་དང་མཚོ་སྐོར་རྒྱབ་ན་ལྷ་རྣམས་དགྱེས་ནས་མགོན་སྐྱབས་མཛད་པའོ།

    བོད་ཀྱི་གཉེན་སྟོན་ཁྲོད་ལེན་པའི་གླུ་ཡིས་བོད་རིགས་ཀྱི་གཉེན་སྟོན་གྱི་རྣམ་པ་ཡོངས་སུ་མཚོན་ཐུབ་པ་མ་ཟད། དེའི་ཁྲོད་མཚོན་པའི་དམངས་སྲོལ་གྱི་ནང་དོན་ཡང་ཕུན་སུམ་ཚོགས་པ་ཞིག་རེད། གཉེན་སྟོན་གྱི་གླུའི་ཁྲོད་ང་ཚོས་ཚིག་འདི་འདྲ་མཐོང་ཐུབ་སྟེ།“ཁྱོད་ལ་མཛངས་མའི་མཛེས་པ་ལྔ་ལྡན། གཅིག་ནི་དཀོན་མཆོག་གསུམ་ལ་མཆོད་པ་དང། གཉིས་ནུ་དབུལ་བོ་རྣམས་ལ་ཕངས་སྦྱིན། གསུམ་ནི་དྲིན་ཆེན་ཕ་མར་བརྩི་བཀུར། བཞི་ནི་ཁྱིམ་གྱི་ལས་བྲེལ་བ། ལྔ་ནི་རྒྱུན་པར་དགེ་བ་སྒྲུབ་པ”བཅས་བཀོད་ཡོད། འདི་ནི་ཡུམ་ཆེན་གྱིས་བུ་མོ་གནས་ལ་འགྲོ་ཁར་གནང་པའི་ཁ་ཏ་ཡིན་ལ། བོད་རིགས་ཆོས་ལུགས་དད་མོས་དང་། མི་ལ་བསྟུན་ཐབས། འཚོ་བའི་ཉམས་མྱོང་སོགས་དམངས་སྲོལ་དང་རྒྱུད་འཛིན་བྱེད་ཐབས་མཚོན་ཡོད། དེར་མཐུད་ནས། ཨ་མས་ཡང“ཟས་འགོ་མ་དཀོན་མཆོག་གསུམ་ལ་མཆོད། ཟས་བར་མ་དྲིན་ཆེན་ཕ་མར་མཆོད། ཟས་གསུམ་པ་རང་གི་ཁྱོ་གར་མཆོད། དེའི་འཕྲོ་བ་རང་གིས་བཏུང་པར་བྱ། འདི་སྨན་ཆུང་བུ་མོས་མཛེས་པ་ཡིན”ཞེས་བླངས་ཤིང་། ཨ་མའི་གླུ་ཚིག་ལས་སྐབས་དེའི་སྤྱི་ཚོགས་ལམ་ལུགས་ཀྱི་དོན་དངོས་རྣམ་པ་དང་ཁྱིམ་ཚང་ཁྲོད་བུད་མེད་ཀྱི་གོ་གནས་མཚོན་ཡོད་པ་མ་ཟད། གླུའི་ཁྲོད་ང་ཚོས་ད་དུང་བག་གསར་གྱི་ས་མཐོའི་གྱོན་ཆོས་ཀྱི་ཁྱད་ཆོས་ཀྱང་མཚོན་ཡོད་དེ།“གོས་ཚར་རུའི་ལྭ་བ་གྱོན་པ། དངུལ་གྱི་རྒྱན་ཆ་སྤྲོས། ལྦ་མོས་ཞྭ་མོ་གྱོན་པ། གཡ་བྱུ་རུའི་སྐེ་རྒྱན་བཏགས་པ།བཀྲ་ཤིས་རི་མོ་ཅན་གྱི་འཇུར་ཏ་གྱོན་པ”ཞེས་པ་ལྟར་རོ།

    བོད་རིགས་གཉེན་སྟོན་གྱི་བག་མ་ལེན་པའི་བྱེད་སྒོའི་ཁྲོད། ཕོ་ཕྱོགས་ཀྱི་མི་སྣ་གཙོ་བོ་ཞིག་གིས་བཀྲ་ཤིས་ཤིས་ཚིག་འབུལ་དགོས་ཤིང་། མི་དེ་ནི་ཤེས་བྱ་ཕུན་སུམ་ཚོགས་ལ་བློ་རིག་མྱུར་དགོས་པ། གཤིས་རྒྱུད་ཡག་ཅིང་ཁ་ལྕེ་བདེ་བ་ཞིག་ཡིན་དགོས། ཤིས་ཚིག་འབུལ་བ་ནི་གཉེན་སློང་གི་གོ་རིམ་ཁྲོད་མཐོང་པའི་བཀྲ་ཤིས་པའི་ལྟས་ཡོད་ཚད་གླུ་ལས་མངོན་དགོས་པ་མ་ཟད། གཉེན་གྱི་ཕྱོགས་གཉིས་ནས་མཐོང་པའི་དངོས་པོ་དག་ལ་བསྟོད་པ་ཐེངས་གཅིག་བྱེད་དགོས། བག་མ་དམག་པའི་ཁྱིམ་དུ་བསུས་རྗེས། ཤིས་ཚིག་འབུལ་མཁན་གྱིས་གླུ་ལེན་པའི་ཚུལ་གྱིས་གཉེན་སྟོན་ལ་འགོ་འཛིན་མཛད་པ་དང་། བག་གསར་དམག་གསར་ལ་བསྟོད་པ་བྱེད་དགོས། དེས་གླུ་ཚིག་ལས་དམངས་སྲོལ་གྱི་སྣང་ཚུལ་མང་པོ་མཐོང་ཐུབ་སྟེ། བོད་རིགས་ཀྱིས་ཁ་དོག་དཀར་པོར་དད་པ་དང་། མདའི་དད་པ། ཇ་རྟའི་ཚོང་ལམ། རྒྱ་བོད་གཉེན་སྒྲིག་སོགས་ཆོས་ལུགས་དང་འཚོ་བ། དཔལ་འབྱོར་སོགས་དམངས་སྲོལ་གྱི་ཕྱོགས་མང་པོ་མཐོང་ཐུབ།

    བོད་རིགས་ཀྱི་ཕ་མེས་རྣམས་ཀྱིས་གདོད་མའི་དུས་སུ་རི་དྭགས་རྔོན་པའི་བྱེད་སྒོའི་ཁྲོད་མདའ་དང་མདུང་གསར་གཏོད་གནང་ནས་རི་དྭགས་རྔོན་པའི་ནུས་པ་མཐོར་འདེགས་ཆེན་པོ་བྱུང་པ་མ་ཟད། རང་ཕྱོགས་ཀྱི་ཉེན་ཁའང་མེད་པར་བཟོས། གཞན་མདའ་མདུང་ནི་དམག་འཁྲུག་ཁྲོད་རྒྱལ་ཁ་ལོན་མིན་དང་དགྲ་བོ་ཚད་གཅོད་ཐུབ་མིན་གྱི་དྲག་ཆས་གོ་ཆོད་པ་ཞིག་རེད། ཁོ་ཚོས་བལྟས་ན། མདའ་མདུང་ཆུང་ཆུང་ལ་གནོད་ཤུགས་དེ་འདྲའི་ཚབས་ཆེན་ཞིག་ཡོད་པ་ནི་གནམ་རྒན་མས་ལྷའི་ནུས་མཐུ་གནང་པར་འདོད་ཕྱིར། བོད་རིགས་ཀྱིས་གཉེན་སྟོན་ཁྲོད་མདའ་ནི་མངོན་གསལ་གྱི་གནས་སུ་བཞག་ནས་བསྟོད་པ་བྱེད་ཀྱིན་ཡོད་ལ། ཉིན་རྒྱུན་གྱི་ཐོན་སྐྱེད་དང་། འཚོ་བ། དཔེར་ན་ཞིང་རྨོ་བ་དང་ལོ་ལེགས་བསྡུ་བའི་སྔོན། དམག་འཁྲུག་རྒྱག་པའི་སྔོན། བུ་བཙའ་བའི་རྗེས་སུ་མདའི་སྐོར་གྱི་ཆོ་ག་མང་པོ་སྒྲུབ་ཀྱིན་ཡོད་དེ། མདའ་ལ་ འགྲན་ཟླ་བྲལ་བའི“ལྷའི་ནུས་མཐུ”ལྡན་པས་ལྷས་མགོན་སྐྱབས་གནང་ནས་འཇིགས་ཉེན་ཐམས་ཅད་སེལ་བར་བྱས་ནས། ལོ་ལེགས་ཕུན་སུམ་ཚོགས་པར་འབྱུང་པ་དང་། མི་ཕྱུགས་ལ་ན་ཚ་མེད་པར་བདེ་སྐྱིད་ལྡན་པའི་གྲོགས་བྱེད་པར་བསམ་ཡོད།

    གོང་གསལ་ལྟར། བོད་རིགས་ཀྱི་དམངས་ཁྲོད་རྩོམ་རིག་ཁྲོད་ཀྱི་གཏམ་དཔེ་དང་། གབ་ཚིག སྙན་ངག་བཅས་ནི་ཉིན་རྒྱུན་འཚོ་བ་དང་ཐོན་སྐྱེད་ཁྲོད་མེད་དུ་མི་རུང་པའི་དམངས་སྲོལ་བྱེད་སྒོ་ཞིག་ཡིན་ལ། དེར་འདུས་པའི་དམངས་སྲོལ་སྣང་ཚུལ་ནི་དེ་ལས་ཀྱང་ཕུན་སུམ་ཚོགས་ཤིང་། འགྲན་ཟླ་བྲལ་བ་ཞིག་ཡིན་པས། དེ་ནི་ང་ཚོས་བོད་རིགས་ཀྱི་དངོས་པོ་དང་། བསམ་བློ། སྤྱི་ཚོགས། སེམས་ཁམས་བཅས་ཀྱི་དམངས་སྲོལ་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་ཁུངས་ལྡན་དང་། གསོན་ཉམས་ལྡན་པ་ཞིག་ཡིན་ལ། བོད་རིགས་ཀྱི་མཐའ་ཡས་གཏིང་ཟབ་པའི་རིག་གནས་ལ་ངོས་ཟིན་བྱེད་པའི་སྒེའུ་ཁུང་ཞིག་ཀྱང་རེད་དོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག