མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

རིག་གནས་ཡོད་ཚེ་ད་གཟོད་ང་ཚོར་ཡོད་ཚད་ཡོད—གནའ་བོའི་བོད་སྐད་ཡིག་ལ་གསོན་ཤུགས་གསར་བ་རྒྱས།

རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭའི་དྲ་བ།  2014-02-12 10:25

    ཟླ༢པའི་ཚེས༦ཉིན་ཤིན་ཧྭ་དྲ་བའི་ལྷ་ས་ནས་འབྱོར་བའི་འཕྲིན། ཁ་བྱང་ལ། རིག་གནས་ཡོད་ཚེ་ད་གཟོད་ང་ཚོར་ཡོད་ཚད་ཡོད—གནའ་བོའི་བོད་སྐད་ཡིག་ལ་གསོན་ཤུགས་གསར་བ་རྒྱས།

    ཕོ་བྲང་པོ་ཏ་ལ་དང་བར་ཐག་རྨིད་བརྒྱ་ཙམ་གྱི་སར་ཡོད་པའི་བོད་ལྗོངས་དཔེ་མཛོད་ཁང་ལ་བསྐྱོད་དུས། ལྷིང་འཇགས་ཀྱི་ཐོག་ཁང་ཆེན་མོ་དེས་ཕྱི་རོལ་གྱི་འདུ་འཛི་ཆེ་བའི་དུས་ཆེན་གྱི་ཁ་དབུགས་རང་དུ་བསྐྱར། བོད་སྐད་ཡིག་ཀློག་དེབ་ཁང་གི་བོད་ལུགས་སྒོ་ཡོལ་ཕྱེ་ནས་ལྟ་དུས། སློབ་མ་ཧ་ལམ་༡༠༠ཙམ་བོད་ལུགས་ཁ་གདན་དུ་བསྡད་དེ་བློ་གཅིག་ཏུ་སྒྲིམ་ནས་ཟིན་བྲིས་འབྲི་བ་དང་། སྒྲོག་ཙེ་སྟེང་གི་སྒྲ་ཕབ་ཆས་ཀྱང་གློག་འོད་ལམ་ལམ་གྱིས་སྒྲ་ཕབ་བཞིན་འདུག

    ང་ཚོས་སློབ་མ་༤༠བསྡུ་བའི་འཆར་གཞི་ཡོད་མོད། སློབ་ཁྲིད་དངོས་སུ་འགོ་བརྩམས་རྗེས་སྤྱི་ཚོགས་ཐོག་སློབ་མཁན་གྱི་མི་ཧ་ཅང་མང་ལ། མིང་ཐོ་འགོད་མཁན་གྱི་གྲངས་ཀ་དེ་སྔོན་རྩིས་ལས་བརྒལ། མིག་སྔར་སྒྲའི་སློབ་ཁྲིད་ཀྱི་སློབ་མ་༡༢༠ཡོད་པས། ནམ་རྒྱུན་སློབ་ཁྲིད་ཀྱི་སྐབས་སུ་འདུག་སྟེགས་ཀྱིས་མི་འདང་སྟེ། ལ་ལ་ཤིང་གཅལ་དུ་སྡོད་པ་ལས་ཐབས་མ་བྱུང་། ཚང་མས་སློབ་སྦྱོང་ལ་སྤྲོ་བ་འདི་འདྲ་ཆེ་བ་མཐོང་ཚེ། ང་ཚོར་སྐུལ་ལྕག་ཐེབས་ཞེས་བོད་ལྗོངས་དཔེ་མཛོད་ཁང་གི་འགོ་གཙོ་གཞོན་པ་སྤེན་པ་ཚེ་རིང་གིས་ད་ལོ་དགུན་དུས་ཀྱི་མཁས་པ་གྲགས་ཅན་གྱི་བོད་སྐད་ཡིག་འཆད་ཁྲིད་སྐོར་གླེང་སྐབས་སྤྲོ་བ་ཚད་མེད་ངང་གསར་འགོད་པར་དེ་སྐད་ཟེར།

    བོད་ལྗོངས་དཔེ་མཛོད་ཁང་ནང་གི་བོད་སྐད་ཡིག་སློབ་སྦྱོང་གི་ཚ་རླབས་འདི་དང་མཚུངས་པར། ལྷ་ས་གྲོང་ཁྱེར་དུང་དཀར་སྐད་ཡིག་སློབ་གྲྭའི་སྤྱིར་བཏང་གི་བོད་ལུགས་ཐོག་ཁང་གཉིས་ནང་གི་ཀློག་འདོན་སྐད་སྒྲ་དེ་ཡང་སྲང་ལམ་ཡོངས་ལ་ཁྱབ་འདུག།

    དུང་དཀར་སློབ་གྲྭའི་སློབ་གཙོ་བསྟན་འཛིན་དོན་གྲུབ་ཀྱིས་ངོ་སྤྲོད་ལྟར་ན། ༡༩༩༤ལོར་སློབ་གྲྭ་འདི་བཙུགས་པའི་ཚུན་ལ། སློབ་གྲྭས་བོད་སྐད་ཡིག་གི་འཇོན་མི་ཁྲི་༢ལྷག་གསོ་སྐྱོང་བྱས། དེའི་ནང་དུ་ཀྲུང་གོའི་མི་རིགས་ཁག་ནས་ཡོང་བའི་སློབ་མ་དང་། རྒྱལ་ཕྱིའི་གྲོགས་པོ་མི་ཉུང་བ་བཅས་འདུས་ཡོད། ལོ་ན་༦༠ལ་སོན་པའི་ལས་འཁྱུར་ངལ་གསོ་བ་བགྲོས་སོང་སྐལ་བཟང་ལྷ་མོས་སྔོན་ཆད་ཁྱིམ་ནས་ཚ་བོ་ཚ་མོར་བདག་སྐྱོང་བྱས། ད་ཆ་ཁོ་ཚོ་ཚང་མ་ནར་སོན་པས། ང་རང་སློབ་སྦྱོང་དུ་འོང་བ་ཡིན་ཟེར།

    ལོ་རྒྱུས་ཡིག་ཚང་ལས། བོད་སྐད་ཡིག་ནི་དུས་རབས་བདུན་པའི་སྔ་གཞུག་ཏུ་བོད་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་ཆེན་ཐོན་མི་སམྦྷོཊས་ཐོག་མར་བཏོད་པ་དང་། བོད་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཁྱབ་གདལ་བཏང་བར་བརྟེན། ཀྲུང་གོའི་བོད་རིགས་མང་ཚོགས་འདུས་སྡོད་ཁུལ་གྱི་སྤྱི་སྐད་ཅིག་ཏུ་གྱུར། བོད་ཞི་བས་བཅིངས་འགྲོལ་བཏང་བའི་ཚུན་ལ། བོད་སྐད་ཡིག་གི་བོད་ལྗོངས་ཀྱི་གོ་གནས་གལ་ཆེན་ལ་སྲུང་སྐྱོབ་ཐོབ་ཡོད། ད་ཆ། སྲིད་གཞུང་གི་འབད་པ་དང་མང་ཚོགས་ཀྱི་རང་རྟོགས་སྲུང་སྐྱོབ་འོག བོད་སྐད་ཡིག་ལ་འཛིན་སྐྱོང་སྤེལ་གསུམ་ལེགས་པོ་ཐོབ་ཡོད།

    ༼བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན༽ཞེས་རྒྱབ་ཤ་དཀར་པོའི་དེབ་ནང་བཀོད་པའི་གཞི་གྲངས་ལྟར་ན། ༢༠༡༢ལོའི་ལོ་མཇུག་བར་དུ། བོད་ལྗོངས་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་སློབ་གསོ་ལག་བསྟར་བྱེད་པའི་སློབ་ཆུང་དང་སློབ་འབྲིང་གི་སློབ་མའི་ཁ་གྲངས་སོ་སོ་ནས་ཁྲི༢༨དང་ཁྲི༡༧ལས་བརྒལ་བ་དང་། སོ་སོ་ནས་སྤྱིའི་གྲངས་ཀའི་བརྒྱ་ཆའི་༩༦.༨༨དང་བརྒྱ་ཆའི་༩༠.༦༣ཟིན། ད་ལྟ་ཡོད་པའི་སྐད་གཉིས་དགེ་རྒན་༢༣༠༨༥ཡོད། རིམ་པ་ཁག་དང་རིགས་ཁག་སློབ་གྲྭའི་བོད་སྐད་ཡིག་དགེ་རྒན་༣༧༠༠ཡོད། མིག་སྔར་བོད་ལྗོངས་ཀྱི་བོད་སྐད་ཡིག་ཁྲིད་དེབ་སྒྲིག་བསྒྱུར་རིགས་༢༢༢ཡོད་པ་དང་། དེའི་ནང་དུ་ཁྲིད་དེབ་རིགས་༨༩སྒྲིག་རྩོམ་དང་། ཁྲིད་དེབ་རིགས་༡༣༣ལོ་ཙཱ་བྱས་ནས་ལོ་དགུའི་འོས་འགན་སློབ་གསོ་དང་མཐོ་འབྲིང་དཀྱུས་མའི་སློབ་ཐུན་ཚད་གཞི་དང་། རིག་ཚན་ཁག་གི་ཁྲིད་དེབ་ཀྱི་སྒྲིག་བསྒྱུར་ལས་འགན་ཡོངས་སུ་ལེགས་འགྲུབ་བྱུང་།

    ཆ་འཕྲིན་སྤྱི་ཚོགས་མགྱོགས་པོར་འཕེལ་བའི་དེ་རིང་གི་དུས་འདིར། བོད་སྐད་ཡིག་དུས་བསྟུན་འཕེལ་རྒྱས་ཕྱིན། དེང་དུས་ཆེས་དར་ཆེ་བའི་རིག་ནུས་ལག་འཁྱེར་ཁ་པར་དང་། ཀློག་ཀླད། དེ་མིན་བོད་ལྗོངས་ཀྱིས་གསར་གཏོད་བྱས་པའི་བོད་ཡིག་གི་ཁ་པར་དང་། བོད་རྒྱ་དབྱིན་གསུམ་གྱི་ཀློག་རྡུལ་ཚིག་མཛོད་སོགས་གྲངས་ཀའི་ཐོན་རྫས་གང་རུང་དུ། བོད་སྐད་ཡིག་གིས་དྲ་རྒྱ་བརྟེན་ནས་སྐད་ཡིག་དང་། པར་རིས། བརྙན་འཕྲིན། རླུང་འཕྲིན་སོགས་གཅིག་འདུས་ཀྱི་ལམ་ནས་འཛམ་གླིང་ཡོངས་དང་དུས་མཉམ་ཐོག་ཆ་འཕྲིན་སྐྱེལ་ལེན་བྱེད་ཐུབ་པ་བྱུང་ཡོད།

    གཞན་ཡང་མིག་སྔར་བོད་ལྗོངས་ལ་བོད་ཡིག་གི་དུས་དེབ་སྣ་༡༤དང་། བོད་ཡིག་གི་ཚགས་པར་སྣ་༡༠བཅས་ཡོད། བོད་ལྗོངས་མི་དམངས་རླུང་འཕྲིན་བརྙན་འཕྲིན་ཁང་གིས་བོད་སྐད་ཀྱི་ལེ་ཚན་༤༢སྤེལ་ཡོད། ༢༠༡༢ལོར་བོད་རང་སྐྱོང་ལྗོངས་ཀྱིས་བོད་ཡིག་གི་དཔེ་དེབ་སྣ་༧༨༠པར་བསྐྲུན་བྱས་པ་དང་། དཔར་དུ་བཏབ་པའི་གྲངས་ཀ་ ཁྲི༤༣༡ལ་སླེབས་ཡོད།

    ༢༠༡༣ལོའི་ཟླ་༡༢པར། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་གྲོས་ཚོགས་སྟེང་དུ། བོད་སྐད་ཡིག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱེད་པ་དེ་ཐེམ་སྐས་གསར་བ་ཞིག་ཏུ་སྙེག་དགོས་པའི་གསུང་བཤད་གནང་བ་དེར་འཕྲིན་ཕྲན་ཚོགས་པ་ཁག་གིས་གཟེངས་བསྟོད་དང་དགའ་བསུ་ཐོབ། སློབ་སྦྱོང་ནི་སྔོན་འགྲོ་ཡིན། བཀོལ་སྤྱོད་ནི་དོན་གྱི་རྩ་བ་ཡིན། འཕེལ་རྒྱས་ནི་འདུ་ཤེས་ཡིན། ད་ཆ་ཆེས་གལ་ཆེ་བ་ནི་འབོད་སྒྲ་དེ་ལག་ལེན་དུ་བསྟར་རྒྱུ་དེ་རེད་ཅེས་མིང་ལ་Yontenཞེས་པའི་འཕྲིན་ཕྲན་གྲོགས་པོ་ཞིག་གིས་དེ་ལྟར་ལན་བསྐྱོན་འདུག

    བགྲེས་སོང་སྐལ་བཟང་ལྷ་མོས་བཤད་པ་ལྟར། ངས་བསམ་ན་བོད་ལྗོངས་ཀྱི་མ་འོང་ནི་ད་ལྟ་ལས་ཀྱང་ལེགས་ངེས། རྒྱུ་མཚན་ནི་རིག་གནས་ཡོད་ན་ང་ཚོར་ཡོད་ཚད་ཡོད་ངེས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག