མདུན་ཤོག- རིག་གནས་འཚོ་བ།- གསུང་འབུམ།

གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱནལས་རང་སྡེའི་རྣམབཞག།

རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།    2014-02-24 10:22

    ༄༅། ། གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ས་བཅད་གཉིས་པ། རང་གི་སྡེ་བའི་ལུགས་ཀྱི་རྣམ་པར་བཞག་པ།    

    གཉིས་པ་རང་གི་སྡེ་པའི་ལུགས་རྣམ་པར་བཞག་པ་ལ། སྤྱིའི་རྣམ་པར་བཞག་པ་དང༌། སོ་སོའི་རྣམ་པར་བཞག་པའོ། །དང་པོ་ལ། འདིར་བདག་ཅག་གི་སྟོན་པའི་བསྟན་པ་ཇི་ལྟར་བྱུང་བའི་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་འཇིག་རྟེན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། དཔག་ཏུ་མེད་པའི་ཡོན་ཏན་རིན་པོ་ཆེ་དུ་མའི་གཏེར་དུ་གྱུར་པ། ས་གསུམ་གྱི་འགྲོ་བ་མཐའ་དག་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་དྲང་བོ་གསལ་བར་མཛད་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་གཏམ་གྱི་སེང་གེའི་ང་རོ་ཆེན་པོ་བསྒྲགས་པས་སྨྲ་བ་ངན་པའི་ཝ་སྐྱེས་ཀྱི་ཀླད་པ་མཐའ་དག་འགེམས་པར་མཛད་པའི་སྟོན་པ་ཐུགས་རྗེ་ཅན་དེས། དང་པོ་ཁོ་ནར་འཇིག་རྟེན་མཐའ་དག་མ་རིག་པའི་མུན་པ་འཐུག་པོས་སྨག་ཏུ་གྱུར་ཅིང༌། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བའི་གཡང་ས་མི་བཟད་པ་དག་གིས་ཡོངས་སུ་བསྐོར་བ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་གཅན་གཟན་དང་སྦྲུལ་གདུག་པ་དག་གིས་ཡོངས་སུ་གཙེས་ཤིང༌། རྣམ་པ་དུ་མར་ལུས་དང་སེམས་ཡོངས་སུ་གདུངས་བར་བྱེད་པའི་འདམ་རྫབ་དང་ལྗན་ལྗིན་གྱིས་རྣམ་པར་གང་བའི་སྲིད་པའི་འབྲོག་དགོན་པ་ཆེན་པོར་སྐྱེ་བོ་འདི་དག་ཡོངས་སུ་ལྟུང་བས་ཉམ་ཐག་པའི་སྨྲེ་སྔགས་སྙིང་རྗེ་རྗེ་ལྟར་རྒྱུན་དུ་སྒྲོགས་པ་དག་ལ། ཤིན་ཏུ་ཕུལ་དུ་བྱུང་ཞིང་བླ་ན་མེད་པའི་ཐུགས་རྗེ་ཆེན་པོས་ཡང་དག་པར་གཟིགས་ནས་མཐོང་བ་དང༌། ཐོས་པ་དང༌། དྲན་པ་དང༌། རེག་པས་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བའི་གསོས་སུ་གྱུར་ཅིང༌།འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་གཏམ་གྱི་གཞིར་གྱུར་པ། འགྲོ་བ་མཐའ་དག་སྒྲོལ་བར་འདོད་པའི་མཚན་ཉིད་ཅན་གྱི་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཞེས་བྱ་བ་དེ་ཉིད་མངོན་དུ་མཛད་དོ། །

    དེ་ནས་ཇི་ལྟར་དམ་བཅས་པའི་དོན་དེ་ཉིད་འབད་པས་ངེས་པར་བསྒྲུབ་པར་བྱ་བའི་ཕྱིར་བསྐལ་པ་བྱེ་བ་ཁྲག་ཁྲིག་དུ་མར་ལུས་དང་སྲོག་ལ་ལྟོས་པ་མེད་པར་གང་ཞིག་བློ་ཡོངས་སུ་མ་སྦྱངས་པའི་སེམས་ཅན་་རྣམས་ཀྱིས་གཏམ་ཐོས་པ་ཙམ་གྱིས་ཀྱང་སྐྱི་གཡའ་བར་འགྱུར་བའི་བྱ་དཀའ་བའི་སྤྱོད་པ་རླབས་པོ་ཆེ་དག་དང་དུ་བླངས་ཏེ་འབད་པ་ལྷུར་མཛད་པས། ཅི་ཞིག་ལྟར་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ནས། སྒྲིབ་གཉིས་ཀྱི་གཡོགས་པ་མཐའ་དག་དང་བྲལ་ཞིང༌། རང་དང་གཞན་གྱི་དགོས་འདོད་མ་ལུས་པ་སྩོལ་བ་བདེ་བར་གཤེགས་པའི་གོ་འཕང་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་བརྙེས་ཏེ་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཏོ། །

    དེ་ཡང་རྣམ་པར་རྟོག་པ་དང་རྩོལ་བའི་འདུ་བྱ་བ་ཅུང་ཟད་ཀྱང་མེད་མོད་ཀྱི་འོན་ཀྱང་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་མཚོ་ལྟ་བུའི་ཤུགས་ཀྱིས་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི་ཁམས་རྣམས་སུ།དགའ་ལྡན་གྱི་གནས་ནས་འཕོ་བ་ལ་སོགས་པའི་མཛད་པ་བཅུ་གཉིས་རྣམ་པ་དུ་མར་བསྟན་ནས་གདུལ་བྱ་རྣམས་ཀྱི་བསམ་པ་དང༌། ཁམས་དང༌། བག་ལ་ཉལ་ཇི་ལྟ་བ་བཞིན་དུ་སྨིན་པ་དང་གྲོལ་བར་མཛད་དེ་བརྗོད་ཀྱིས་མི་ལངས་པའི་བསྔགས་པ་དུ་མའི་གཏེར་དུ་གྱུར་པའི་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ས་གསུམ་གྱི་མུན་པའི་སྨག་རུམ་མཐའ་དག་མིང་གི་ལྷག་མ་ཙམ་དུ་ཡང་མ་ལུས་པར་མཛད་དོ། །

    དེ་ལས་ཤིང་ཛམྦུ་བྲི་ཀྵའི་ལྗོན་པས་མཚན་པའི་གླིང་འདིར་ནི་རྒྱ་གར་འཕགས་པའི་ཡུལ་དུ་མང་པོས་བཀུར་བའི་རྒྱལ་པོ་ནས་ཆད་མེད་པར་བརྒྱུད་པའི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་འཁྲུངས་ཏེ་རྒྱལ་སྲིད་ཀྱི་ཕུན་ཚོགས་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་དོར་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དང༌། དཀའ་བ་སྤྱད་པ་དང༌། བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པ་དང༌། བདུད་བཏུལ་བ་དང༌། མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་བསྟན་ནས། སྟོང་གསུམ་གྱི་བདག་པོ་ཚངས་པ་ལ་སོགས་པས་གསོལ་བ་བཏབ་པས་ཝ་ར་ན་སིར་དྲང་སྲོང་ལྟུང་བ་རི་དྭགས་ཀྱི་ནགས་སུ་ཀུན་ཤེས་ཀཽ་ཎྡི་ན་ཡའི་ལ་སོགས་པའི་ལྷ་དང་མིའི་འཁོར་དཔག་ཏུ་མེད་པ་ལ་འཕགས་པའི་བདེན་པ་བཞི་ལས་བརྩམས་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེའི་རྗེས་སུ་བྱ་རྒོད་ཕུང་པོའི་རིར་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། ལྷ་དང་མིའི་འཁོར་དཔག་ཏུ་མེད་པ་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ལས་བརྩམས་ཏེ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེའི་རྗེས་སུ་གནས་ཡངས་པ་ཅན་ལ་སོགས་པར་འཁོར་སྔ་མ་དང་འདྲ་བ་ལ་མཚན་ཉིད་གསུམ་ལ་བདེན་པར་གྲུབ་མ་གྲུབ་ཀྱི་ཁྱད་པར་ལེགས་པར་ཕྱེ་ནས་སྟོན་པའི་དོན་ཟབ་དགོངས་པ་ངེས་པར་འགྲེལ་བ་ལ་སོགས་པའི་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །

    དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་དག་ཀྱང་མི་མཐུན་ཕྱོགས་ཀྱི་གཉེན་པོའི་བྱེ་བྲག་ལས་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་འགྱུར་ཏེ། དུག་གསུམ་རེ་རེ་བ་དང་ཆ་མཉམ་པ་ལ་སྤྱོད་པ་བཞི་ལ་ཉིས་ཁྲི་ཆིག་སྟོང་རེར་ཡོད་པའི་གཉེན་པོར་སོ་སོར་ཆོས་ཀྱི་ཕུང་པོ་རེར་བྱས་པའོ། །རྗོད་བྱེད་ཀྱི་བྱེ་བྲག་ལས་གསུང་རབ་ཡན་ལག་བཅུ་གཉིས་སུ་འགྱུར་ཏེ། མདོའི་སྡེ། དབྱངས་ཀྱིས་བསྙད་པའི་སྡེ། ལུང་དུ་བསྟན་པའི་སྡེ། ཚིགས་སུ་བཅད་པའི་སྡེ། ཆེད་དུ་བརྗོད་པའི་སྡེ། གླིང་གཞིའི་སྡེ། རྟོགས་པ་བརྗོད་པའི་སྡེ། དེ་ལྟ་བུ་བྱུང་གི་སྡེ། སྐྱེས་པ་རབས་ཀྱི་སྡེ། ཤིན་ཏུ་རྒྱས་པའི་སྡེ། རྨད་དུ་བྱུང་བའི་སྡེ། གཏན་ལ་ཕབ་པའི་སྡེ་རྣམས་སོ། །གླིང་གཞི་ནས་སྐྱེས་རབས་ཀྱི་བར་བཞི་པོ་གཅིག་ཏུ་བྱས་པས་གསུང་རབ་ཡན་ལག་དགུར་འགྱུར་རོ། །

    བརྗོད་བྱ་བསླབ་པ་གསུམ་གྱི་བྱེ་བྲག་ལས་ནི་སྡེ་སྣོད་རིན་པོ་ཆེ་གསུམ་དུ་འགྱུར་ཏེ། དེ་ཡང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པ་ནི་འདུལ་བའི་སྡེ་སྣོད་དང༌། དེ་བཞིན་དུ་ཏིང་ངེ་འཛིན་དང༌། ཤེས་རབ་ལ་སྦྱར་བ་ནི་རིམ་པ་བཞིན་དུ་མདོ་སྡེའི་སྡེ་སྣོད་དང་མངོན་པའི་སྡེ་སྣོད་དོ། །གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དང་པོ་ལྔ་ནི། ཐེག་དམན་གྱི་མདོ་སྡེའི་སྡེ་སྣོད་དང༌། དེ་ནས་བཞི་ནི་འདུལ་བའི་སྡེ་སྣོད་དོ། །དེ་ལ་ཐེག་པ་ཆེ་ཆུང་གཉིས་ཀའི་འདུལ་བའི་སྡེ་སྣོད་ཡོད་པ་དང༌། ཐ་མ་གསུམ་ནི་ཐེག་ཆེན་གྱི་མདོ་སྡེའི་སྡེ་སྣོད་དེ། དེ་དག་གི་བར་བར་ན་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་བསྟན་པ། ཐོར་བུ་ཐོར་བུར་གནས་པ་རྣམས་ནི་མངོན་པའི་སྡེ་སྣོད་དོ། །མངོན་པ་ཀུན་བཏུས་ལྟར་ན་གཏན་ལ་ཕབ་པའི་སྡེ་ཉིད་མངོན་པའི་སྡེ་སྣོད་དུ་བཞེད་དོ། །

    དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ཟིན་ནས་འོད་སྲུངས་ཆེན་པོ་ལ་བསྟན་པ་གཏད་དེ་ཡུལ་རྩྭ་མཆོག་གྲོང་དུ་རེ་ཞིག་སྐུ་དངོས་ཀྱི་གདུལ་བྱ་རྣམས་རྫོགས་པ་དང༌། རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཆེད་དུ་མཛད་པ་ཐ་མ་བསྟན་ཏོ། །

    དེ་ནས་རྒྱལ་པོའི་ཁབ་ཀྱི་བདེ་ཅན་མའི་ཕུག་ཏུ་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་བྱས་ནས།འཕགས་པ་འོད་སྲུངས་ཆེན་པོས་དགེ་འདུན་གྱི་གནས་བརྟན་མཛད་དེ་དགྲ་བཅོམ་པ་ལྔ་བརྒྱས་དབྱར་གནས་པར་ཁས་བླངས་སོ། །དེའི་ཚེ་དགྲ་བཅོམ་པ་ལྔ་བརྒྱའི་སྣམ་སྦྱར་བརྩེགས་པ་གདན་དུ་བཏིང་བའི་སྟེང་དུ་འཕགས་པ་ཀུན་དགའ་བོས་འཛེགས་ཏེ་ཁ་མཉན་ཡོད་དུ་ཕྱོགས་ཏེ་ཐལ་མོ་སྦྱར་གདོང་མཆི་མས་གང་བཞིན་དུ་སྙན་པའི་གདངས་དང་བཅས་ནས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་བྱ་བ་ལ་སོགས་པས་མདོ་སྡེའི་སྡེ་སྣོད་བསྡུས་སོ། །དེ་ནས་ཀུན་དགའ་བོ་སྟན་ལས་བབས་ཏེ་འཁོད་པ་དང༌། འཕགས་པ་ཉེ་བར་འཁོར་གྱིས་སྔ་མ་ཇི་ལྟ་བ་བཞིན་དུ་བྱས་ཏེ་འདུལ་བའི་སྡེ་སྣོད་བསྡུས་སོ། །དེ་བཞིན་དུ་འཕགས་པ་འོད་སྲུངས་ཆེན་པོས་མངོན་པའི་སྡེ་སྣོད་བསྡུས་སོ། །འདི་དག་ལ་བཀའ་བསྡུ་བ་དང་པོར་གྲགས་པ་ཡིན་ལ། འོད་སྲུངས་ཆེན་པོས་ཀུན་དགའ་བོ་ལ་བསྟན་པ་གཏད་དེ་མྱ་ངན་ལས་འདས་སོ། །

    དེ་བཞིན་དུ་ཀུན་དགའ་བོས་དགྲ་བཅོམ་པ་ཤ་ནའི་གོས་ཅན་དང༌། དེས་འཕགས་པ་ཉེར་སྦས་དང༌། དེས་དྷི་དྷི་ཀ་དང༌། དེས་ནག་པོ་དང༌། དེས་ལེགས་མཐོང་ཆེན་པོ་ལ་བསྟན་པ་གཏད་དེ།

    དེ་ལ་བསྟན་པའི་གཏད་རབས་བདུན་ཞེས་གྲགས་སོ། །

    བཀའ་བསྡུ་བ་གཉིས་པ་ནི་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་ཨ་ལ་ལ་ཞེས་བྱ་བ་ལ་སོགས་པའི་རུང་བ་མ་ཡིན་པའི་གཞི་བཅུ་སྤྱད་པས་བསྟན་པ་དྲི་མ་ཅན་དུ་བྱས་པ་ན། དགྲ་བཅོམ་པ་གྲགས་པ་ལ་སོགས་པ་དགྲ་བཅོམ་བདུན་བརྒྱར་གཅིག་གིས་མ་ཆོག་པ་འདུས་ཏེ་རུང་བ་མ་ཡིན་པའི་གཞི་བཅུ་སུན་ཕྱུང་ནས་བཀྲ་ཤིས་ཀྱི་གསོ་སྦྱོང་མཛད་དེ།དེའི་ཚེ་ལྷ་རྣམས་ཀྱིས་ཆོས་མ་ཡིན་པའི་ཕྱོགས་ནི་ཕམ་མོ། །ཆོས་ཀྱི་ཕྱོགས་ནི་རྒྱལ་ལོ། །ཞེས་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་དོ། །དེ་ལ་བསྡུ་བ་གཉིས་པ་ཞེས་བྱའོ། །

    བཀའ་བསྡུ་བ་གསུམ་པ་ནི། ལུང་ལས་མི་འབྱུང་ཞིང་བསྟན་བཅོས་ལས་གྲགས་པར་གསུངས་ཤིང༌། དེ་ལ་ལུགས་གཅིག་ལ་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་སོ་བདུན་འདས་པ་ན་གྲོང་ཁྱེར་སྐྱ་བོའི་བུ་ཞེས་བྱ་བར། བདུད་སྡིག་ཅན་དགྲ་བཅོམ་པའི་ཆ་བྱད་དུ་སྤྲུལ་ནས་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ་དགེ་འདུན་རྣམས་ལྟ་བ་ཐ་དད་དུ་ཕྱེ་ནས་འཁྲུགས་ལོང་དུ་གྱུར་ནས་ལོ་དྲུག་ཅུར་མི་མཐུན་པར་གྱུར་ཏོ། །དེ་ནས་དགེ་སློང་གནས་མའི་བུ་ཞེས་བྱ་བས་དགེ་འདུན་བསྡུས་ཏེ་རྩོད་པ་བཟླུམས་ཏེ་ཆོས་ཕྱོགས་སུ་ཞི་བར་བྱས་པ་ལ་བསྡུ་བ་གསུམ་པར་གྲགས་པ་དང༌། ཡང་ལུགས་གཅིག་ལ་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་དྲུག་ལོན་པ་ན་གྲོང་ཁྱེར་མེ་ཏོག་གིས་རྒྱས་པ་ཞེས་བྱ་བར་དགེ་འདུན་གྱི་གནས་བརྟན་བཞི་སྐད་རིགས་མི་མཐུན་པ་ལེགས་སྦྱར་དང་། ཟུར་ཆག་དང༌། ཡུལ་གྲུ་རང་བཞིན་པ་དང༌། ཤ་ཟའི་སྐད་ཀྱིས་ལུང་འདོན་པ་ན་སློབ་མ་རྣམས་མི་མཐུན་པར་གྱུར་ཏེ་རྩ་བའི་སྡེ་བཞིར་གྱེས་སོ། །དེ་དག་ཀྱང་ནང་གསེས་ཀྱི་དབྱེ་བས་སྡེ་པ་བཅོ་བརྒྱད་དུ་གྱེས་ནས་ཕན་ཚུན་རྩོད་པར་གྱུར་ཏེ།ནམ་ཞིག་ན་རྒྱལ་པོ་ཀྲི་ཀྲིའི་རྨིས་ལྟས་ལུང་བསྟན་པའི་མདོ་རྙེད་ནས་བལྟས་པས་སྡེ་པ་བཅོ་བརྒྱད་དུ་གྱུར་ཀྱང་རྣམ་པར་གྲོལ་བའི་འབྲས་བུ་ཉམས་པ་མེད་པར་གསུངས་པ་མཐོང་ནས་ཕན་ཚུན་མཐུན་པར་གྱུར་ཅིང་སངས་རྒྱས་ཀྱི་བསྟན་པ་གཅིག་ཏུ་བསྡུས་པ་ལ་བསྡུ་བ་གསུམ་པ་ཞེས་བྱའོ། །དེ་དག་ཀྱང་གཙོ་བོར་ཐེག་པ་ཐུན་མོང་བའི་སྡེ་སྣོད་ཀྱི་དབང་དུ་བྱས་ལ་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་རྩ་བའི་སྡུད་པ་པོ་ནི་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ཏེ།རྟོག་གེ་འབར་བ་ལས། རྩ་བའི་སྡུད་པར་བྱེད་པ་པོ། ཀུན་ཏུ་བཟང་པོ་དང༌། འཇམ་དཔལ་དང༌། གསང་བའི་བདག་པོ་དང༌། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །བདག་ཅག་གི་རྩ་བའི་སྡུད་པར་བྱེད་པ་ཉན་ཐོས་ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་གསུང་རབ་ནི་དེའི་ཡུལ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ནི་དཔལ་ཕྱག་ན་རྡོ་རྗེས་བསྡུས་པ་དང༌། མཁའ་འགྲོ་མ་རྣམས་ཀྱིས་བསྡུས་པའི་ཚུལ་དུ་མ་ཞིག་རྒྱུད་སྡེ་ལས་འབྱུང་སྟེ་འོན་ཀྱང་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་བསྡུས་པའི་ཚུལ་དང་བསྡུས་པའི་དུས་རྣམས་མདོ་སྡེའི་ཕྱོགས་དང་མི་འདྲ་བའི་རྒྱུ་མཚན་མང་མོད་ཀྱི་སྐབས་མ་ཡིན་པས་མ་སྤྲོས་སོ། །སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་ཐེག་པ་ཆེན་པོའི་ཆོས་རྣམས་ཉམས་སུ་ལེན་པའི་གང་ཟག་སྦས་པའི་བརྟུལ་ཞུགས་སྤྱོད་པ་གྲངས་ཀྱིས་མི་ལང་པ་ཡོད་མོད་ཀྱང༌། དངོས་སུ་ཐེག་ཆེན་གྱི་སྡེ་སྣོད་འཆད་ཉན་གྱིས་འཛིན་སྤེལ་བྱེད་པའི་གང་ཟག་དུས་དེར་འཕགས་པའི་ཡུལ་དུ་ཆེར་མ་བྱུང་བས་ཐེག་པ་ཆེན་པོའི་གསུང་རབ་ཕལ་མོ་ཆེ་ནི་དཀར་ཕྱོགས་ལ་དགའ་བའི་ལྷ་དང་ཀླུ་སོགས་ཀྱིས་སྤྱན་དྲངས་ཏེ་ལྷ་ཡུལ་དང་ཀླུ་ཡུལ་སོགས་ན་བཞུགས་པར་བཤད་དེ།སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོའི་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱི་གཙུག་གི་རྒྱན་བཞིན་གུས་མནོས་ནས། །ས་ཡི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛད། །ཅེས་དང༌། རྟོག་གེ་འབར་བ་ལས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པར་ཉན་ཐོས་ལ་སོགས་པ་རང་རང་གི་བསྟན་པ་ལ་ཡོངས་སུ་ཞེན་ཅིང༌། དེའི་ཆེད་དུ་ བྱེད་པའི་སྡུད་པ་པོ་ཡིས་ཇི་ལྟར་དབང་བ་བཞིན་ཡང་དག་པར་བསྡུས་པ་ན། ཐེག་པ་ཆེན་པོའི་གསུང་རབ་ནི། སྣོད་དུ་གྱུར་པ་སུ་ཡང་མེད་པས་གང་གིས་ཀྱང་མ་བསྡུས་ཏེ། བདེ་བར་གཤེགས་པ་ལ་མངོན་པར་དགའ་བའི་ཀླུ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་བསྡུས་ནས། ཀླུའི་འཇིག་རྟེན་ལ་སོགས་པར་བཞུགས་སུ་གསོལ་བ་ལས། དེའི་སྣོད་དུ་གྱུར་པས། སངས་རྒྱས་ཀྱིས་ལུང་བསྟན་པ་འཕགས་པ་ཀླུ་སྒྲུབ་ཀྱིས་དེ་དག་ནས་བསྡུས་ནས་མིའི་འཇིག་རྟེན་དུ་རྒྱས་པར་མཛད་པ་ཡིན་ནོ། །ཞེས་གསུངས་སོ། །དེས་ན། སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་ཐེག་ཆེན་གྱི་བསྟན་པ་འཕགས་པའི་ཡུལ་དུ་ཤིན་ཏུ་དར་བ་ནི་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་བྱོན་པའི་རྗེས་ནས་ཡིན་པར་མངོན་ནོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་ཀྱིས་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་ཤིང་རྟའི་སྲོལ་ཇི་ལྟར་ཕྱེ་བ་ནི་འོག་ནས་རིམ་པ་བཞིན་འཆད་པར་འགྱུར་རོ། །དེ་ལྟར་ན་དེ་ནི་ཐུབ་པའི་བསྟན་པ་སྤྱིའི་དབང་དུ་བྱས་པའི་བྱུང་ཚུལ་མདོ་ཙམ་རྣམ་པར་བཞག་པའོ། །

    གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས། གང་ཟག་གི་བདག་མེད་གཏན་ལ་དབབ་པའི་དབང་དུ་བྱས་ཏེ་ཐེག་དམན་གྲུབ་མཐའ་སྨྲ་བའི་ལུགས་བཤད་པ་དང༌། གཙོ་བོར་ཆོས་ཀྱི་བདག་མེད་གཏན་ལ་དབབ་པའི་དབང་དུ་བྱས་ཏེ་ཐེག་ཆེན་གྲུབ་མཐའ་སྨྲ་བའི་ལུགས་བཤད་པའོ། །དང་པོ་ལ་གཉིས། བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པའི་ལུགས་བཤད་པའོ། །

    དང་པོ། བྱེ་བྲག་སྨྲ་བའི་ལུགས་བཤད་པ།

    དང་པོ་ལ་སྒྲ་བཤད་པ། དབྱེ་བ། གྲུབ་མཐའི་འདོད་ཚུལ་ཏེ་གསུམ། དང་པོ་ནི། བྱེ་བྲག་བཤད་མཚོའམ་བྱེ་བྲག་ཏུ་བཤད་པ་ཆེན་པོ་ཞེས་བྱ་བའི་གཞུང་གི་རྗེས་སུ་འབྲངས་པའམ་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་བྱེ་བྲག་སྨྲ་བ་ཞེས་བྱ་སྟེ། མངོན་པ་ཀུན་བཏུས་ཀྱི་འགྲེལ་པ་དང༌། སློབ་དཔོན་བྱང་ཆུབ་བཟང་པོ་སོགས་ཀྱིས་ཀྱང་དེ་ལྟར་བཤད་དེ་གྲགས་ཆེའོ། །གཉིས་པ་དབྱེ་བ་ལ།དངོས་དང་ཞར་བྱུང་གཉིས་ལས། དང་པོ་ལ།སྡེ་པ་བཅོ་བརྒྱད་ཀྱི་གྱེས་ཚུལ་ནི། རྟོག་གེ་འབར་བར་ལུགས་གསུམ་བཤད་པའི་དང་པོ་ནི། གོང་དུ་བཤད་པ་ལྟར་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་དྲུག་ན་གྲོང་ཁྱེར་མེ་ཏོག་གིས་རྒྱས་པ་ཞེས་བྱ་བ་ན་རྒྱལ་པོ་ངྷརྨ་ཨ་ཤོ་ཀ་ཞེས་བྱ་བས་རྒྱལ་སྲིད་བྱེད་པའི་ཚེ་རྩོད་པའི་ཆོས་འགའ་ཞིག་བྱུང་བའི་དབང་གིས་དགེ་འདུན་གྱི་དབྱེན་ཆེན་པོར་གྱུར་ཏོ། །དེ་ནས་རེ་ཞིག་སྡེ་པ་གཉིས་སུ་ཆད་ནས་གནས་ཏེ།དགེ་འདུན་ཕལ་ཆེན་པ་དང༌། གནས་བརྟན་པའོ། །དེ་ལ་དགེ་འདུན་ཕལ་ཆེན་པའི་སྡེ་པ་ཡང་རིམ་གྱིས་ཕྱེ་བར་གྱུར་པ་ན་རྣམ་པ་བརྒྱད་དུ་གནས་ཏེ། འདི་ལྟར། དགེ་འདུན་ཕལ་ཆེན་པའི་སྡེ་པ་དང༌། ཐ་སྙད་གཅིག་པ་དང༌། འཇིག་རྟེན་ལས་འདས་པར་སྨྲ་བ་དང༌། མང་དུ་ཐོས་པ་དང༌།བཏགས་པར་སྨྲ་བ་དང༌། མཆོད་རྟེན་པ་དང༌། ཤར་གྱི་རི་བོ་པ་དང༌། ནུབ་ཀྱི་རི་བོ་པ་རྣམས་སོ། །གནས་བརྟན་པ་ཡང་རིམ་གྱིས་ཕྱེ་བར་གྱུར་ནས། རྣམ་པ་བཅུར་གནས་ཏེ། འདི་ལྟ་སྟེ། གནས་བརྟན་པ་དང༌། ཐམས་ཅད་ཡོད་པར་སྨྲ་བ་དང༌། གནས་མ་བུ་པ་དང༌། ཆོས་མཆོག་པ་དང༌།བཟང་པོའི་ལམ་པ་དང༌། ཀུན་གྱིས་བཀུར་བ་དང༌། མང་སྟོན་པ་དང༌། ཆོས་སྦས་པ་དང༌། ཆར་བཟང་འབེབས་པ་དང༌། བླ་མ་པ་ཞེས་བྱ་བ་རྣམས་སོ། །དེ་ལ་གནས་བརྟན་པའི་མིང་གཉིས་པ་ནི།གངས་རི་པ་ཞེས་ཀྱང་བྱའོ། །ཡོད་སྨྲ་བའི་མིང་གཞན་ཡང་རྣམ་པར་ཕྱེ་སྟེ་སྨྲ་བ་དང༌། རྒྱུར་སྨྲ་བ་དང༌། ཁ་ཅིག་མུ་ཏུན་ཏ་ཀ་པ་ཞེས་ཀྱང་ཟེར་རོ། །ཀུན་གྱིས་བཀུར་བའི་མིང་གཞན་ནི། ཨབ་ན་ཏ་ཀ་པ་དང༌། ཀུ་རུ་ཀུ་ལླ་པ་ཞེས་ཀྱང་ཟེར་རོ། །ཆར་བཟང་འབེབས་པའི་མིང་གཉིས་པ་འོད་སྲུངས་པ་ཞེས་ཀྱང་ཟེར། བླ་མ་པ་ལ་ཡང་ཁ་ཅིག་འཕོ་བར་སྨྲ་བ་ཞེས་ཟེར་རོ། །ལུགས་གཉིས་པ་ནི། ཕྱེ་བའི་དུས་དང༌། གནས་དང༌། རྒྱུ་མཚན་སྔ་མ་དང༌འདྲ་བ་ལ་རྩ་བའི་དབྱེ་བ་རྣམ་པ་གསུམ་སྟེ། འདི་ལྟར། གནས་བརྟན་པ་དང༌། དགེ་འདུན་ཕལ་ཆེན་པ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བའོ། །གནས་བརྟན་པ་ཡང་གཉིས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང༌། གནས་མའི་བུའི་སྡེ་པའོ། །ཡོད་སྨྲ་བ་ཡང་གཉིས་ཏེ། དེ་ཉིད་དང༌། མདོ་སྡེ་སྨྲ་བའོ། །གནས་མའི་བུ་པ་ཡང་བཞི་སྟེ། མང་པོས་བཀུར་བ་དང༌། ཆོས་མཆོག་པ་དང༌། བཟང་པོའི་ལམ་པ་དང༌། གྲོང་ཁྱེར་དྲུག་པ་རྣམས་སོ། །དེ་ལྟར་ན་གནས་བརྟན་པ་ནི་དྲུག་ཏུ་གནས་སོ། །དགེ་འདུན་ཕལ་ཆེན་པ་ཡང་རྣམ་པ་བརྒྱད་དེ་འདི་ལྟར།དེ་ཉིད་དང༌། ཤར་གྱི་རི་བོ་པ་དང༌། ནུབ་ཀྱི་རི་བོ་པ་དང༌། རྒྱལ་པོའི་རི་བོ་པ་དང༌། གངས་རི་པ་དང༌། དོན་གྲུབ་པ་དང༌། མཆོད་རྟེན་པ་དང༌། བ་ལང་གནས་པ་ཞེས་བྱ་བ་རྣམས་སོ། །རྣམ་པར་ཕྱེ་སྟེ་སྨྲ་བ་ཡང་བཞི་སྟེ། ས་སྟོན་པ་དང༌། འོད་སྲུངས་པ་དང༌། ཆོས་སྦས་པ་དང༌། གོས་དམར་བ་ཞེས་བྱ་བ་རྣམས་སོ། །

    ལུགས་གསུམ་པ་ནི། བཅོས་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་སུམ་ཅུ་རྩ་བདུན་ལོན་པ་ན། རྒྱལ་པོ་དགའ་བོ་དང༌། པདྨ་ཆེན་པོ་ཞེས་བྱ་བས་གྲོང་ཁྱེར་པ་ཏ་ལ་པུ་ཏྲའི་ནང་དུ། སྡུད་པར་བྱེད་པ་ལ་སོགས་པའི་འཕགས་པ་ཕལ་ཆེ་བ་ནི། ཡང་ལེན་པ་མེད་པར་བསིལ་བའི་དངོས་པོ་ཐོབ་པར་གྱུར་པ་ན། འཕགས་པ་འོད་སྲུངས་ཆེན་པོ་དང༌། འཕགས་པ་ཡུ་ཆེན་པོ་དང༌། གཏོང་བ་ཆེན་པོ་དང༌། བླ་མ་དང༌། རེ་པ་ཏ་ལ་སོགས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་དགྲ་བཅོམ་པའི་དགེ་འདུན་དེ་ལྟར་བཞུགས་པ་ན། བདུད་སྡིག་ཅན་བཟང་པོ་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ།དགེ་སློང་གི་ཆ་བྱད་འཛིན་པས། སྒྱུ་འཕྲུལ་སྣ་ཚོགས་བསྟན་ཏེ། གཞི་ལྔས་དགེ་འདུན་གྱི་དབྱེན་ཆེན་པོ་བསྐྱེད་དེ། གནས་བརྟན་ཀླུ་ཞེས་བྱ་བ་དང༌། ཡིད་བརྟན་པ་ཞེས་བྱ་བ་མང་དུ་ཐོས་པ་དག་གིས་གཞི་ལྔ་བསྔགས་པར་བྱེད་དོ། །གཞི་ལྔ་ནི་རྗེས་སུ་སྟོན་པར་བྱེད་ཅིང་དེས་གཞན་ལ་ལན་གདབ་པ་དང་།མི་ཤེས་པ་དང༌། ཡིད་གཉིས་དང༌། ཡོངས་སུ་བརྟག་པ་དང༌། བདག་ཉིད་གསོ་བར་བྱེད་པ་ནི་ལམ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་དགེ་འདུན་སྡེ་གཉིས་སུ་ཆད་ནས་གནས་ཏེ། གནས་བརྟན་པ་དང༌། ཕལ་ཆེན་སྡེ་པའོ། །དེ་ལྟར་ལོ་དྲུག་ཅུ་རྩ་གསུམ་བར་དུ་དགེ་འདུན་ཕྱེ་ནས་འཁྲུག་ལོང་གིས་གནས་སོ། །དེ་ནས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གཉིས་འདས་པ་ན་གནས་བརྟན་གནས་མའི་བུས་བསྟན་པ་ཡང་དག་པར་བསྡུས་སོ། །དེས་ཡང་དག་པར་བསྡུས་པའི་རྗེས་ལ། དགེ་འདུན་ཕལ་ཆེན་པ་ནི་རྣམ་པ་དྲུག་ཏུ་གྱེས་ལ། གནས་བརྟན་པ་ནི་རྣམ་པ་བཅུ་གཉིས་སུ་གྱེས་ཏེ་གནས་པར་བཤད་དོ། །

    སློབ་དཔོན་དུལ་བ་ལྷས་ནི། ཤར་དང་ནུབ་དང་གངས་རི་དང༌། འཇིག་རྟེན་འདས་པར་སྨྲ་བ་དང༌། །བརྟག་པར་སྨྲ་བའི་སྡེ་པ་རྣམས། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་པ་དང་འོད་སྲུངས་སྟེ། །ས་སྲུང་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང༌། ། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། ཐམས་ཅད་ཡོད་པར་སྨྲ་བ་ཡིན། ། རྒྱལ་བྱེད་ཚལ་གནས་་འཇིགས་བྱེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོགས་རིས་དང་སྲུང་བ་པ། །གནས་མའི་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་གྱུར། །ཞེས་བཤད་དོ། །དེ་ལྟར་རྩ་བའི་སྡེ་བཞི་ལས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་མཁན་པོ་ནི། རྒྱལ་རིགས་ལས་རབ་ཏུ་བྱུང་བའི་སྲས་སྒྲ་གཅན་འཛིན་བཟང་པོ། སྐད་སཾ་སྐྲྀ་ཏའི་སྐད་དུ་འདོན། སྣམ་སྦྱར་ནི་སྣམ་ཕྲན་ཉེར་ལྔ་པ་ནས་དགུ་པའི་བར། གྲྭ་རྟགས་ཨུཏྤལ། པདྨ། རིན་པོ་ཆེ། ཤིང་ལོ་སྟེ་བཞིའོ། །

    དགེ་འདུན་ཕལ་ཆེན་པའི་སྡེ་པའི་མཁན་པོ་ནི། བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བའི་འོད་སྲུངས་ཆེན་པོ། སྐད་ཟུར་ཆག་གི་སྐད་དུ་འདོན། རྣམ་ཕྲན་ཉེར་གསུམ་པ་ནས་བདུན་པ་ཡན། གྲྭ་རྟགས་་དུང་ངོ༌། །མང་པོས་བཀུར་བའི་སྡེ་པའི་མཁན་པོ་ནི། དམངས་རིགས་ལས་རབ་ཏུ་བྱུང་བ་ཉེ་བར་འཁོར། སྐད་ཤ་ཟའི་སྐད་དུ་འདོན། སྣམ་ཕྲན་ཉེར་གཅིག་པ་ནས་ལྔ་པ་ཡིན། གྲྭ་རྟགས་མེ་ཏོག་སོ་རྩི་ཀའོ། །གནས་བརྟན་པའི་སྡེ་པའི་མཁན་པོ་ནི། རྗེ་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ཀ་ཏྱ་ཡ་ན།སྐད་ཐ་མལ་པའི་སྐད་དུ་འདོན། སྣམ་ཕྲན་སྔ་མ་དང་འདྲ། གྲྭ་རྟགས་འཁོར་ལོའོ། །མིང་འདོགས་ལུགས་ནི། བློ་གྲོས་ཞི་བ་འབྱུང་གནས་སྦས། །དཔལ་བཟང་གྲགས་པ་ཡོད་སྨྲའོ། བཤེས་གཉེན་ཡེ་ཤེས་སྙིང་པོ་དང༌། བཟང་པོ་དགེ་འདུན་ཕལ་ཆེན་པ། །མང་པོས་བཀུར་ལ་ཚུལ་ཁྲིམས་དང༌། །ཟླ་བ་སེང་གེ་སྦས་པ་ཡིན། །གནས་བརྟན་པ་ལ་གོ་ཆ་ལྷ། །སྡེ་དང་འཚོ་དང་སྐྱོང་བའོ། །ཞེས་པ་ལྟར་རོ། བྱེ་བྲག་ཏུ་སྨྲ་བ་དེ་ལ་ཡང་ཡུལ་གྱི་སྒོ་ནས་ཉི་འོག་པ་དང་ཁ་ཆེ་པ་གཉིས་སོ། །དུས་གསུམ་རྫས་སུ་འདོད་ཚུལ་གྱི་སྒོ་ནས་བཞིར་འགྱུར་ཏེ། འོག་ཏུ་འཆད་པར་འགྱུར་རོ། །སྡེ་པ་སོ་སོའི་མིང་གི་སྒྲ་བཤད་ནི་མངས་ཀྱི་དོགས་པས་མ་བྲིས་ཏེ་རྟོག་གེ་འབར་བ་ལས་ཤེས་པར་བྱའོ། །

    གཉིས་པ་ཞར་བྱུང་ལ། ཁ་ཅིག་ན་རེ། ཅི་མང་པོས་བཀུར་བའི་སྡེ་པ་གནས་མ་བུ་པ་སོགས་ཀྱིས་བརྗོད་དུ་མེད་པའི་གང་ཟག་གི་བདག་ཁས་ལེན་ནམ་མི་ལེན། ཁས་ལེན་ན་ནི་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་པར་གྱུར་པས། དེ་དག་ནང་བའི་གྲུབ་མཐའ་སྨྲ་བ་མ་ཡིན་པར་འགྱུར་བའམ། ཡང་ན་རང་སྡེ་ལ་གྲུབ་མཐའ་བཞིར་གྲངས་མ་ངེས་པར་འགྱུར་རོ། །ཅི་སྟེ་ཁས་མི་ལེན་ན་ནི་གཞུང་དུ་མར་འདི་དག་གང་ཟག་ཏུ་སྨྲ་བ་ཡིན་པར་བཤད་པ་དང་འགལ་ལོ་ཞེ་ན། འདིའི་ལན་ལ། རང་རེའི་མཁས་པ་རྣམས་འཆད་ཚུལ་མི་མཐུན་ཏེ། དེ་ལ་མཁས་པ་ཁ་ཅིག་ནི། མང་བཀུར་གྱི་སྡེ་པ་གནས་མ་བུ་པ་དང༌། བཟང་པོའི་ལམ་པ་དང༌། ཀུ་རུ་ཀུལླེ་པ་དང༌། ཆོས་སྦས་པ་དང༌། བླ་མ་པ་ལྔ་ནི་གང་ཟག་བརྗོད་དུ་མེད་པ་ཙམ་འདོད་ཀྱི་གང་ཟག་གི་བདག་མི་འདོད་དེ། ཆོས་ཐམས་ཅད་བདག་མེད་པར་འདོད་པའི་ཕྱིར་དང༌། གང་ཟག་ཀྱང་རྫས་བཏགས་གང་དུའང་ཁས་མ་བླངས་པའི་ཕྱིར། རྟགས་ཟུར་དང་པོ་ནི། དེ་དག་གི་གང་ཟག་ཕུང་པོ་ལས་ངོ་བོ་ཐ་དད་དུ་བརྗོད་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བདག་མེད་པར་གསུངས་པ་དང་འགལ་ལ། ཕུང་བོ་དང་གཅིག་ཏུ་བརྗོད་ན་བདག་དུ་མར་འགྱུར་བས་གནོད་པས་ན། བདག་བརྗོད་དུ་མེད་པ་བརྟེན་པ་མཛེས་ཞེས་སྨྲ་བར་ཚད་མའི་དེ་ཉིད་རྩ་འགྲེལ་ལས་བཤད་པས་གྲུབ་ལ། རྟགས་ཟུར་ཕྱི་མ་ནི་མཛོད་འགྲེལ་ལས། གང་གནས་མའི་བུ་རྣམས་གང་ཟག་ཡོད་པར་འདོད་པ་ཇི་ལྟ་བུ། འདི་ནི་རེ་ཞིག་དཔྱད་པར་བྱ་བ་ཡིན་ཏེ། ཅི་དེ་དག་རྫས་སུ་འདོད་དམ། འོན་ཏེ་བཏགས་པར་འདོད། ཅེས་པ་ནས། དེ་ནི་རྫས་སུ་ཡོད་པ་ཁོ་ནའང་མིན་ལ།བཏགས་པར་ཡོད་པ་ཡང་མ་ཡིན་ནོ། །ཞེས་གསུངས་པས་གྲུབ་བོ། །དེས་ན་མང་བཀུར་སྡེ་ལྔས་ལས་འབྲས་ཀྱི་རྟེན་གང་ཟག་ནི་བརྗོད་དུ་མེད་པར་ཁས་ལེན་གྱི་གང་ཟག་གི་བདག་ཁས་མི་ལེན་ལ། རྟོག་གེ་འབར་བ་སོགས་ལས་ཀྱང་གང་ཟག་ཏུ་སྨྲ་བ་ཞེས་གསུངས་ཀྱི། གང་ཟག་གི་བདག་ཏུ་སྨྲ་བ་ཞེས་མ་གསུངས་པའི་ཕྱིར་རོ། །དེའི་ཕྱིར་འཇུག་པ་ལས། ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག །ཞེས་གསུངས་པ་ནི། ཐལ་འགྱུར་པ་ལྟར་ན་རྫས་ཡོད་ཁས་བླངས་པར་སོང་བའི་དོན་ཡིན་ཞེས་གསུང་ངོ༌། ཡང་མཁས་པ་གཞན་དག་ནི་འདི་ལྟར་འཆད་དེ། མང་བཀུར་སྡེ་ལྔས་གང་ཟག་གི་བདག་ཡོད་པར་འདོད་དེ། དེ་དག་གང་ཟག་ཏུ་སྨྲ་བར་གསུངས་པའི་ཕྱིར་དང༌། གང་ཟག་གི་བདག་ཡོད་པར་གསུངས་དགོས་ཀྱི་རང་སྡེ་ཡོད་པར་མདོ་ལས་ཀྱང་བཤད་པའི་ཕྱིར་དང༌། འདི་དག་གིས་མདོ་དེ་སྒྲ་ཇི་བཞིན་པར་གང་ཟག་གི་བདག་ཁས་བླངས་པས་ལྟ་བའི་མཆེ་བས་རྨས་པར་ཀུན་མཁྱེན་དབྱིག་གཉེན་གྱིས་བཤད་པའི་ཕྱིར་དང༌། རྟོག་གེ་འབར་བ་ལས་ཀྱང༌། སྡེ་པ་བཅོ་བརྒྱད་པོ་གཞན་རྣམས་བདག་མེད་པར་སྨྲ་བ་དང༌། མང་བཀུར་སྡེ་ལྔ་ནི་གང་ཟག་ཏུ་སྨྲ་བར་དམིགས་ཀྱིས་བཀར་བའི་ཕྱིར་དང༌། འཇུག་པ་རྩ་འགྲེལ་ལས་ཀྱང་གང་ཟག་རྫས་ཡོད་དུ་འདོད་པར་གསལ་བར་བཤད་པའི་ཕྱིར། དེས་ན་འདི་དག་གིས་གང་ཟག་གི་བདག་ཁས་ལེན་པ་ཡིན་ཅིང༌། རང་སྡེ་ལ་བདག་མེད་ཁས་ལེན་དགོས་པས་མ་ཁྱབ་བོ། །ཞེས་ཟེར་བ་དང༌། ཡང་མཁས་པ་འགའ་ཞིག་རྒྱུ་མཚན་དེའི་ཕྱིར། མང་བཀུར་སྡེ་ལྔ་ལྟ་བའི་སྒོ་ནས་གཞན་སྡེར་འཇོག་གོ །ཞེས་གསུང་ངོ༌། །

    འོ་ན་ཁྱོད་རང་གིས་ལུགས་སྔ་ཕྱི་གཉིས་ལས་གང་ཞིག་ཁས་ལེན་པ་ཡིན་ཞེ་ན་བརྗོད་པར་བྱ་སྟེ།སྤྱིར་མང་བཀུར་སྡེ་ལྔས་བརྗོད་དུ་མེད་པའི་གང་ཟག་ཁས་ལེན་པར་ནི་ལུགས་སྔ་ཕྱི་གཉིས་ཀས་བཞེད་པར་སྣང་ཞིང༌། བཞེད་དགོས་པ་ཡང་ཡིན་ཏེ། ཤིང་རྟ་ཆེན་པོ་རྣམས་ཀྱིས་དེ་ལྟར་ལན་ཅིག་མ་ཡིན་པར་་བཤད་པར་མཐུན་སྣང་དུ་གྲུབ་པའི་ཕྱིར་རོ། །སྡེ་ལྔས། ཆོས་ཐམས་ཅད་བདག་མེད་པར་གསུངས་པའི་ལུང་གིས་ཕུང་པོ་ལས་ངོ་བོ་ཐ་དད་པའི་གང་ཟག་ཁས་མི་ལེན་པར་བསྒྲུབས་པས་ནི་གང་ཟག་གི་བདག་་་མེད་པར་འདོད་པར་བསྒྲུབ་མི་ནུས་ཏེ། དེས་ཆོས་ཐམས་ཅད་བདག་མེད་པར་གསུངས་པའི་དོན་མུ་སྟེགས་པས་བཏགས་པ་ལྟར་གྱི་ཕུང་པོ་ལས་དོན་གཞན་དུ་གྱུར་པའི་བདག་མེད་པའི་དོན་དུ་བཀྲལ་བའི་ཤུགས་ཀྱིས་ལུང་དེས་སྤྱིར་གང་ཟག་གི་བདག་ཡོད་པ་ཙམ་དུ་འདོད་པ་ལ་མི་གནོད་པར་འདོད་པར་སྣང་བས།ཅི་ནས་གང་ཟག་གི་བདག་ཡོད་པར་འདོད་པའི་སྒྲུབ་བྱེད་དུ་སྣང་བའི་ཕྱིར་རོ། །དབུ་མ་རྒྱན་ལས་ཀྱང༌། ཆོས་ཐམས་ཅད་བདག་མེད་པར་གསུངས་པའི་དོན་གྲངས་ཅན་ལ་སོགས་པའི་ལུགས་ཀྱི་དངོས་པོ་དགག་པའི་དོན་དུ་གནས་མ་བུ་པས་འདོད་པར་བཤད་དོ། །མཛོད་འགྲེལ་ལས། དེ་ནི་རྫས་སུ་ཡོད་པ་ཁོ་ནའང་མིན་ལ། བཏགས་པར་ཡོད་པ་ཡང་མ་ཡིན་ནོ། །ཞེས་གནས་མ་བུ་པའི་འདོད་པ་བརྗོད་སྐབས་གསུངས་པས་ཀྱང་ལུགས་དེས་གང་ཟག་རྫས་བཏགས་གང་དུའང་ཁས་མ་བླངས་པར་བསྒྲུབ་མི་ནུས་ཏེ།དེ་ནི་དེའི་གོང་དུ་ཁྱོད་ཀྱིས་རྫས་སུ་ཡོད་པར་འདོད་དམ། བཏགས་པར་ཡོད་པར་འདོད། ཅེས་་དྲིས་ནས་ཕྱོགས་གཉིས་ཀ་ལ་སྐྱོན་བརྗོད་པ་ན་དེས་རྫས་བཏགས་གང་ཡང་མ་ཡིན་པར་སྨྲས་ན་ཡང་འགོག་ཚུལ་འདི་ལྟར་བྱེད་ཅེས་གསུངས་པ་ཡིན་གྱི། གནས་མ་བུ་པའི་རྩ་བའི་ཁས་ལེན་ལ་གང་ཟག་རྫས་བཏགས་གང་དུའང་ཁས་མི་ལེན་པར་བསྟན་པ་མ་ཡིན་པའི་ཕྱིར་དང༌། ཚིག་དེ་ཀའི་རྫས་སུ་ཡོད་པ་ལ་ཁོ་ནའི་སྒྲ་སྦྱར་ལ། བཏགས་པར་ཡོད་པ་ལ་ཁོ་ནའི་སྒྲ་མ་སྦྱར་བ་ལའང་ནུས་པ་འདོན་ལུགས་ཤིག་ཡོད་པའི་ཕྱིར་རོ། །གཞན་དུ་ན། མཛོད་འགྲེལ་ལས་ལུང་དེ་ཀའི་འོག་ཏུ། གང་ཟག་རྫས་སུ་ཡོད་པ་འགོག་པའི་ལུང་དང་རིགས་པ་དུ་མ་ཞིག་གསུངས་པ་རྣམས་ཕྱོགས་སྔ་མ་ལ་གནོད་པ་མ་ཡིན་པར་འགྱུར་་རོ། །དེར་མ་ཟད། མཛོད་འགྲེལ་དུ་གང་ཟག་བཏགས་ཡོད་དུ་སྟོན་པའི་གཟུགས་ཅན་སྙིང་པོའི་མདོ་ལ་སོགས་པའི་ལུང་མང་དུ་དྲངས་པའི་རྗེས་སུ། དེ་དག་ནི་གཞུང་འདི་ཚད་མར་མི་བྱེད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན་འདི་ཁོ་བོ་ཅག་གི་སྡེ་པ་མི་འདོན་ཏོ། །ཞེས་ཟེར་རོ་ཞེས་གསུངས་པས་ཀྱང་དེ་དག་གིས་་གང་ཟག་རྫས་ཡོད་དུ་འདོད་པར་འགྲུབ་ལ། འཇུག་པ་རྩ་འགྲེལ་གྱི་ལུང་དོན། ཐལ་འགྱུར་བའི་རིགས་པས་འཕུལ་ནས་གང་ཟག་རྫས་ཡོད་ཁས་བླངས་པར་སོང་བའི་དོན་དུ་བྱེད་པའང་འཐད་པར་མི་སེམས་ཏེ།ཚུལ་དེ་ནི་མང་བཀུར་སྡེ་ལྔར་མ་ཟད་བྱེ་སྨྲ་ཀུན་ལའང་མཚུངས་པའི་ཕྱིར་ཏེ། བྱེ་བྲག་སྨྲ་བ་ཐམས་ཅད་་ཀྱིས་གང་ཟག་བདེན་པར་འདོད་པས། བདེན་པའི་དོན་ཚུགས་ཐུབ་དང༌། དེ་ཡང་གཞན་ལ་རག་མ་ལས་པའི་རྫས་ཡོད་དུ་དབུ་མ་ཐལ་འགྱུར་བའི་རིགས་པས་འཕུལ་ནུས་པས། མང་བཀུར་སྡེ་ལྔ་ཁོ་ན་དམིགས་ཀྱིས་བཀར་བ་དོན་མེད་པར་འགྱུར་བའི་ཕྱིར། དེས་མ་ཟད། འདིས་གང་་ཟག་རྫས་ཡོད་འདོད་པར་རྗེ་ཐམས་ཅད་མཁྱེན་པས་གསལ་བར་བཤད་དེ།འཇུག་པའི་རྣམ་བཤད་ཆེན་མོ་ལས། འདི་དག་གི་འདོད་པ་བརྗོད་པའི་སྐབས་སུ་གང་ཟག་དེ་རྫས་སུ་ཡོད་པར་ཡང་འདོད་དེ།ལས་གཉིས་ཀྱི་བྱེད་པ་པོ་དང། དེ་གཉིས་ཀྱི་འབྲས་བུ་བདེ་སྡུག་གི་ཟ་བ་པོ་ཉིད་དུ་བརྗོད་པའི་ཕྱིར་དང་། འཁོར་བར་བཅིངས་པ་དང་མྱང་འདས་ཀྱི་སྐབས་སུ་ཐར་པ་པོའམ་གྲོལ་བ་པོ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དབུ་མ་འཇུག་པ་ལས་ཀྱང༌། གང་ཟག་རྫས་ཡོད་འདོད།ཅེས་དང༌། རང་འགྲེལ་ལས་ཀྱང༌། རྫས་སུ་ཡོད་པར་སྨྲ་བ་བསལ་བའི་ཕྱིར་བཤད་པ་ཞེས་གསུངས་ཀྱི་རྫས་ཡོད་དུ་ཐལ་ལོ་ཞེས་དང༌། རྫས་ཡོད་དུ་འགྱུར་རོ་ཞེས་མ་གསུངས་པའི་ཕྱིར་དང།དེ་ཡང་ཕྱོགས་སྔ་མར་བརྗོད་པའི་གཞུང་ཉིད་དུ་འབྱུང་བའི་ཕྱིར་དང་།ཕྱོགས་གཞན་འགོག་པའི་རིགས་པའི་སྐབས་སུ་ཁོང་ན་གནས་པའི་དོགས་པ་སློང་བ་དང༌། མཐའ་གཞན་འགོག་པ་སོགས་བྱེད་ཀྱི་ཕྱོགས་སྔའི་གཞུང་འགོད་པའི་ཚེ་ཁོ་རང་གི་འདོད་ཚུལ་ཁོ་ན་དྲང་པོར་སྨྲ་བ་ནི་རྒྱ་གར་མཁས་པའི་ལུགས་སྲོལ་ཡིན་པའི་ཕྱིར། ཐལ་འགྱུར་པའི་རིགས་པས་འཕུལ་འཚམས་ཙམ་མིན་པར་ཤིན་ཏུ་གསལ་ལོ། །

    གཞན་ཡང་གནས་མ་བུ་པའི་ལུགས་ལ། གང་ཟག་དེ་ཕུང་བོ་སོགས་ཀྱི་ལེན་པ་པོ་དང་འདོར་བ་པོའི་རྫས་སུ་འདོད་པས་དོན་དམ་པར་གྲུབ་པར་འདོད་ལ། ཕུང་པོ་རྣམས་རྒྱུར་བྱས་ནས་གང་ཟག་འཇོག་ཀྱང་དེས་གང་ཟག་བཏགས་ཡོད་དུ་མི་འགྱུར་བར་འདོད་པ་ལ་ཀུན་མཁྱེན་དབྱིག་གཉེན་གྱིས་ནང་འགལ་བསྟན་ནས་གང་ཟག་བཏགས་ཡོད་དུ་བསྒྲུབས་པ་མཛོད་འགྲེལ་གྱི་གནས་དགུ་པ་ན་གསལ་བར་ཡོད་པས་ཀྱང༌། ལུགས་འདིས་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འདོད་པ་གསལ་བར་འགྲུབ་བོ། །ཡང་བཅོམ་ལྡན་འངས་ཀྱིས་གང་ཟག་གི་བདག་ཡོད་པར་གསུངས་པ་ནི་གདུལ་བྱ་ཡུན་རིང་པོར་མུ་སྟེགས་་ཀྱི་ལྟ་བ་ལ་གོམས་པས་བདག་མེད་པའི་ཆོས་བསྟན་པ་ལ་སྐྲག་ནས་ཡང་དག་པའི་ལམ་ལ་མིའཇུག་པ་རྣམས་ལ་རེ་ཞིག་གང་ཟག་གི་བདག་ཡོད་པར་བསྟན་པས་དེ་དག་གི་དོན་དུ་འགྱུར་བར་དགོངས་ཏེ་གསུངས་པར་ཀླུ་སྒྲུབ་ཡབ་སྲས་དང་རྗེ་ཐམས་ཅད་མཁྱེན་པས་བཤད་པས། གང་ཟག་གི་བདག་ཁས་ལེན་པའི་ནང་པ་ཡོད་པར་གྲུབ་ཅིང༌། དེ་ཡང་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཡོད་པ་ལ་བྱེད་དགོས་པ་ནི་འཇུག་པའི་རྣམ་བཤད་ཆེན་མོ་ལས། ཇི་སྐད་དུ།དགེ་སློང་དག་ཕུང་པོ་ལྔ་ནི་ཁུར་རོ། །ཁུར་འཁུར་བ་པོ་ནི་གང་ཟག་གོ། །ཞེས་གསུངས་པ་ལྟ་བུའོ། །འདི་ནི་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་རྣམས་ཀྱིས་ཞུས་པའི་ངོར་དེ་མེད་པར་མ་བསྟན་པར། ཁུར་འཁུར་བའི་གང་ཟག་ཡོད་པར་གསུངས་པས། ཚིག་ལ་དངོས་སུ་མེད་ཀྱང་དོན་ནི་རྫས་ཡོད་དོ། །ཞེས་གསལ་བར་གསུངས་ཤིང༌། གནས་མ་བུ་པས་གང་ཟག་གི་བདག་ཁས་ལེན་པ་ཡང་དྲངས་མ་ཐག་པའི་ལུང་དེ་ལ་བརྟེན་པར་་མཛོད་འགྲེལ་གྱིས་ཤེས་སོ། །སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཀྱང༌། རང་གི་སྡེ་པ་རྣམ་པར་ཕྱེ་སྟེ་སྨྲ་བ་དང་། ཆོས་སྲུང་བ་དང་། གོས་དམར་བ་དང༌། གནས་མ་བུ་དང༌། ས་སྟོན་པ་དང༌། ཆོས་མཆོག་པ་དང༌། ས་སྒྲོགས་རི་པ་དང་བདུན་ནི་ཕལ་ཆེར་གང་ཟག་གི་བདག་ཏུ་སྨྲ་བ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་སྡེ་པ་བཅོ་བརྒྱད་ཀྱི་ནང་ཚན་གྱི་ས་སྟོན་པ་དང༌། མདོ་སྡེ་པ་གཅིག་པར་འདོད་པ་ཡང་མི་འཐད་དོ། །རྩ་ཤེས་ཊིཀ་ཆེན་དུ། ལྟ་བ་ངན་པ་བཅུ་དྲུག་ངོས་བཟུང་བའི་སྐབས་སུ་བདག་སྔོན་དུས་ན་བྱུང་མ་བྱུང་གཉིས་ཀ་མ་ཡིན་པར་ལྟ་བ་དང༌། རྟག་མི་རྟག་གཉིས་ཀ་མ་ཡིན་པར་ལྟ་བའི་་ལྟ་ངན་གྱི་མཚན་གཞིར་མང་བཀུར་བའི་འདོད་ཚུལ་འདི་བཞག་པ་དང༌། རིན་ཆེན་འཕྲེང་བ་ལས།གང་ཟག་ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང༌། །ཞེས་སོགས་ཀྱི་དོན་འགྲེལ་བའི་སྐབས་སུ། ཊིཀ་ཆེན་དེ་ཉིད་དུ་་གང་ཟག་ཙམ་དུ་སྨྲ་བ་ནི་རང་སྡེ་གང་ཟག་རྫས་ཡོད་དུ་སྨྲ་བའོ། །ཕུང་པོ་ཙམ་དུ་སྨྲ་བ་ནི་རང་གི་སྡེ་པ་གང་ཟག་རྫས་སུ་མེད་ལ། ཕུང་པོ་རྫས་སུ་ཡོད་པར་སྨྲ་བའོ། །ཞེས་དང༌། ངོ་བོ་ཉིད་གསུམ་ལ་བདེན་པར་གྲུབ་མ་གྲུབ་ཀྱི་ཁྱད་པར་ཕྱེ་བའི་རྣམ་པར་རིག་པ་ཙམ་གྱི་ཚུལ་ནི་གདུལ་བྱ་རིམ་གྱིས་དོན་དམ་པ་རྟོགས་པ་ལ་བཀྲི་བའི་ཕྱིར་དུ་སྟོན་པ་ཐུགས་རྗེ་ཅན་གྱིས་བཀའ་སྩལ་བའི་དྲང་དོན་ཡིན་པའི་མཐུན་དཔེར། མང་བོས་བཀུར་བའི་གང་ཟག་ཏུ་སྨྲ་བ་ལྟར་ཞེས་གསུངས་འདུག་པས་ཀྱང་གང་ཟག་གི་བདག་ཡོད་པར་གསུངས་པའི་གདུལ་བྱའི་མཚན་གཞིར་མང་བཀུར་འཇོག་རྒྱུ་ཡིན་པ་རྗེ་ཐམས་ཅད་མཁྱེན་པའི་དགོངས་པར་སྣང་ངོ༌། །དོན་དེ་དག་ལ་དགོངས་ནས་མཁས་གྲུབ་སྨྲ་བའི་ཉི་མས་རྒྱུད་སྡེ་སྤྱི་རྣམ་དུ། སྤྱིར་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མི་ལེན་གྱིས།སངས་རྒྱས་པའི་ལྟ་བ་ཁས་ལེན་མི་ལེན་དུ་འཇོག་པ་ལས།ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་མང་པོས་བཀུར་བ་དང༌། གནས་མ་བུ་པ་དང༌། བླ་མ་པ་དང༌། ཆོས་སྦས་པ་དང༌། བཟང་པོའི་ལམ་པ་པ་རྣམས་བརྗོད་དུ་མེད་པའི་གང་ཟག་གི་བདག་ཁས་ལེན་པས་་སངས་རྒྱས་པའི་ལྟ་བ་ཁས་ལེན་པར་མི་འཇོག་ཀྱང༌། སྐྱབས་གནས་དང་ཚུལ་ཁྲིམས་སོགས་ཀྱི་སྒོ་ནས་སངས་རྒྱས་པར་འཇོག་གོ། །ཞེས་གསུངས་ཤིང༌། འདི་ནི་རྗེ་ཡབ་སྲས་སུ་མ་ཟད་སྔོན་གྱི་མཁས་པ་རྣམས་ཀྱང་བཞེད་དེ། གངས་རིའི་ཁྲོད་ཀྱི་ཤིང་རྟ་ཆེན་པོ་རྗེ་བཙུན་རེད་མདའ་བས། རྟོག་གེ་འབར་བ་ལས་ གནས་མ་བུ་པ་དང༌། བཟང་པོའི་ལམ་པ་དང༌། ཀུན་གྱིས་བཀུར་བ་དང་། ཆོས་སྦས་པ་དང༌། བླ་མ་པ་རྣམས་བརྗོད་དུ་མེད་པའི་གང་ཟག་འདོད་པར་བཤད་པས། དེ་དག་གྲུབ་མཐའ་སྨྲ་བ་གཉིས་པོར་མ་འདུས་པར་མངོན་ཏེ། གྲུབ་མཐའ་སྨྲ་བ་གཉིས་ཀ་ཡང་བདག་མེད་པར་སྨྲ་བའི་ཕྱིར་རོ། །ཞེས་དང་། དེ་བས་ན་གང་ཟག་ཏུ་སྨྲ་བའི་སྡེ་པ་དེ་དག་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མ་ཉམས་པའི་ཕྱིར། རྣམ་གྲངས་ཀྱིས་སངས་རྒྱས་་ཀྱི་བསྟན་པར་བསྡུས་ལ། ལྷག་པ་ཤེས་རབ་ཀྱི་བསླབ་པ་ཉམས་པའི་ཕྱིར། ཡང་དག་པར་ན་བསྟན་པ་ལས་ཕྱི་རོལ་པ་ཡང་ཡིན་ནོ། །ཞེས་གསུངས་ཤིང༌། དེ་བཞིན་དུ་འཇམ་མགོན་ས་སྐྱ་པཎྚི་ཏས་ཀྱང་གྲུབ་མཐའི་རྣམ་བཞག་ཏུ་གསུངས་ཏེ། ལུང་གི་ཚིག་རྣམས་མངས་ཀྱིས་དོགས་ནས་མ་བྲིས་སོ། །

    དེ་ལྟར་ན་ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་ཁྱད་པར་བདག་མེད་པའི་ལྟ་བ་ཁས་ལེན་མི་ལེན་གྱིས་འཇོག་པ་དང༌། མང་བཀུར་སྡེ་ལྔས་གང་ཟག་གི་བདག་ཡོད་པར་ཁས་ལེན་པར་རྗེ་ཡབ་སྲས་སོགས་སྔོན་བྱོན་པའི་རྒྱ་བོད་ཀྱི་ཤིང་རྟ་ཆེན་པོ་མཐའ་དག་གིས་བཞེད་པར་འདུག་པས། སྡེ་པ་འདི་དག་རང་སྡེ་ཙམ་དང་ནང་བ་ཙམ་ཡིན་ཀྱང་ནང་བའི་གྲུབ་མཐའ་སྨྲ་བ་དངོས་མིན་ནོ། །ཞེས་སྨྲ་བ་ལ། དངོས་སུ་དབྱུག་པ་སོགས་ཀྱི་གནོད་བྱེད་མ་བྱུང་ཕྱིན་རིགས་པས་གནོད་པ་འབབ་དཀའ་བར་འདུག་གོ། །འདི་ནི་ཤིན་ཏུ་དཀའ་བའི་གནས་མ་ཡིན་མོད་ཀྱང༌། ཕྱིས་ཀྱི་མཁས་པ་དག་གིས་ཕྱོགས་གཞན་དང་གཞན་དུ་བཤད་པ་མང་དུ་མཛད་པར་བརྟེན་ནས་བདག་གིས་གཟུ་བོར་གནས་པས་ཅུང་ཟད་སྤྲོས་པ་ཡིན་གྱི། མང་བཀུར་སྡེ་ལྔས་གང་ཟག་གི་བདག་ཁས་ལེན་པ་དང་མི་ལེན་པ་གང་གིས་ཀྱང་ཁོ་བོ་ལ་ཕན་པ་དང་གནོད་པར་འགྱུར་བ་ཅུང་ཟད་ཀྱང་མེད་པས་ཕྱོགས་གང་ལའང་ཁོ་བོ་ཅག་ཆགས་དོན་དང་སྡང་དོན་ནི་མ་མཆིས་སོ། །

    གསུམ་པ་གྲུབ་མཐའི་འདོད་ཚུལ་ལ་གཉིས། གང་ལ་བརྟེན་པའི་གཞུང་དང༌། དེ་ལ་བརྟེན་པའི་གྲུབ་མཐའི་ཚུལ་ལོ། །དང་པོ་ནི། བྱེ་བྲག་ཏུ་སྨྲ་བའི་ཐོག་མའི་གཞུང་ནི་མངོན་པ་སྡེ་བདུན་དང༌།དེའི་དོན་བསྡུས་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་གཉིས་ཡིན་པར་གྲགས་ཤིང༌། མངོན་པ་སྡེ་བདུན་ནི་མདོ་ཡིན་ལ། འཕགས་པ་ཤཱ་རིའི་བུ་ལ་སོགས་པས་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་སུ་བསྡུས་པར་ལུགས་འདི་པ་འདོད་ཅིང༌། བྱེ་བྲག་བཤད་མཚོ་ནི་འཕགས་པ་ཉེར་སྦས་ལ་སོགས་པས་བྱས་པར་འདོད་དེ། དེ་ཡང༌། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། གདགས་པའི་བསྟན་བཅོས་མོའུ་གལ་བུས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཡེ་ཤེས་ལ་འཇུག་ཀ་ཏུའི་བུས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །ཡང་དག་འགྲོ་བའི་རྣམ་གྲངས་ནི། །གསུས་པོ་ཆེ་ཡིས་་བྱས་ཞེས་གྲགས། །ཞེས་པ་ལྟར་རོ། །སྡེ་བདུན་ལས་གདགས་པའི་བསྟན་བཅོས་ཀྱི་ནང་ཚན་འཇིག་རྟེན་གདགས་པ་དང༌། རྒྱུ་གདགས་པ། ལས་གདགས་པ་རྣམས་བོད་དུ་འགྱུར་ཞིང་གཞན་མ་འགྱུར་ཞེས་བུ་སྟོན་ཆོས་འབྱུང་དུ་བཤད་དོ། །གཞན་ཡང་མངོན་པ་མཛོད་རྩ་འགྲེལ་དང་རྩ་ཤེས་ཀྱི་འགྲེལ་བཤད་རྣམས་དང་དབུ་མ་རྒྱན་རྩ་འགྲེལ་དང་རྟོག་གེ་འབར་བ་སོགས་ལས་ཀྱང་བྱེ་བྲག་སྨྲ་བའི་འདོད་པ་་་བརྗོད་པ་མང་དུ་འབྱུང་ངོ༌། །སློབ་དཔོན་ནི། དབྱིག་བཤེས་དང༌། ཆོས་སྐྱོབ་དང༌། སངས་རྒྱས་ལྷ་དང༌། འདུས་བཟང་ལ་སོགས་པ་ཡིན་པར་གྲགས་སོ། །གཉིས་པ་ལ། གཞི་ལམ་འབྲས་བུའི་རྣམ་བཞག་གསུམ་ལས །དང་པོ་ནི།

    ༡ གཞིའི་རྣམ་བཞག་བསྟན་པ།

    སྡེ་པ་སོ་སོའི་འདོད་ཚུལ་ཐུན་མོང་མ་ཡིན་པ་མང་མོད་ཀྱང་ཐུན་མོང་གི་འདོད་ཚུལ་རགས་པ་ཙམ་ཞིག་མཛོད་རྩ་འགྲེལ་སོགས་ལ་བརྟེན་ནས་བཤད་པར་བྱ་སྟེ། དེ་ལ་ཡང་སྤྱིའི་རྣམ་བཞག་དང༌། བྱེ་བྲག་ཏུ་ཕྱི་དོན་འདོད་ཚུལ་ལོ། །དང་པོ་ལ་ལྔ། བདེན་གཉིས་ཀྱི་རྣམ་བཞག ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག ཟག་བཅས་ཟག་མེད་ཀྱི་རྣམ་བཞག ཤེས་བྱ་གཞི་ལྔའི་འདོད་ཚུལ། དུས་གསུམ་རྫས་སུ་འདོད་ཚུལ་ལོ། །དང་པོ་ནི། འདིའི་ལུགས་ཀྱི་བདེན་གཉིས་འཇོག་ཚུལ་ལ་ངོ་བོ་ནི།

    མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་པ་ལྟར། ཆོས་གང་ལ་བཅོམ་གཞིག་གང་རུང་གིས་རང་ཡིན་གྱི་བློ་འདོར་དུ་རུང་བའི་ཆོས་ནི་ཀུན་རྫོབ་བདེན་པ་དང༌། དེ་གང་རུང་གིས་རང་ཡིན་གྱི་བློ་འདོར་དུ་མི་རུང་བའི་ཆོས་ནི་དོན་དམ་བདེན་པའོ། །དེ་ལ་བཅོམ་པ་ནི་ཐོ་བ་ལ་སོགས་པས་བཅོམ་པ་དང༌། གཞིག་པ་ནི་ཁ་དོག་དྲི་རོ་སོགས་ཆོས་གཞན་བློས་སོ་སོར་བསལ་བའོ། །ཀུན་རྫོབ་བདེན་པའི་མཚན་གཞི་ནི་བུམ་པ་དང༌། བུམ་པའི་ནང་གི་ཆུ་ལྟ་བུའོ། །ཀུན་རྫོབ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ནི། བཅོམ་གཞིག་གིས་རང་གི་བློ་འདོར་དུ་རུང་བའི་བུམ་པ་ལ་སོགས་པ་དེ་དག་ལ་ཀུན་རྫོབ་ཏུ་བུམ་པ་ལ་སོགས་པའི་མིང་གིས་བཏགས་པ་ཡིན་པས་ཀུན་རྫོབ་ཀྱི་དབང་གིས་བུམ་པ་ལ་སོགས་པ་དེ་དང་དེའོ་ཞེས་བརྗོད་པ་ན་བདེན་པ་ཁོ་ནར་སྨྲས་པ་ཡིན་གྱི་རྫུན་པ་ནི་མ་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་ཞེས་བརྗོད་པར་མཛོད་རང་འགྲེལ་ལས་བཤད་ལ། ཡང་ན་ཐ་སྙད་ཀྱི་ཤེས་པ་ཉོན་མོངས་ཅན་དང༌། ཉོན་མོངས་ཅན་མ་ཡིན་པས་བདེན་པར་འཛིན་པས་དེ་ལྟར་བརྗོད་པ་སྟེ། མཛོད་་འགྲེལ་རྒྱལ་སྲས་མ་ལས། ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། ཀུན་རྫོབ་ཀྱི་ཐ་སྙད་དེ་ཤེས་པ་ཉོན་མོངས་ཅན་དང་ཉོན་མོངས་ཅན་ཡིན་པས་འཛིན་པས་ན་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་གསུངས་སོ། །དོན་དམ་བདེན་པའི་མཚན་གཞི་ནི། གཟུགས་དང་ཚོར་བ་དང་འདུ་ཤེས་དང་སེམས་སེམས་བྱུང་རང་རྐྱ་བ་རྣམས་ཡིན་ནོ།།

    དོན་དམ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ནི། གང་ལ་བཅོམ་པ་ལ་སོགས་པས་བསལ་ཡང་རང་གི་བློ་འདོར་དུ་མི་རུང་བའི་གཟུགས་ལ་སོགས་པ་དེ་དག་ནི་ངེས་པར་དོན་དམ་པར་ཡོད་པའི་ཕྱིར། དོན་དམ་པའི་བདེན་པ་ཞེས་བརྗོད་པར་རང་འགྲེལ་ལས་གསུངས་པ་དང༌། ཡང་ན། དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་ལ་དེའི་དོན་དུ་ཡོད་པའི་ཡུལ་ཡིན་པས་དོན་དམ་པའི་བདེན་པ་སྟེ། གང་སྤེལ་ལས། དམ་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ། དེའི་དོན་དུ་ཡོད་པའི་ཡུལ་ནི་དོན་དམ་པའོ། །ཞེས་གསུངས་སོ། །འོན་ཀྱང་འདི་དག་ལ་ད་དུང་ཞིབ་ཆ་དགོས་སོ། །

    རྫས་བཏགས་ཀྱི་ཁྱད་པར་ནི། དོན་དམ་དུ་གྲུབ་པ་ལ་རྫས་ཡོད་དང༌། ཀུན་རྫོབ་ཏུ་གྲུབ་པ་ལ་བཏགས་ཡོད་དུ་བྱས་སོ། །

    གཉིས་པ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལ། ཕུང་ཁམས་སྐྱེ་མཆེད་གསུམ་བསྟན་པའི་དགོས་པ་ནི། མཛོད་ལས། རྨོངས་དབང་འདོད་རྣམས་གསུམ་གྱི་ཕྱིར། །ཅེས་པ་ལྟར། རྨོངས་པ་གསུམ་ལྡོག་པ་དང་དབང་པོ་རྣོ་འབྲིང་རྟུལ་གསུམ་རྗེས་སུ་འཛིན་པ་དང༌།ཚིག་གི་སྤྲོས་པ་རྒྱས་འབྲིང་བསྡུས་གསུམ་འདོད་པ་རྣམས་རྗེས་སུ་འཛིན་པའི་ཆེད་དུ་ཡིན་ནོ། །ཕྱི་མ་གཉིས་གོ་སླ་ལ། རྨོངས་པ་ལྡོག་ཚུལ་ནི། སེམས་བྱུང་ལ་རིལ་པོར་འཛིན་པའི་རྨོངས་པ་ལྡོག་ཆེད་དུ་ཕུང་པོ་ལྔ་དང༌། གཟུགས་ལ་རིལ་པོར་འཛིན་པའི་རྨོངས་པ་ལྡོག་ཆེད་དུ་སྐྱེ་མཆེད་བཅུ་གཉིས་དང༌།གཟུགས་སེམས་གཉིས་ཀ་ལ་རིལ་པོར་འཛིན་པའི་རྨོངས་པ་ལྡོག་ཆེད་དུ་ཁམས་བཅོ་བརྒྱད་བསྟན་པའོ། །ཕུང་པོ་ལྔའི་གོ་རིམ་ནི། དེ་ཉིད་ལས། རིམ་ནི་རགས་དང་ཀུན་ཉོན་མོངས། །སྣོད་སོགས་དོན་ཁམས་ཇི་བཞིན་ནོ། །ཅེས་པ་ལྟར་རགས་ཕྲའི་རིམ་པ་དང༌། ཀུན་ཉོན་སྐྱེ་བའི་རིམ་པ་དང༌། ཟས་ལ་ལོངས་སྤྱོད་པའི་རིམ་པ་དང༌། ཁམས་གསུམ་ན་སྤྱོད་ཚུལ་གྱི་རིམ་པ་དང་མཐུན་པའོ། །ཁམས་དང་སྐྱེ་མཆེད་ཀྱི་རིམ་པ་ནི། ཡུལ་ཅན་གྱི་སྐྱེ་མཆེད་དང་ཁམས་ཀྱི་རིམ་པ་ངེས་ཤིང༌། དེ་དང་མཐུན་པར་ཡུལ་གྱི་སྐྱེ་མཆེད་ཁམས་ཀྱི་རིམ་པ་བཤད་པ་སྟེ། ཞིབ་པར་མ་སྤྲོས་སོ། །

    སྒྲ་བཤད་ནི།དེ་ཉིད་ལས། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཅེས་པ་ལྟར་དུ་མ་གཅིག་ཏུ་སྤུངས་པས་ན་ཕུང་པོ། སྐྱེ་བའི་སྒོར་གྱུར་པས་ན་སྐྱེ་མཆེད། ཆོས་དེའི་རིགས་ཡིན་པས་ན་ཁམས་སོ། །དབྱེ་བ་ལ། ཕུང་པོ་ལྔ་ལས་གཟུགས་ནི། མིག །རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་ལྔ་དང༌། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དོན་ལྔ་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་བཅུ་གཅིག་གོ། །དེ་ལས་གཟུགས་ཀྱི་སྐྱེ་མཆེད་ལ་ཁ་དོག་གི་གཟུགས་བཅུ་གཉིས་དང༌། དབྱིབས་ཀྱི་གཟུགས་བརྒྱད་དེ་ཉི་ཤུའོ། །ཁ་དོག་ནི་སྔོ་སེར་དཀར་དམར་བཞི་དང༌། སྤྲིན་དུ་བ་རྡུལ་ཁུག་རྣ་གྲིབ་མ་ཉི་མ་སྣང་བ་མུན་པ་རྣམས་སོ། །དབྱིབས་ནི། རིང་པོ། ཐུང་ངུ༌། ལྷམ་པ། ཟླུམ་པོ། མཐོ་བ།དམའ་བ། ཕྱ་ལེ་བ། ཕྱ་ལེ་བ་མ་ཡིན་པ་རྣམས་སོ། །སྒྲའི་སྐྱེ་མཆེད་ལ། ཟིན་པའི་འབྱུང་བ་ཆེན་པོ་རྒྱུར་བྱས་པའི་སྒྲ་དང༌། མ་ཟིན་པའི་འབྱུང་བ་ཆེན་པོ་རྒྱུར་བྱས་པའི་སྒྲ་གཉིས། དེ་རེ་རེ་ལ་ཡང་སེམས་ཅན་དུ་སྟོན་པ་དང་མི་སྟོན་པ་གཉིས་རེ། དེ་རེ་རེ་ལ་ཡང་སྙན་མི་སྙན་གཉིས་རེ་སྟེ་བརྒྱད་དོ། །དྲི་ལ་ཞིམ་མི་ཞིམ་རེ་རེ་ལ། མཉམ་མི་མཉམ་གཉིས་རེ་སྟེ་བཞིའོ། །རོ་ལ་མངར་བ། སྐྱུར་བ། ཁ་བ།སྐ་བ། ཚ་བ། ལན་ཚྭ་བ་སྟེ་དྲུག་གོ། །རེག་བྱ་ལ། ས་ཆུ་མེ་རླུང་གི་འབྱུང་བ་བཞི་དང༌། འཇམ་པ།རྩུབ་པ། ལྩི་བ། ཡང་བ། གྲང་བ། བཀྲེས་པ། སྐོམ་པ་སྟེ་བཅུ་གཅིག་གོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལ་སྡོམ་པ་དང༌། སྡོམ་པ་མ་ཡིན་པ་དང༌། བར་མའི་གཟུགས་ཏེ་གསུམ་དུ་ཡོད་ཅིང༌། དེ་ཉིད་ལས། གཡེངས་དང་སེམས་མེད་པ་ཡི་ཡང༌། །ཅེས་སོགས་ལྟར། གཡེངས་པ་དང༌།སེམས་མེད་པའི་གནས་སྐབས་སུ་ཡང་འབྱུང་བ། དགེ་མི་དགེ་གང་རུང་ཡིན་པ། རྒྱུན་སྔ་ཕྱི་གང་རུང་དང་བཅས་པ། འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པ། རྣམ་པར་རིག་བྱེད་མ་ཡིན་པ་སྟེ་ཁྱད་པར་ལྔ་ལྡན་དུ་འདོད་ཅིང༌། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལ་གཟུགས་མཚན་ཉིད་པར་འདོད་པའི་རང་སྡེ་ནི། བྱེ་སྨྲ་དང་ཐལ་འགྱུར་པ་གཉིས་སུ་ངེས་སོ། ། ཚོར་བའི་ཕུང་པོ་ལ་བདེ་སྡུག་བཏང་སྙོམས་ཀྱི་་ཚོར་བ་གསུམ་དང༌། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སོགས་དྲུག་ཏུ་ཡོད་ཀྱང༌། བསྡུ་ན་ལུས་ཚོར་སེམས་ཚོར་གཉིས་སུ་འདུའོ། །འདུ་ཤེས་ཀྱི་ཕུང་པོ་ལ། མཚན་མ་ཙམ་དུ་འཛིན་པའི་རྟོག་མེད་ཀྱི་འདུ་ཤེས་དང༌། བཀྲ་བར་འཛིན་པའི་རྟོག་བཅས་ཀྱི་འདུ་ཤེས་གཉིས་སོ། །འདུ་བྱེད་ཀྱི་ཕུང་པོ་ལ། མཚུངས་ལྡན་འདུ་བྱེད་དང༌། མཚུངས་ལྡན་མ་ཡིན་པའི་འདུ་བྱེད་གཉིས་སོ། །དང་པོ་ལ།སེམས་ལས་བྱུང་བ་བཞི་བཅུ་ཞེ་དགུ་ཡོད་དེ། སེམས་བྱུང་ལྔ་བཅུ་ང་གཅིག་ལས་ཚོར་འདུ་གཉིས་མ་གཏོགས་པའོ། །མཚུངས་ལྡན་མ་ཡིན་པའི་འདུ་བྱེད་ལ་འདིའི་ལུགས་ལ་བཅུ་བཞི་ཡོད་དེ་འདི་གཉིས་འོག་ཏུ་འཆད་པར་འགྱུར་རོ། །ཁམས་བཅོ་བརྒྱད་ལ་མིག་གི་ཁམས་སོགས་རྟེན་གྱི་ཁམས་དྲུག །མིག་གི་རྣམ་པར་ཤེས་པ་སོགས་རྟེན་པའི་ཁམས་དྲུག །གཟུགས་སོགས་ཡུལ་གྱི་ཁམས་དྲུག་སྟེ་བཅོ་བརྒྱད་དོ། །སྐྱེ་མཆེད་ནི། མིག་སོགས་ཡུལ་ཅན་གྱི་སྐྱེ་མཆེད་དྲུག་དང༌། གཟུགས་སོགས་ཡུལ་གྱི་སྐྱེ་མཆེད་དྲུག་གོ། །

    གསུམ་པ་ཟག་བཅས་ཟག་མེད་ཀྱི་རྣམ་བཞག་ལ། དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་སུ་རུང་བའི་ཆོས་རྣམས་ཟག་བཅས་དང༌། དེ་ལས་བཟློག་པའི་ཆོས་རྣམས་ཟག་མེད་དུ་འདོད་ལ། མཚན་གཞི་ནི། ལམ་བདེན་མ་གཏོགས་པའི་འདུས་བྱས་རྣམས་ཟག་བཅས་དང༌། ནམ་མཁའ་དང༌། སོ་སོར་བརྟག་པའི་འགོག་པ་དང༌། སོ་སོར་བརྟག་མིན་གྱི་འགོག་པ་དང༌། ལམ་བདེན་བཞི་ནི་ཟག་མེད་དོ། །འདི་པའི་ལུགས་ལ་འདུས་མ་བྱས་ནི་ནམ་མཁའ་སོགས་གསུམ་དུ་འདོད་པ་དང་།དེ་བཞིན་ཉིད་དང་བཞིར་འདོད་པ་ཡང་བཤད་ལ། འདུས་བྱས་ཐམས་ཅད་མི་རྟག་པ་དང༌།འདུས་མ་བྱས་ཀྱི་ཆོས་རྣམས་རྟག་པར་འདོད་དོ། །ནམ་མཁའ་ནི་གཟུགས་ཅན་གཞན་རྣམས་ལ་གོ་འབྱེད་པའི་ཐོགས་མེད་ཀྱི་རྫས་སྣང་བ་དང་མུན་པའི་རང་བཞིན་ཅན་གྱི་དངོས་པོར་འདོད་ཅིང༌།འདུས་མ་བྱས་གཞན་རྣམས་ཀྱང་དངོས་པོར་འདོད་དོ། །གཞན་སྡེ་རྣམས་དང་བྱེ་སྨྲ་འདི་དག་རྟག་པར་འདོད་ཕྱིན་ཆད་དུས་སྔ་མ་ན་ཡོད་ཚད་གང་ཡིན་དུས་ཕྱི་མ་ནའང་ཡོད་པར་འདོད་དེ། འདི་ནི་སྐྱེས་བུ་བླུན་པོའི་རྟག་པར་འཛིན་ཚུལ་དང་ཁྱད་མེད་པས་མདོ་སྡེ་པ་ཡན་ཆད་ཀྱི་རང་སྡེ་རྣམས་ཀྱིས་རྟག་པའི་དོན་དེ་ལྟར་མི་འདོད་དོ། །འདིའི་རྒྱུ་མཚན་ཕལ་ཆེར་གྱིས་མ་ཐོན་འདུག་པས་ཞིབ་པར་བཤད་དགོས་མོད་ཀྱང་འདིར་མ་སྤྲོས་ཏེ། ཕྱོགས་གཞན་དུ་འཆད་པར་འདོད་དོ། །

    བཞི་པ་ནི། ལུགས་འདིས་ཤེས་བྱ་ཐམས་ཅད་གཞི་ལྔར་འདུ་བར་འདོད་ཅིང༌། དེ་ལྔ་ཀའང་དོན་བྱེད་པའི་དངོས་པོ་དང་རྫས་སུ་འདོད་དོ། །གཞི་ལྔ་ནི་སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི། འདུས་མ་བྱས་པའི་གཞི་སྟེ་ལྔའོ། །དང་པོ་ནི། ཕལ་ཆེར་གོངཱ་མ་རྣམས་སུ་འདུ་ལ། གཉིས་པ་ནི། མིག་གི་རྣམ་ཤེས་སོགས་ཚོགས་དྲུག་གོ། །གསུམ་པ་ནི། ཀུན་བཏུས་སུ་སེམས་བྱུང་ང་གཅིག་ཏུ་བཤད་ཀྱང༌། མཛོད་རྩ་འགྲེལ་དུ་འབྱུང་བ་ནི་ཞེ་དྲུག་སྟེ། སེམས་ཀྱི་ས་མང་བ་བཅུ། དགེ་བའི་ས་མང་བ་བཅུ། ཉོན་མོངས་ཆེན་པོའི་ས་པ་དྲུག། །མི་དགེ་བའི་ས་པ་གཉིས། ཉོན་མོངས་ཆུང་ངུའི་ས་པ་བཅུ། མ་ངེས་པའི་མཚུངས་ལྡན་བརྒྱད་རྣམས་སོ། །དེ་ལ་དང་པོ་བཅུ་ནི། ཚོར་བ། སེམས་པ། འདུ་ཤེས། འདུན་པ། རེག་པ། བློ་གྲོས། དྲན་པ། ཡིད་ལ་བྱེད་པ། མོས་པ། ཏིང་འཛིན་ནོ། །འདི་བཅུ་ནི་སེམས་ཀྱི་སྐད་ཅིག་ཐམས་ཅད་དང༌། ཁམས་གསུམ་དང༌། ས་ཐམས་ཅད་ལ་འབྱུང་བར་འདོད་དོ། །གཉིས་པ་བཅུ་ནི། དད་པ། བག་ཡོད།ཤིན་ཏུ་སྦྱངས་པ། འདུ་བྱེད་བཏང་སྙོམས། ངོ་ཚ་ཤེས་པ། ཁྲེལ་ཡོད་པ། འདོད་ཆགས་མེད་པ།ཞེ་སྡང་མེད་པ། མི་འཚེ་བ། བརྩོན་འགྲུས་སོ། །གསུམ་པ་དྲུག་ནི། མ་དད་པ། ལེ་ལོ། རྨོངས་པ།རྨུགས་པ། རྒོད་པ། བག་མེད་པའོ། །བཞི་པ་གཉིས་ནི། ཁྲེལ་མེད་པ་དང༌། ངོ་ཚ་མེད་པའོ། །ལྔ་པ་བཅུ་ནི། ཁྲོ་བ། འཁོན་འཛིན། གཡོ། ཕྲག་དོག འཚིག་པ། འཆབ་པ། སེར་སྣ། སྒྱུ། རྒྱགས་པ། རྣམ་འཚེ་རྣམས་སོ། །དྲུག་པ་མ་ངེས་པ་བརྒྱད་ནི། རྟོག་པ། དཔྱོད་པ།འགྱོད་པ། གཉིད། ཁོང་ཁྲོ། ཆགས་པ། ང་རྒྱལ། ཐེ་ཚོམ་རྣམས་སོ། །སེམས་བྱུང་རྣམས་ནི་རང་སེམས་གང་དང་མཚུངས་པར་ལྡན་པའི་སེམས་དེ་དང༌། རྟེན། དམིགས་པ། རྣམ་པ། དུས།རྫས་ཏེ་རྣམ་པ་ལྔས་མཚུངས་པར་ལྡན་པའོ། །

    བཞི་པ་ནི། ལུགས་འདི་ལ་ལྡན་པ་མ་ཡིན་པའི་འདུ་བྱེད་ནི་བཅུ་བཞི་སྟེ། ཐོབ་པ་དང༌། མ་ཐོབ་པ་དང༌། སྐལ་མཉམ་པ་དང༌། འདུ་ཤེས་མེད་པ་དང༌། དེའི་སྙོམས་འཇུག་དང༌། འགོག་པའི་སྙོམས་འཇུག་དང༌། སྲོག་དང༌། འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང༌། རྒ་བ་དང༌། གནས་པ་དང༌། མི་རྟག་པ་དང༌། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་སོ། །དེ་ལ་ཐོབ་པ་ནི། སྔར་མ་ཐོབ་པའམ། ཐོབ་ཀྱང་ཉམས་པ་གསར་དུ་རྙེད་བྱེད་ཀྱི་རྫས་ནི་རྙེད་ཐོབ་དང༌། ཐོབ་ཟིན་སྐད་ཅིག་གཉིས་པ་ཕན་ཆད་དུ་གང་ཟག་དེའི་རྒྱུད་ལ་ལྡན་པར་བྱེད་པའི་རྫས་ནི་ལྡན་ཐོབ་བོ། །དེ་ཡང་དཔེར་ན་ནོར་ལ་ཁལ་འཆིང་བྱེད་ཀྱི་རྫས་ཐག་པ་ལྟ་བུ་ཞིག་ཏུ་འདོད་ཅིང་དེས་ཐོབ་པའི་ཐོབ་པ་སོགས་ཀྱང་ཤེས་པར་བྱའོ། །ཐོབ་པ་དེ་ཉིད་ལས་ཀྱིས་འབྲས་བུ་འབྱིན་པའི་ནུས་པ་འཇོག་གཞིར་བྱེ་སྨྲ་ཁ་ཅིག་འདོད་ལ། ཡང་ཁ་ཅིག་ནི་ཆུད་མི་ཟ་ཞེས་བྱ་བའི་རྫས་དང༌། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ནི་བག་ཆགས་བགོ་གཞིར་སེམས་ཀྱི་རྒྱུན་འཇོག་པར་བཤད་དོ། །མ་ཐོབ་པ་ནི་མ་ཐོབ་པའི་ཆོས་དེ་མི་རྙེད་པ་དང་མི་ལྡན་པར་བྱེད་པའི་རྫས་ཞིག་ལ་འདོད་དེ། སྔ་མའི་རིགས་པས་གོ་སླའོ། །

    འདུ་ཤེས་མེད་པའི་སྙོམས་འཇུག་དང༌། འགོག་པའི་སྙོམས་འཇུག་ནི་སེམས་མེད་པའི་འདུ་བྱེད་དང༌། སྲོག་ནི་ཚེ་ཡིན་ལ། གཟུགས་མེད་དུ་རྣམ་ཤེས་ཀྱིས་རྟེན་བྱེད་པ་དང༌། ཁམས་གཞན་དུ་དྲོད་དང་རྣམ་ཤེས་གཉིས་ཀའི་རྟེན་དུ་འདོད་དོ། །གཞན་རྣམས་གོ་སླ་ཞིང་མིང་ནི་དོན་གྱི་ངོ་བོ་ཙམ་སྟོན་པ་དང༌། ཚིག་ནི་ཁྱད་པར་དང་འབྲེལ་ནས་སྟོན་པ་དང༌། ཡི་གེ་ནི་དོན་གོ་བའི་གཞི་བྱེད་པའི་སྒྲ་ཙམ་དུ་འདོད་ཅིང༌། དེ་དག་ཀྱང་རྫས་ཡོད་དུ་འདོད་དོ། །

    ལྔ་པ་འདུས་མ་བྱས་པའི་གཞི་ནི་གོང་དུ་བཤད་པ་ལྟར་གསུམ་དང་བཞིར་འདོད་ཚུལ་གཉིས་ཡོད་ཅིང༌། དེ་དག་ཀྱང་རྫས་སུ་གྲུབ་པར་འདོད་ལ། ཁ་ཅིག་བྱེ་བྲག་སྨྲ་བ་ལ་དེ་བཞིན་ཉིད་འདུས་མ་བྱས་སུ་འདོད་མཁན་མེད་པར་འདོད་པ་དང༌། ལ་ལས་དེ་བཞིན་ཉིད་འདུས་མ་བྱས་སུ་འདོད་པའི་མདོ་སྡེ་པ་མེད་ཅེས་འདོད་པ་དག་ནི། དབྱིག་གཉེན། ལེགས་ལྡན། ཞི་འཚོ་སོགས་རྒྱ་གར་ མཁས་པའི་གཞུང་ལ་ངལ་བ་ཞིབ་ཏུ་མ་བྱས་པར་ཟད་དེ། འདིར་མ་སྤྲོས་སོ། །

    ལྔ་པ་ནི། འདིའི་ལུགས་ཀྱིས་མྱུ་གུ་ལ་སོགས་པ་རེ་རེ་ཡང་དུས་གསུམ་གསུམ་དུ་འཇོག་པས།མྱུ་གུ་མ་འོངས་པ་དང་འདས་པའི་དུས་སུ་ཡང་མྱུ་གུ་ཡོད་པར་འདོད་དོ། །དེ་ཡང་ཆོས་སྐྱོབ་ནི་མྱུ་གུ་ལ་སོགས་པ་མ་འོངས་པ་ནས་ད་ལྟར་བ་དང༌། ད་ལྟར་བ་ནས་འདས་པར་འཇུག་པ་ན་མ་འོངས་པ་དང་ད་ལྟར་བའི་དངོས་པོ་འདོར་གྱི་དེའི་དུས་ཀྱི་རྫས་མི་འདོར་ཏེ། དཔེར་ན། གསེར་གྱི་སྣོད་བཅོམ་ནས་སྣོད་གཞན་བྱེད་པ་དང༌། འོ་མ་ཞོར་འགྱུར་བ་ན་དབྱིབས་དང་རོ་གཞན་དུ་འགྱུར་གྱི་ཁ་དོག་གཞན་དུ་མི་འགྱུར་བ་བཞིན་ནོ། །ཞེས་སྨྲའོ། །དབྱངས་སྒྲོགས་ནི། དུས་རེ་རེ་ཡང་དུས་གསུམ་ཀའི་མཚན་ཉིད་དང་ལྡན་མོད་ཀྱང་གང་ཤས་ཆེ་བས་འདས་པ་ལ་སོགས་པར་འཇོག་སྟེ། སྐྱེས་པ་གཅིག་བུད་མེད་གཅིག་ལ་ཆགས་པ་ཤས་ཆེ་ཡང་བུད་མེད་གཞན་ལ་ཆགས་བྲལ་མིན་པ་བཞིན་ནོ་ཟེརརོ། །དབྱིག་བཤེས་ནི། མྱུ་གུ་ལ་སོགས་པའི་དངོས་པོ་གཅིག་ཀྱང་མ་འོངས་པ་ལ་སོགས་པའི་གནས་སྐབས་སོ་སོ་བར་ཕྱིན་པ་ན་མ་འོངས་པ་ལ་སོགས་པར་འཇོག་སྟེ། རྩིས་ཀྱི་རིལ་བུ་གཅིག གཅིག་དང༌། བརྒྱ་དང༌།སྟོང་གི་ཤོ་མིག་ཏུ་བཞག་ན་གཅིག་ལ་སོགས་པར་འཇོག་པ་བཞིན་ནོ། །ཞེས་འདོད་དོ། །སངས་རྒྱས་ལྷ་ནི་དཔེར་ན་བུད་མེད་གཅིག་ལྟོས་ས་སོ་སོ་ལ་ལྟོས་ནས་མ་དང་བུ་མོར་བརྗོད་པ་བཞིན་དུ་དངོས་པོ་གཅིག་ཀྱང་སྔ་མ་དང་ཕྱི་མ་ལ་ལྟོས་ནས་དུས་གཞན་དང་གཞན་དུ་འཇོག་གོ །ཞེས་འདོད་དོ། །

    གཉིས་པ་བྱེ་བྲག་ཏུ་ཕྱི་དོན་འདོད་ཚུལ་ལ་གསུམ། ཕྱི་དོན་འདོད་ཚུལ་དངོས་དང༌། ཤེས་པས་ཡུལ་འཇལ་ཚུལ། འཇལ་བྱེད་ཚད་མའི་རྣམ་བཞག་གོ །དང་པོ་ནི། ཕྱི་དོན་བེམ་པོ་རྣམས་ཀྱི་དང་པོའི་རྩོམ་གཞི་ནི་ཆ་ཤས་སུ་གསིལ་རྒྱུ་མེད་པའི་རྡུལ་ཕྲ་རབ་་ཆ་མེད་ཞིག་ཡིན་ལ། དེ་ཡང་འབྱུང་བ་རེ་རེ་བའི་ངོ་བོ་ཅན་གྱི་རྡུལ་ཕྲ་རབ་ཆ་མེད་རྫས་སུ་གྲུབ་པ་ཞིག་ཡོད་པར་ལུགས་འདི་པ་འདོད་དོ། །རྫས་རྡུལ་དེ་ལྟ་བུ་བརྒྱད་ལ་བསགས་རྡུལ་ཕྲ་རབ་གཅིག་དང༌། དེ་གཉིས་ཀ་ཡང་རྡུལ་ཕྲ་རབ་ཏུ་འདྲ་ཞིང་གཟུགས་ཅན་གཞན་གྱིས་གཞིག་ཏུ་མེད་པར་ཡང་འདྲ་ཡང་བོངས་ཚོད་ཆེ་ཆུང་ནི་མེད་ཅེས་ཟེར་རོ། །དེ་ལ་རྡུལ་ཕྲ་རབ་གཞན་རྣམས་ཕན་ཚུན་འདབ་ཆགས་པར་གྱུར་པ་ལས་རགས་པར་འགྱུར་རོ། །དེ་ཡང་ཁ་ཆེ་བྱེ་བྲག་དུ་སྨྲ་བ་རྣམས་ནི་བསྐོར་ནས་ཡོད་ཀྱང་ཕན་ཚུན་མི་རེག་པར་གནས་ཏེ། ཅིའི་ཕྱིར་ཞེ་ན།བདག་ཉིད་ཐམས་ཅད་ཀྱིས་རེག་ན་ནི་རྫས་རྣམས་འདྲེས་པར་འགྱུར་ལ། ཕྱོགས་གཅིག་གིས་རེག་ན་ནི་རྡུལ་ཕྲ་རབ་ཆ་ཤས་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་དང༌། རྡུལ་ཕྲ་རབ་ནི་ཆ་ཤས་མེད་པའི་ཕྱིར་རོ། །དེ་ལྟར་ན་ཕན་ཚུན་མ་རེག་པས་ཞིག་པར་མི་འགྱུར་རམ་ཞེ་ན་སྐྱོན་མེད་དེ། རླུང་གི་ཁམས་ཀྱིས་བཟུང་བའི་ཕྱིར་རོ། །ཞེས་ཟེར་རོ། །ཡང་ཁ་ཅིག་ནི། བར་མེད་ཅིང་བསྐོར་བར་འདོད་དེ། དེ་ལྟ་ནའང་ཕན་ཚུན་མ་འབྱར་བར་འདོད་དོ། །འགའ་ཞིག་ནི་ཕན་ཚུན་རེག་པས་འབྱར་བར་འདོད་དོ། །འདོད་ཚུལ་འདི་གསུམ་ཀ་ཡོད་པར་དབུ་མ་རྒྱན་ལས། འབྱར་བ་དང་ནི་བསྐོར་བའམ། །བར་མེད་རྣམ་པར་གནས་ཀྱང་རུང༌། །ཞེས་སོགས་རྩ་འགྲེལ་དང༌། མཛོད་འགྲེལ་ལས་ཀྱང་བཤད་དོ། །དེ་ལྟར་རྡུལ་ཕྲ་རབ་འདུས་པ་ལས་རགས་པའི་ཆོས་སྣ་ཚོགས་གྲུབ་པས་ན་ཕྱི་རོལ་གྱི་དོན་བདེན་པར་ཡོད་པ་ཁོ་ན་ཡིན་ཟེར་རོ། །

    གཉིས་པ་ཤེས་པས་ཡུལ་འཇལ་ཚུལ་ནི། དབང་པོའི་ཤེས་པས་ཡུལ་རྣམ་མེད་རྗེན་ཆེར་དུ་གཞལ་ཞིང༌། རྟེན་བཅས་ཀྱི་མིག་གི་དབང་པོ་གཟུགས་ཅན་པས་ཀྱང་གཟུགས་མཐོང་བར་འདོད་དོ། ། གལ་ཏེ་རྣམ་ཤེས་ཁོ་ནས་མཐོང་ན་རྩིག་པ་ལ་སོགས་པས་བར་དུ་ཆོད་པའི་གཟུགས་ཀྱང་མཐོང་བར་ཐལ་ལོ། །ཞེས་ཟེར་ཞིང༌། མིག་གཉིས་དང་རྣ་བ་གཉིས་སོགས་ལའང་རྣམ་ཤེས་སོ་སོ་བ་གཉིས་ཡོད་པར་འདོད་དོ། །རྡུལ་ཕྲ་རབ་རེ་རེ་བ་དབང་པོའི་ཡུལ་ལས་འདས་ཀྱང་རིགས་མཐུན་བསགས་པ་ན་དེ་ལྟར་མིན་ཏེ། རྒྱང་རིང་པོ་ནས་སྐྲ་ཉག་མ་རེ་རེ་བ་མི་དམིགས་ཀྱང་མང་པོ་འདུས་ན་རིག་པ་བཞིན་ཞེས་ཟེར་རོ། །

    གསུམ་པ་འཇལ་བྱེད་ཚད་མ་ནི། མངོན་སུམ་རྗེས་དཔག་གཉིས་དང༌། མངོན་སུམ་ལ་དབང་ཡིད་རྣལ་འབྱོར་མངོན་སུམ་གསུམ་དུ་འདོད་ཅིང་རང་རིག་ནི་མི་འདོད་ལ་དབང་མངོན་ལས་ངོ་བོ་ཐ་དད་པའི་ཡིད་མངོན་མེད་པར་ཡང་སྡེ་པ་ཁ་ཅིག་འདོད་དོ། །དངོས་པོ་རྣམས་ཀྱི་རྒྱུ་འབྲས་ཀྱང་དུས་མཉམ་པ་མང་བར་འདོད་དོ། །

    ༢ ལམ་གྱི་རྣམ་བཞག་བསྟན་པ།

    གཉིས་པ་ལམ་ལ། ཐུན་མོང་གི་ལམ། བདེན་པ་བཞི་དང༌། རྟེན་འབྲེལ་བཅུ་གཉིས་དང༌།བྱང་ཆུབ་སེམས་དཔའི་ལམ། བྱང་ཕྱོགས་སོ་བདུན། སྤྱོད་པ་ཕར་ཕྱིན་དྲུག །ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔའི་རྣམ་བཞག་སོགས་འདོད་ཅིང༌། དེ་དག་ལའང་གྲུབ་མཐའ་གོང་མ་རྣམས་དང་མི་འདྲ་བའི་རྣམ་བཞག་མང་དུ་འབྱུང་ལ། གོང་དུ་བཤད་པ་ལྟར་མང་བཀུར་སྡེ་ལྔ་མ་གཏོགས་གཞན་རྣམས་ཀྱིས་ཕྱི་རོལ་པས་བཏགས་པའི་ཕུང་པོ་ལྔ་དང་མཚན་ཉིད་མི་མཐུན་པའི་རྟག་གཅིག་རང་དབང་ཅན་གྱི་བདག་དང༌། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པས་སྟོངས་བའི་གང་ཟག་གི་བདག་མེད་ཁས་ལེན་ཞིང༌། ཆོས་ཀྱི་བདག་མེད་ཀྱི་རྣམ་བཞག་ནི་ཁས་མི་ལེན་ནོ། །དགེ་བདུན་ཉི་ཤུ་དང་ཞུགས་གནས་བརྒྱད་ཀྱི་རྣམ་བཞག་བྱེད་ན་ཡང་ས་བཅུའི་རྣམ་བཞག་མི་བྱེད་དོ། །

    ༣ འབྲས་བུའི་རྣམ་བཞག་བསྟན་པ།

    གསུམ་པ་འབྲས་བུའི་རྣམ་བཞག་ནི། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའི་མུན་པ་གཉིས་ཀ་གཏན་དུ་སྤངས་པ་ནི་སངས་རྒྱས་དང༌། ཉོན་མོངས་པ་ཅན་གྱི་མུན་པ་གཏན་དུ་སྤངས་ཤིང་ཉོན་མོངས་ཅན་མ་ཡིན་པའི་མུན་པ་འདུན་པ་ལ་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤངས་ནའང་གཏན་དུ་སྤངས་པ་མ་ཡིན་པ་ནི་དགྲ་བཅོམ་པ་གཞན་གཉིས་སུ་འདོད་དོ། །དགྲ་བཅོམ་གསུམ་ཀ་ལ་ཡང་ལྷག་བཅས་ལྷག་མེད་གཉིས་རེ་ཡོད་པ་དང༌། ལྟག་མེད་ཀྱི་ཚེ་བེམ་རིག་རྒྱུན་འཆད་པར་འདོད་ལ། དགྲ་བཅོམ་པ་ལའང་སྤངས་རྟོགས་ལས་ཉམས་པ་ཡོད་པར་འདོད་དོ། །བསེ་རུ་ལྟ་བུའི་དགྲ་བཅོམ་པས་བསྐལ་བ་བརྒྱར་ཚོགས་བསགས་པ་དང༌། སངས་རྒྱས་ཀྱིས་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང༌། བསེ་རུ་ལྟ་བུའི་རང་རྒྱལ་དང་སངས་རྒྱས་གཉིས་ཀ་ཡང་རབ་མཐའི་བསམ་གཏན་ལ་བརྟེན་ནས་སྟན་གཅིག་གི་སྟེང་དུ་མཚན་ཐོག་ཐག་གཅིག་ལ་སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར་བསྐྱེད་པར་འདོད་ཅིང༌། དེ་ཡན་ཆད་སོ་སྐྱེ་ཚོགས་ལམ་པ་ཁོ་ནར་འདོད་དོ། །དེས་ན་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ལ་ཡང་བདུད་བཏུལ་བ་ཡན་ཆད་སོ་སྐྱེའི་མཛད་པ་དང༌། ནམ་གྱི་གུང་ལ་མཉམ་པར་བཞག་པའི་ཆ་ལའང་སྐྱེ་འཕགས་གཉིས་ཀྱི་མཛད་པ་ཡོད་ཅིང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཚུན་ཆད་སློབ་པའི་མཛད་པ་དང༌། སྐྱ་རེངས་ཤར་བའི་ཚེ་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་སྐྱེས་པ་ནས་སངས་རྒྱས་ཀྱི་མཛད་པར་འཇོག་གོ། །བྱེ་སྨྲ་ཕལ་ཆེ་བས་ལྷག་མེད་མྱང་འདས་ཀྱི་ཚེ་གཟོད་འཆི་བདག་གི་བདུད་བཅོམ་པར་འདོད་དོ། །སྒྲིབ་པ་སྤངས་པའི་འགོག་བདེན་ནི་རྫས་སུ་གྲུབ་པ་དང་དངོས་པོར་འདོད་ལ། ལོངས་སྤྱོད་རྫོགས་སྐུའི་རྣམ་བཞག་ཁས་མི་ལེན་ནོ། །

    ཆོས་འཁོར་ནི། འཁོར་ལྔ་སྡེ་བཟང་པོ་ལ་བདེན་པ་བཞི་ལན་གསུམ་དང་རྣམ་པ་བཅུ་གཉིས་སུ་་བཟླས་པའི་ཚེ་ལྔ་སྡེ་དེ་དག་གི་རྒྱུད་ལ་མཐོང་ལམ་སྐྱེས་ཤིང༌། དེ་ལྟ་བུའི་མཐོང་ལམ་དེ་ནི་ཆོས་འཁོར་ཡིན་པར་འདོད་པས། ཆོས་འཁོར་ལ་རྟོགས་པའི་ཆོས་འཁོར་དང་དེ་ཡང་མཐོང་ལམ་ཁོ་ནས་ཁྱབ་པར་འདོད་དོ། །མཐོང་ལམ་ལ་སྡེ་པ་སོ་སོའི་འདོད་ཚུལ་མང་ཡང་ཕལ་ཆེ་བས་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་བར་གྱི་སྐད་ཅིག་མ་བཅོ་ལྔ་ནི་མཐོང་ལམ་དང་བཅུ་དྲུག་པ་ལམ་རྗེས་ཤེས་ནི་སྒོམ་ལམ་དུ་འདོད་དོ། །

    བདེན་བཞི་ལན་གསུམ་དུ་བཟླས་ཤིང་རྣམ་པ་བཅུ་གཉིས་སུ་བསྐོར་ཚུལ་ནི། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །དེ་ཡོངས་སུ་ཤེས་པར་བྱའོ། །དེ་ཡོངས་སུ་ཤེས་སོ། །ཅེས་པ་ནི་བཟླས་པ་གསུམ་དང༌། བཟླས་པ་དེ་རེ་རེ་ལ་མིག་སྐྱེས་སོ། །ཤེས་པ་སྐྱེས་སོ། །རིག་པ་སྐྱེས་སོ། །བློ་སྐྱེས་སོ། །ཅེས་པ་ནི་རྣམ་པ་བཅུ་གཉིས་ཏེ། བདེན་པ་གཞན་རྣམས་ལ་ཡང་འདྲའོ། །སོ་སོར་ཕྱེ་ན་བཟླས་པ་བཅུ་གཉིས་དང་རྣམ་པ་ཞེ་བརྒྱད་འབྱུང་ཡང་གསུམ་ཚན་དང་བཅུ་གཉིས་སུ་ཆོས་མཐུན་པའི་ཕྱིར། བཟླས་པ་གསུམ་དང་རྣམ་པ་བཅུ་གཉིས་སུ་བཤད་དེ། གནས་བདུན་ལ་མཁས་པའི་དགེ་སློང་བཞིན་ནོ། །བཟླས་པ་གསུམ་གྱིས་ནི་རིམ་པ་བཞིན་དུ་མཐོང་ལམ་དང༌། སྒོམ་ལམ་དང༌། མི་སློབ་ལམ་བསྟན་ནོ། །ཞེས་པ་རྣམས་ལུགས་འདིའི་ཆོས་འཁོར་གྱི་འདོད་ཚུལ་ཏེ། མཛོད་རང་འགྲེལ་དུ་བཤད་པ་ལྟར་རོ། །ཉན་ཐོས་སྡེ་གཉིས་ཀྱིས་མཚན་ཉིད་མེད་པའི་ཆོས་འཁོར་འདོད་མི་འདོད་ཀྱི་ཁྱད་པར་ནི་འོག་ཏུ་འཆད་པར་འགྱུར་རོ། །སངས་རྒྱས་ཀྱི་གཟུགས་སྐུ་ནི་སྡུག་བདེན་དང་བེམ་པོར་འདོད་ཅིང་སངས་རྒྱས་དཀོན་མཆོག་ནི་མི་སློབ་པར་བྱེད་པའི་ཆོས་ཁོ་ན་ལ་འདོད་དོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་ཕུང་པོ་ནི་བརྒྱད་ཁྲི་བཞི་སྟོང་ཡོད་ཅིང་ཆོས་ཕུང་རེའི་ཚད་ནི་ཤཱ་རིའི་བུས་བྱས་པའི་ཆོས་ཕུང་ཙམ་དང༌། ཆོས་ཕུང་གི་ངོ་བོ་ནི་མིང་གི་ཚོགས་ཡིན་པས་ལྡན་མིན་འདུ་བྱེད་དུ་འདོད་དོ། །ཁ་ཅིག་བྱེ་བྲག་སྨྲ་བས་ལྡན་མིན་འདུ་བྱེད་དང་བེམ་པོའི་གཞི་མཐུན་ཡང་འདོད་པར་གསུངས་ཏེ་བརྟག་པར་བྱའོ། །ལམ་དང་འབྲས་བུའི་སྐབས་སུ་བྱེ་བྲག་སྨྲ་བའི་འདོད་ཚུལ་ཐུན་མོང་མ་ཡིན་པ་ཕྲ་མོ་མང་དུ་ཡོད་ནའང་ཡི་གེ་མངས་ཀྱིས་དོགས་ནས་མ་བྲིས་ཏེ་མཛོད་རྩ་འགྲེལ་སོགས་སུ་བལྟ་བར་བྱ་ཞིང་སྡེ་པ་སོ་སའི་ཐུན་མོང་མ་ཡིན་པའི་དམ་ཚིག་རྣམས་ནི་རྟོག་གེ་འབར་བ་ན་རྒྱས་པར་ཡོད་དོ། །

    གཉིས་པ་མདོ་སྡེ་པའི་གྲུབ་མཐའ་འཆད་པ་ལ་གསུམ། སྒྲ་བཤད་པ། དབྱེ་བ། གྲུབ་མཐའི་འདོད་ཚུལ་ལོ། །དང་པོ་ནི་མདོ་སྡེའི་རྗེས་སུ་འབྲངས་ནས་གྲུབ་པའི་མཐའ་རྣམ་པར་འཇོག་པས་མདོ་སྡེ་པ་དང༌། དཔེས་སྟོན་པ་ལ་མཁས་པས་ན་དཔེ་སྟོན་པར་གྲགས་ཅེས་བྱང་ཆུབ་བཟང་པོ་སོགས་ཀྱིས་བཤད་དོ། །དབྱེ་བ་ལ་ལུང་གི་རྗེས་འབྲངས་དང༌། རིགས་པའི་རྗེས་འབྲངས་གཉིས་ཏེ་སྔ་མ་ནི་མདོ་སྡེ་ལས་ཇི་ལྟར་བྱུང་བ་སྒྲ་ཇི་བཞིན་དུ་ཁས་ལེན་པ་ཙམ་གྱི་སྒོ་ནས་གྲུབ་པའི་མཐའ་སྨྲ་བ་དང༌། ཕྱི་མ་ནི་ཚད་མ་སྡེ་བདུན་ནས་བཤད་པ་ལྟར་གྱི་རིགས་པའི་རྗེས་སུ་འབྲངས་པའི་མདོ་སྡེ་པའོ། །ཕྱི་མ་འདི་ལ།རྣམ་པའི་འདོད་ཚུལ་གྱི་སྒོ་ནས་གསུམ་དུ་ཡོད་དེ་འོག་ཏུ་འཆད་དོ། །

    གསུམ་པ་གྲུབ་མཐའི་འདོད་ཚུལ་ལ། གང་གི་རྗེས་སུ་འབྲངས་པའི་གཞུང་དང༌། དེའི་རྗེས་སུ་འབྲངས་ཏེ་གྲུབ་མཐའི་འཇོག་ཚུལ་ལོ། །དང་པོ་ནི། མདོ་སྡེ་པའི་གྲུབ་མཐའ་རང་དགའ་བ་སྟོན་པའི་གཞུང་དངོས་བོད་དུ་མ་འགྱུར་ཞིང་འདོད་པ་ཕལ་ཆེར་ནི་མཛོད་ཀྱི་རང་འགྲེལ་དང་འགྲེལ་བཤད་རྣམས་དང༌། མངོན་པ་ཀུན་བཏུས་རྩ་འགྲེལ་དང༌། ཚད་མའི་བསྟན་བཅོས་སྡེ་བདུན་མདོ་དང་བཅས་པ་རྣམས་ལས་མང་དུ་འབྱུང་ཞིང༌། ལེགས་ལྡན་དང་ཞི་བ་འཚོ་ཡབ་སྲས་ཀྱི་གཞུང་དུའང་ཐོར་བུ་ཐོར་བུར་བཤད་དོ། །མངོན་པ་སྡེ་བདུན་ནི་བཀའ་མ་ཡིན་ཞིང་དགྲ་བཅོམ་པ་རྣམས་ཀྱིས་བྱས་པར་འདོད་པ་དང༌། ཡང་མདོ་སྡེ་པ་ཕལ་མོ་ཆེས་དགྲ་བཅོམ་པས་བྱས་པའང་མ་ཡིན་ཏེ། ནམ་མཁའ་རྟག་རྫས་སུ་བཤད་པ་སོགས་མི་འཐད་པ་མང་བའི་ཕྱིར། དེ་འདྲའི་མིང་ཅན་གྱི་སོ་སོ་སྐྱེ་བོ་དག་གིས་བྱས་པར་འདོད་དོ། །སློབ་དཔོན་ནི་ཀུ་མ་ར་ཏ་དང༌། ཤི་རི་ར་ཏ་དང༌། བཙུན་པ་ར་ཏ་ལ་སོགས་ཡིན་པར་སྔ་མ་རྣམས་ལ་གྲགས་སོ། །གཉིས་པ་ལ་གཞི་ལམ་འབྲས་བུའི་འདོད་ཚུལ་གསུམ་ལས།

    ༡. གཞིའི་རྣམ་བཞག་བསྟན་པ།

    དང་པོ་ལ་སྤྱིར་བཤད་པ་དང༌། ཤེས་པས་ཡུལ་འཛིན་ཚུལ་གྱི་ཁྱད་པར་བྱེ་བྲག་ཏུ་བཤད་པ་གཉིས་སོ། །

    དང་པོ་ལ། བདེན་པ་གཉིས་ཀྱི་འདོད་ཚུལ། རྟག་མི་རྟག་དང་ཕྱི་དོན་འདོད་ཚུལ་གཉིས། དང་པོ་ལ། ལུང་གི་རྗེས་འབྲང་གི་མདོ་སྡེ་པའི་འདོད་ཚུལ་ནི། གང་ལ་བཅོམ་དང་བློ་ཡིས་གཞན། ། ཞེས་སོགས། གོང་གི་བྱེ་སྨྲའི་ལུགས་དང་འདྲ་ལ། རིགས་པའི་རྗེས་འབྲང་གི་འདོད་ཚུལ་ནི། རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཞེས་གསུངས་པ་ལྟར། དངོས་པོ་དང༌།རང་མཚན་དང༌། དོན་བྱེད་ནུས་པ་དང༌། དོན་དམ་བདེན་པ་རྣམས་དོན་གཅིག་པ་དང༌། དངོས་མེད་ཀྱི་ཆོས་དང༌། སྤྱི་མཚན་དང༌། དོན་བྱེད་མི་ནུས་པའི་ཆོས་དང༌། ཀུན་རྫོབ་བདེན་པ་རྣམས་དོན་གཅིག་པར་འདོད་པས། དོན་དམ་བདེན་པའི་ངོ་བོ་ནི། སྒྲ་དང་རྟོག་པས་བཏགས་པ་ལ་མ་ལྟོས་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་རིགས་པས་དཔྱད་བཟོད་དུ་དུ་གྲུབ་པ་དང༌། ཀུན་རྫོབ་བདེན་པའི་ངོ་བོ་ནི།རང་ལས་གཞན་པའི་ཡིད་བྱེད་སོགས་སྒྲ་དང་རྟོག་པས་བཞག་པ་ཙམ་དུ་གྲུབ་པའམ། རང་ལས་གཞན་པའི་སྒྲ་དང་རྟོག་པ་ཡོད་པ་ཙམ་གྱིས་རང་ཉིད་གཞལ་ནུས་པའོ། །མཚན་ཉིད་འཇོག་ཚུལ་འདི་རྗེབདག་ཉིད་ཆེན་པོའི་སྲས་ཀྱི་ཐུ་བོ་གཉིས་ཀྱིས་གསལ་བར་གསུངས་པ་ལྟར་ཡིན་ལ། དོན་དམ་དོན་བྱེད་ནུས་པ་གང༌། ། ཞེས་སོགས་ནི། དེ་གཉིས་ཀྱི་མཚན་གཞི་སྟོན་པ་ཡིན་གྱི། མཚན་ཉིད་སྟོན་པ་མིན་ནོ། །དེས་ན། མདོ་སྡེ་པའི་ལུགས་ལ་དོན་དམ་པར་ཡོད་པ་དང༌། དོན་དམ་བདེན་པ་གཉིས་ཡིན་ཁྱབ་མཉམ་དང༌། ཀུན་རྫོབ་ཙམ་དུ་ཡོད་པ་དང་ཀུན་རྫོབ་བདེན་པ་གཉིས་ཀྱང་ཡིན་ཁྱབ་མཉམ་ཡིན་ནོ། །བདེན་གཉིས་ཀྱི་མཚན་ཉིད་འདི་ནི་སེམས་ཙམ་པས་ཀྱང་འདོད་མོད་ཀྱང་མཚན་གཞི་འཇོག་ཚུལ་མི་གཅིག་གོ། །མཛོད་ནས་བཤད་པ་དང་ཡང་མི་གཅིག་སྟེ། དེས་བུམ་པ་ལ་སོགས་པ་ཀུན་རྫོབ་བདེན་པར་བཞག་ཅིང་འདིས་ནི་བུམ་པ་རང་མཚན་དང་དོན་དམ་བདེན་པར་འཇོག་པའི་ཕྱིར་རོ། །

    བདེན་གཉིས་ཀྱི་སྒྲ་བཤད་ནི། སྤྱི་མཚན་རྣམས་ཆོས་ཅན། ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། བློ་ཀུན་རྫོབ་པའི་ངོར་བདེན་པའི་ཕྱིར་རོ། །འདིའི་བློ་ཀུན་རྫོབ་པ་ནི་རྟོག་པ་སྟེ། རང་མཚན་དངོས་སུ་གཟུང་ཡུལ་དུ་བྱེད་པ་ལ་སྒྲིབ་པས་ན་ཀུན་རྫོབ་ཞེས་བྱའོ། །རང་མཚན་རྣམས་ཆོས་ཅན། དོན་དམ་བདེན་པ་ཞེས་བྱ་སྟེ། བློ་དོན་དམ་པའི་ངོར་བདེན་པའི་ཕྱིར་རོ། །འདིའི་བློ་དོན་དམ་པ་ནི་སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པའོ། །ལུང་གི་རྗེས་འབྲང་གི་མདོ་སྡེ་པས་བདེན་གཉིས་ཀྱི་མཚན་ཉིད་དང་མཚན་གཞིའི་འཇོག་ཚུལ་ཙམ་བྱེ་སྨྲ་དང་འདྲ་ཡང་དེ་དག་གི་རྣམ་བཞག་འཇོག་ཚུལ་ནི་ཆེས་མི་འདྲ་སྟེ།བྱེ་སྨྲས་ཡོད་པར་འདོད་ཕྱིན་ཆད་རྫས་གྲུབ་ཏུ་འདོད་ལ། མདོ་སྡེ་པ་སུས་ཀྱང་དེ་ལྟར་མི་འདོད་པའི་ཕྱིར་རོ། །འདིའི་སྤྱི་མཚན་ནི་ནམ་མཁའ་ལ་སོགས་པའི་འདུས་མ་བྱས་ཀྱི་ཆོས་རྣམས་ཡིན་ལ། སྤྱི་དང་། གཞི་མཐུན་དང༌། བྱེ་བྲག་དང༌། གཅིག་དང་༌། ཐ་དད་དང༌། འབྲེལ་བ་དང༌། བསྒྲུབ་བྱ་སྒྲུབ་བྱེད་ལ་སོགས་པ་སྒྲོ་བཏགས་པའི་ཆོས་རྣམས་ཀྱང་སྤྱི་མཚན་ཡིན་མོད་ཀྱང༌། དེ་དག་ཡིན་ན་སྤྱི་མཚན་ཡིན་མི་དགོས་སོ། །དེའི་རྒྱུ་མཚན་ཡང་རྟོག་པའི་དངོས་ཡུལ་གྱི་རང་ལྡོག་རང་མཚན་མ་ཡིན་ཀྱང་རང་མཚན་རྟོག་པའི་དངོས་ཡུལ་དུ་འགྱུར་བ་མི་འགལ་བས། གསེར་བུམ་བུམ་པར་འཛིན་པའི་རྟོག་པ་ལ། གསེར་བུམ་ཡང་བུམ་པར་སྣང་ཞིང་རང་གི་དངོས་ཀྱི་གཟུང་བྱ་དེའང་བུམ་པར་སྣང་ལ། སྣང་བའི་དོན་དེ་གཉིས་གཅིག་ཏུ་འདྲེས་ནས་སྣང་ཞིང་སྣང་ངོར་དབྱེར་མེད་པས་སྣང་བཏགས་གཅིག་ཏུ་བསྲེས་པ་ཞེས་བྱ་སྟེ། སྣང་བ་ནི་རང་མཚན་དང༌། བཏགས་པ་ནི་སྒྲ་དོན་ནོ། །སྒྲ་དོན་ཞེས་པ་གང་ལ་བྱ་སྙམ་ན།བུམ་འཛིན་རྟོག་པའི་མདུན་ན་འདུག་པ་ལྟ་བུར་སྣང་བའི་གསེར་བུམ་བུམ་པར་སྣང་བ་དེ་དང༌། སྣང་ངོ་དེ་ཉིད་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་གཉིས་ཀའོ། །གསེར་བུམ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་དང༌། སྣང་བ་དེ་ཉིད་བུམ་པ་མ་ཡིན་ལས་ལོག་པར་སྣང་བ་གཉིས་འདྲེས་ནས་སྣང་ཞིང༌།སྣང་ངོར་སོ་སོར་མི་ཕྱེད་ཀྱང་དེ་གཉིས་གཅིག་གོ་སྙམ་དུ་རྟོག་པས་འཛིན་པ་ནི་མ་ཡིན་ནོ། །དེས་ན་རྟོག་ངོར་གསེར་བུམ་བུམ་པར་སྣང་བ་དེ་ཉིད་བུམ་པ་མ་ཡིན་ལས་ལོག་པ་མ་ཡིན་བཞིན་དུ་དེར་སྣང་བས་སྣང་ཡུལ་ལ་འཁྲུལ་བ་ཡིན་ཀྱང་བློའི་འཛིན་སྟངས་ལ་གསེར་བུམ་བུམ་པའོ་སྙམ་དུ་འཛིན་གྱི། སྒྲ་དོན་བུམ་པའོ་སྙམ་པ་དང་གསེར་བུམ་སྣང་བ་འདི་ཉིད་བུམ་པའོ་སྙམ་དུ་ཞེན་པ་སོགས་མེད་པས་ཞེན་ཡུལ་ལ་འཁྲུལ་བ་མིན་ནོ། ། སྒྲ་དོན་ཞེས་པ་སྔར་བཤད་པ་ལྟར་ཡིན་གྱི་སྒྲ་སྤྱི་དང་དོན་སྤྱི་ཞེས་སོ་སོར་ཕྲལ་ནས་འཆད་རྒྱུ་མིན་པར་རྗེ་ཡབ་སྲས་རྣམས་ཀྱིས་ལན་དུ་མར་བཤད་ལ། ཕྱིས་དུས་ཀྱི་རང་རེའི་མཁས་པ་ཕལ་མོ་ཆེས་སྒྲ་དོན་འཛིན་པའི་ཞེན་རིག་རྟོག་པའི་མཚན་ཉིད་དུ་སྨྲས་པ་ལ་བརྡའ་ལ་མ་བྱང་བའི་བྱིས་པའི་རྒྱུད་ཀྱི་རྟོག་པས་མ་ངེས་པའི་སྐྱོན་སྨྲས་ནས་རང་ལུགས་འཇོག་སྐབས་སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་རྟོག་པའི་མཚན་ཉིད་དུ་འཇོག་པའི་ཞིབ་ཆ་མཛད་པ་ནི་དོན་ཆུང་བར་སེམས་ཏེ། གཞུང་ཆེན་མོ་རྣམས་ལས་མཚན་ཉིད་དང་མཚན་གཞི་སོགས་ཀྱི་རྣམ་བཞག་གསུངས་པ་རྣམས་ནི་དོན་གྱི་ངོ་བོ་དང་ཁྱད་པར་སོགས་ཀྱི་དོན་ལྡོག་ཤེས་པའི་ཕྱིར་དུ་གསུངས་པ་ཡིན་གྱི་གང་ཟག་གི་གསལ་བའི་དབྱེ་བ་མཐའ་དག་གི་འཛིན་ཚུལ་ཐུནམོང་མ་ཡིན་པ་མཐའ་དག་མཚན་ཉིད་ཀྱི་ཟུར་ལ་ཚང་མི་དགོས་པའི་ཕྱིར་དང༌། གཞན་དུ་ན་ཁྱེད་རང་རྣམས་ཀྱིས་བུམ་པའི་སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་བུམ་འཛིན་རྟོག་པའི་མཚན་ཉིད་དུ་སྨྲས་པའང་མི་འཐད་པར་འགྱུར་ཏེ། ལྟོ་ལྡིར་བ་ལ་བུམ་པའི་ཐ་སྙད་མ་གྲགས་ཤིང་ཐ་སྙད་གཞན་གྱིས་བརྗོད་པའི་ཡུལ་དུས་ཀྱི་དབང་དུ་བྱས་པའི་གང་ཟག་གི་རྒྱུད་ཀྱི་རྟོག་པས་མ་ངེས་པའི་ཕྱིར་རོ། །གཞན་ཡང་བརྡའ་ལ་མ་བྱང་བའི་བྱིས་པ་ལ་བུམ་པ་རང་གི་ངོ་བོ་དང་ཁྱད་པར་དུ་སྒྲོ་འདོགས་པའི་ཐ་སྙད་ཀྱི་གཞིར་སྣང་བ་དང༌། དེ་འདྲའི་ཐ་སྙད་ཀྱི་གཞིར་ཞེན་པའི་འཛིན་ཚུལ་ཡོད་པར་ནི་གདོན་མི་ཟ་བར་ཁས་ལེན་དགོས་ཏེ། དེའི་རྒྱུད་ཀྱི་བུམ་པ་དེ་འདྲའི་ཐ་སྙད་ཀྱི་གཞིར་རང་གི་མཚན་ཉིད་ཀྱིས་སྣང་བའི་སྣང་ཚུལ་དེ་དོན་སྨྲ་ལྟར་ན་འཐད་ལྡན་དང༌། རྣམ་རིག་པ་ལྟར་ན་འཁྲུལ་བ་ཡིན་པར་དྲང་ངེས་རྣམ་འབྱེད་དང་དེའི་མཐའ་དཔྱོད་རྣམས་ཀྱིས་ལན་གཅིག་མ་ཡིན་པར་བཤད་པའི་ཕྱིར། གལ་ཏེ་དེ་ནི་བརྡའ་བྱང་གི་གང་ཟག་ཁོ་ནའི་དབང་དུ་བྱས་སོ་ཟེར་ན། དེ་ལྟར་ན་བརྡའ་ལ་མ་བྱང་བའི་བྱིས་པའི་དབང་དུ་བྱས་པའི་ངོ་བོ་དང་ཁྱད་པར་དུ་སྒྲོ་བཏགས་པའི་ཆོས་ཀྱི་བདག་འཛིན་གྱི་འཇོག་ཚུལ་སོགས་རྣམ་རིག་པའི་ལུགས་ལ་ཇི་ལྟར་འཇོག ཅི་སྟེ་བུམ་པ་ཞེས་བརྗོད་པའི་སྒྲའི་འཇུག་གཞིའི་འཛིན་ཚུལ་མེད་མོད་ཀྱང་བུམ་པའོ་སྙམ་པའི་རྟོག་པའི་ཞེན་གཞིའི་དབང་དུ་བྱས་སོ་ཞེ་ན། གང་ཟག་དེའི་རྒྱུད་ཀྱི་རྟོག་པ་དེ་སྒྲའི་ཐ་སྙད་གང་ལའང་མ་བརྟེན་པའི་རྟོག་པ་ཞིག་ཡིན་ནམ། འོན་ཏེ་བུམ་པའོ་ཞེས་པའི་མིང་དང་བུམ་པའི་གཟུགས་སོ་སྙམ་པའི་ཁྱད་པར་གྱི་ཚིག་གི་སྒྲའི་ཐ་སྙད་ལ་བརྟེན་པའི་རྟོག་པ་ཞིག་ཡིན་ནམ། མིང་དང་ཚིག་གི་སྒྲའི་ཐ་སྙད་གཞན་ཞིག་ལ་བརྟེན་པའི་རྟོག་པ་ཡིན་གྲང༌།དང་པོ་ལྟར་ན་རྟོག་པ་དེས་ཡུལ་དེ་ལ་ཇི་ལྟར་ཞེན་ཅིང་ཡུལ་དེ་རྟོག་པ་དེ་ལ་ཇི་ལྟར་སྣང་བའི་ཁྱད་པར་བརྗོད་པར་བྱ་དགོས་སོ། །གཉིས་པ་ལྟར་ན་དེ་འདྲའི་གང་ཟག་དེ་བརྡའ་ལ་མ་བྱང་བ་བུད། གསུམ་ ་པ་ལྟར་ན་ངོ་བོ་དང་ཁྱད་པར་གྱི་ཐ་སྙད་གཞན་ཇི་ལྟ་བུ་ཞིག་ལ་བརྟེན་པ་བརྗོད་པར་གྱིས་ཤིག །གལ་ཏེ་བརྡའ་མ་བྱང་བའི་བྱིས་པ་དེའི་རྒྱུད་ལ་ལྟོ་ལྡིར་བ་དེ་བུམ་པ་ཞེས་སོགས་ཀྱི་སྒྲ་ཁྱད་པར་ཅན་གྱི་འཇུག་གཞིར་ཞེན་པ་མེད་ཀྱང་སྤྱིར་རྟོག་ངོ་ན་ཇི་ལྟར་ཡོད་པའི་ཐ་སྙད་ཀྱི་བརྗོད་གཞིར་ཞེན་པ་ཡོད་པས་མི་འགལ་ལོ་ཟེར་ན། དེའི་རྟོག་ངོ་ན་ཇི་ལྟར་ཡོད་ཚུལ་དེ་ཡང་མཚན་ཉིད་ཀྱི་ཟུར་ལ་བརྗོད་པར་རིགས་སོ། །དེ་ལྟ་ན་གང་ཟག་གི་གསལ་བའི་དབྱེ་བ་མཐའ་ཡས་པས་བརྗོད་ཀྱིས་མི་ལང་ངོ་ཟེར་ན། དེ་ནི་ཤིན་ཏུ་བདེན་མོད། དེ་ལྟར་ན་གཞུང་ཆེན་མོ་སྤྱི་དང་རྗེ་ཡབ་སྲས་ཀྱི་གསུང་རབ་རྣམས་ལས་གསུངས་པའི་མཚན་ཉིད་དང༌། དབྱེ་བ་དང༌། གྲངས་ངེས་སོགས་ཀྱི་རྣམ་བཞག་ལ་ཡུལ་དུས་གང་ཟག་གི་གསལ་བའི་དབྱེ་བས་མ་ངེས་པའི་སྐྱོན་བརྗོད་ནས་ཤེས་བྱའི་གྲངས་དང་མཉམ་པའི་མཚན་ཉིད་ཀྱི་ཟུར་ཚང་དགོས་པའི་ཞིབ་ཆ་བྱེད་པ་དོར་ནས་དགོངས་འགྲེལ་ཆེན་པོ་རྣམས་ཀྱི་གཞུང་ཚིག་གོ་བ་སྟེར་ཕུལ་ཆེ་བ་རྣམས་སྒྲ་སོར་བཞག་མཛད་ན་ལེགས་སམ་སྙམ་མོ། །

    རྒྱལ་ཚབ་ཐམས་ཅད་མཁྱེན་པས་ཚད་མ་ཀུན་བཏུས་ཀྱི་རྣམ་བཤད་ལས། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། ། ཞེས་པའི་ཐད་དུ་བརྡའ་ལ་མ་བྱང་བའི་བྱིས་པའི་རྒྱུད་ཀྱི་བརྗོད་བྱ་དང་རྗོད་བྱེད་འདྲེས་རུང་གི་རྟོག་པ་བསྡུ་བར་ག་སུངས་པ་ཡང་རྟོག་པའི་དངོས་ཡུལ་གྱི་སྒྲ་དོན་ལ་སྒྲ་སྤྱི་དང་དོན་སྤྱི་ཞེས་སོ་སོར་ཕྲལ་ནས་སྦྱོར་བའི་དོན་མིན་ནོ། །དེས་ན་རིགས་པའི་དབང་ཕྱུག་གིས། །ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་སོགས་ཀྱི་འགྲེལ་འགྲེལ་བཤད་རྣམས་དང་དེ་ཀའི་ཐད་ཀྱི་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་གསུང་རབ་དུ་མར་རྟོག་པའི་དངོས་ཡུལ་དང་སྒྲའི་བརྗོད་བྱའི་རང་ལྡོག་ཉིད་ལ་སྒྲ་དོན་དུ་བཤད་ཅིང་སྒྲ་སྤྱི་དང་དོན་སྤྱི་ཞེས་སོ་སོར་ཕྲལ་ཏེ་འཆད་རྒྱུ་མིན་པར་གསུངས་སོ། །དེ་ལ་སྒྲ་དོན་ཞེས་བརྗོད་པའི་རྒྱུ་མཚན་ཡང་འདི་ལྟར་ཡིན་ཏེ། སྤྱིར་གཞི་དཀར་ཟལ་ལྟ་བུ་བ་ལང་གི་བརྡའ་སྦྱོར་བའི་གཞི་དང༌། གསལ་བ་གཅིག་གཞིར་བཟུང་ནས་བརྡའ་སྦྱར་བས་ཀུན་གོ་བ་དང༌། བརྡའ་སྦྱོར་བ་ཐ་སྙད་ཀྱི་ཆེད་དུ་ཡིན་པར་ཕྱི་ནང་གཉིས་ཀ་མཐུན་ཡང་དེ་ལྟར་གོ་བའི་རྒྱུ་མཚན་ལ་མི་མཐུན་ཏེ། གཞན་སྡེ་ནི་བརྡའ་སྦྱར་བའི་སྤྱི་ཆ་མེད་གཅིག་གསལ་བ་ཀུན་ལ་ཡོད་པས་གཅིག་ལ་བརྡའ་སྦྱར་བའི་རྗེས་སུ་གསལ་བ་གཞན་ལའང་སྤྱི་དེ་མཐོང་ནས་བ་ལང་དུ་གོ་བས་གསལ་བ་རེ་རེ་ནས་བརྡའ་སྦྱོར་མི་དགོས་ཟེར་རོ། །རང་སྡེ་སངས་རྒྱས་པ་ནི་བ་ལང་མ་ཡིན་པ་ལས་ལོག་པའི་གཞན་སེལ་བ་ལ་བརྡའ་སྦྱར་བར་འདོད་ཅིང༌། དེ་ཉིད་བ་ལང་གི་གསལ་བ་ཀུན་ལ་ཁྱད་མེད་པར་རྗེས་སུ་འགྲོ་བས་རེ་རེ་ནས་བརྡའ་སྦྱོར་མི་དགོས་པར་བཞེད་དོ། །དེས་ན་བརྡའ་དུས་ཀྱི་དཀར་ཟལ་དང་བ་ལང་མ་ཡིན་པ་ལས་ལོག་པའི་ཚོགས་པ་ལ་བརྡའ་སྦྱར་བ་མིན་ཡང༌། དཀར་ཟལ་གཞིར་བཟུང་ནས་བརྡའ་སྦྱར་བའི་ཚེ་ནོག་དང་ལྐོག་ཤལ་སོགས་ལྡན་པ་རྒྱུ་མཚན་དུ་བྱས་ནས་བ་ལང་མ་ཡིན་པ་ལས་ལོག་པའི་གཞན་སེལ་བ་ལ་བརྡའ་སྦྱར་བ་ཡིན་པས་དེ་ལ་སྒྲ་དོན་དུ་བརྗོད་པའི་རྒྱུ་མཚན་ནི་དེའོ། །དེ་ལྟར་ཡང་སློབ་དཔོན་ཀ་མ་ལ་ཤི་ལས། སྒྲ་རྣམས་ཀྱིས་དངོས་སུ་བསྒྲུབ་པ་དང་དགག་པ་སྒྲས་དངོས་པོའི་རང་བཞིན་དུ་སྒྲུབ་པར་བྱེད་པའི་ཕྱིར་སྒྲུབ་པ་ཉིད་སྒྲའི་དོན་ཡིན་ནོ་ཞེས་བྱ་བ་ནི་སྒྲའི་དོན་སྒྲུབ་པར་སྨྲ་བ་རྣམས་ཀྱི་ལྟ་བའོ། །སེལ་བར་སྨྲ་བ་རྣམས་ནི་དམ་པའི་དོན་དུ་དངོས་པོའི་རང་གི་ངོ་བོ་ལ་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བ་ཅུང་ཟད་ཀྱང་ཡོད་པ་མིན་ཏེ། སྒྲའི་ཤེས་པ་ཐམས་ཅད་ཉིད་ནི་འཁྲུལ་བས་ཐ་དད་པའི་དོན་རྣམས་ལ་ཐ་མི་དད་པའི་རྣམ་པས་འཇུག་པ་ཡིན་ཏེ། གང་ལ་བརྒྱུད་པས་དངོས་པོ་དང་འབྲེལ་བ་དེ་ནི་འཁྲུལ་བ་ཉིད་ཡིན་ཡང་དོན་ལ་མི་སླུ་བ་ཉིད་ཡིན་པར་ལྟ་བ་ཡིན་ཏེ། དེ་ལ་སྒྲོ་བཏགས་པ་རྣམ་པར་རྟོག་པའི་བློ་གང་་ཡིན་པ་དེས་དོན་དང་ཐ་མི་དད་པའི་ངོ་བོ་དེ་ལས་གཞན་པ་ལས་ལྡོག་པའི་དངོས་པོ་ཉམས་སུ་མྱོང་བའི་སྟོབས་ལས་འོངས་པའི་ཕྱིར་དང༌། རང་ཉིད་ཀྱང་གཞན་ལས་ལོག་པར་སྣང་བའི་ཕྱིར་འཁྲུལ་བ་ཡིན་ཡང་གཞན་ལས་ལྡོག་པར་དོན་དང་ལྷན་ཅིག་པར་ངེས་པའི་ཕྱིར་དང༌། གཞན་སེལ་བའི་དངོས་པོ་རྟོགས་པ་འབྲས་བུ་ཡིན་པའི་ཕྱིར། གཞན་སེལ་བ་ཞེས་བརྗོད་དོ། །དེས་ན་སྒྲའི་དོན་སེལ་བ་ཡིན་པར་གྲུབ་བོ་ཞེས་གསུངས་སོ། །དེས་ན་གཞན་སྡེ་རྣམས་ཀྱིས་བུམ་པའོ་སྙམ་པའི་བློ་ལ་དགག་བྱ་བཅད་ལྡོག་མི་སྣང་བར་སྒྲུབ་པ་རང་དབང་པའི་ཚུལ་གྱིས་སྣང་བ་རྒྱུ་མཚན་དུ་བྱས་ནས། སྒྲ་རྟོག་ཐམས་ཅད་དངོས་དབང་གིས་འཇུག་པ་ཡིན་པས་སྒྲུབ་འཇུག་ཏུ་འདོད་དོ། །དྲངས་མ་ཐག་པའི་གཞུང་འདིས་སྒྲ་དོན་ཞེས་པ་སྒྲའི་དོན་ཟེར་རྒྱུ་ཡིན་པར་བཤད་ཅིང་སྒྲའི་དོན་ཞེས་རྣམ་དབྱེ་དྲུག་པར་བྱུང་བས་སྒྲ་སྤྱི་དང་དོན་སྤྱི་ཞེས་སོ་སོར་ཕྲལ་ནས་དེ་གཉིས་ཀ་རྟོག་པ་གཅིག་གི་ཡུལ་དུ་བྱེད་ནུས་པ་ལ་འདྲེས་པ་དང༌། བརྡའ་ལ་མ་བྱང་བས་དེ་གཉིས་གང་རུང་ཡུལ་དུ་བྱེད་པ་བསྡུ་བའི་ཕྱིར་དུ་འདྲེར་རུང་བ་ཞེས་སོགས་ཀྱི་ངལ་བ་དེ་ཙམ་མི་དགོས་སོ། །དེ་ཡང་རྣམ་ངེས་ལས། རྟོག་པ་ནི་བརྗོད་པ་དང་འདྲེར་རུང་བར་སྣང་བའི་ཤེས་པ་སྟེ་ཞེས་གསུངས་པའི་དོན་ནི། རྟོག་པ་ལ་སྒྲ་དོན་སྣང་ཞིང་སྒྲ་དོན་དེ་ཡང་དངོས་སུ་བརྡའ་སྦྱར་བའི་ཡུལ་ཡིན་པའི་ཕྱིར་བརྗོད་པ་དང་འདྲེར་རུང་བ་ཞེས་གསུངས་པ་ཡིན་གྱི། རྟོག་ངོ་ན་སྒྲ་སྤྱི་དང་དོན་སྤྱི་གཉིས་ཀ་ཡོད་པ་ལ་དེ་གཉིས་འདྲེས་པའི་ཐ་སྙད་བྱས་པ་ལ་མིན་པར་སྡེ་བདུན་ཡིད་ཀྱི་མུན་སེལ་དུ་བཤད་དོ། །དེ་ལྟར་ན་འདི་བ་ལང་ངོ་སྙམ་པའི་བློའི་ཐ་སྙད་དང་དེ་ལྟར་བརྗོད་པའི་སྒྲའི་ཐ་སྙད་འཇུག་པའི་གཞིའི་རང་ལྡོག་ནི་རྟོག་པས་བཏགས་པ་ཙམ་དང་སྤྱི་མཚན་ཡིན་ལ། དེ་དག་གི་གཞི་ལྡོག་ཏུ་གྱུར་པའི་བ་ལང་སོགས་ནི་རང་མཚན་ཡིན་པས་གསལ་བ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་ལ་ནི་དངོས་པོ་དང་དངོས་པོ་མེད་པ་གཉིས་གཉིས་ཡོད་དེ། དཀར་ཟལ་དང་ནག་སྒུར་གཉིས་ཀ་ལ་རྗེས་སུ་འགྲོ་བའི་བ་ལང་མ་ཡིན་པ་ལས་ལོག་པའི་དོན་གྱི་གཞན་སེལ་དང༌། རྟོག་པ་ལ་བ་ལང་མ་ཡིན་པ་ལས་ལོག་པར་སྣང་བ་སྒྲ་དོན་གྱི་མཚན་གཞིར་གྱུར་པའི་བློའི་སེལ་བ་གཉིས་སོ། །དོན་འདི་ནི་མཁས་པའི་དབང་པོ་ཀ་མ་ལ་ཤི་ལས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་སྒྲ་དོན་བརྟགས་པའི་འགྲེལ་པར་ཞིབ་ཏུ་གསུངས་ཤིང༌། རྣམ་འགྲེལ་ལེའུ་དང་པོའི་འགྲེལ་བཤད་སློབ་དཔོན་ཤཱཀྱ་བློས་མཛད་པ་དང༌། རྗེ་ཐམས་ཅད་མཁྱེན་པའི་སྲས་ཀྱི་ཐུ་བོ་གཉིས་ཀྱི་ཚད་མའི་བརྗེད་བྱང་སོགས་དང༌།རྣམ་འགྲེལ་ངེས་ཀྱི་ཊིཀྐ་ཆེན་མོ་རྣམས་སུ་ཞིབ་པར་མཐའ་བཅད་པའི་སྒོ་ནས་གསལ་བར་བཀའ་དྲིན་མཛད་མོད་ཀྱང༌། དེང་དུས་ཀྱི་རྟོག་གེ་བ་གང་དག་གཞུང་ལུགས་ཆེན་མོ་རྣམས་ལ་གཙིགས་སུ་མི་བྱེད་པར་གཞན་དང་ཤགས་འགྱེད་པའི་ཚེ་ཚིག་འཁྲིའི་ཐོ་ཡོར་ཁོ་ན་ལ་སྐྱབས་སུ་འཛིན་པ་དང༌། དོན་གྱི་གནད་འགག་བོར་བའི་ཐལ་འགྱུར་སྐམ་པོའི་ལྦུ་བའི་འཕྲེང་བ་ལ་སྙིང་པོའི་མཆོག་ཏུ་འཛིན་པ་དག་ལ་ནི་ཕྱོགས་མཐོང་ཙམ་ལས་དགོངས་པ་ཇི་བཞིན་པ་བསྐལ་དོན་དུ་སོང་བས་གསུང་རབ་དེ་དག་ཀྱང་རྡོ་རྗེའི་ཚིག་ལྟ་བུར་གྱུར་ཏོ། །

    གཉིས་པ་རྟག་མི་རྟག་དང་ཕྱི་དོན་འདོད་ཚུལ་ལ་གཉིས་ལས།དང་པོ་ལ་རྟག་མི་རྟག་གི་འདོད་ཚུལ་དངོས་དང༌། ཞར་བྱུང་སེལ་བའི་རྣམ་བཞག་གཉིས། དང་པོ་ནི། གཞན་སྡེ་དང་རང་སྡེ་བྱེ་བྲག་སྨྲ་བས་རྟག་པའི་འདོད་ཚུལ་གོང་དུ་བཤད་པ་ལྟར་རྟག་པ་ཡིན་ཕྱིན་ཆད་དུས་སྔ་མ་ན་གང་ཡོད་དུས་ཕྱི་མ་ནའང་ཡོད་པར་འདོད་ལ། མི་རྟག་པའི་འདོད་ཚུལ་ནི་བྱེ་བྲག་སྨྲ་བས་དངོས་པོ་ལ་རྟག་མི་རྟག་གཉིས་ཡོད་པར་འདོད་པ་དང༌། འདུས་བྱས་ཀྱི་མཚན་ཉིད་སྐྱེ་འཇིག་གནས་པ་རྣམས་ཀྱིས་གཟུགས་ཕུང་ལྟ་བུ་གཅིག་འདུས་བྱས་སུ་མཚོན་པ་ན་རང་ཉིད་སྐྱེ་བ་སོགས་ཡིན་པས་མི་མཚོན་གྱི་རང་སྐྱེད་བྱེད་སོགས་དོན་གཞན་ཡོད་པས་འདུས་བྱས་སུ་མཚོན་པ་ཡིན་ལ། དེས་ན་མཚན་ཉིད་རྣམས་ནི་སྐྱེ་བའི་བྱ་བ་སོགས་ལ་མི་འདོད་ཀྱི་སྐྱེ་བར་བྱེད་པ་པོ་དང་གནས་པར་བྱེད་པ་པོ་དང་འཇིག་པར་བྱེད་པ་པོའི་རྫས་དོན་གཞན་ཞིག་ལ་འདོད་དོ། །གཟུགས་ལ་སོགས་པའི་མཚན་གཞིའི་དངོས་པོ་རྣམས་ལ་མཚན་ཉིད་བཞི་དུས་གཅིག་ཏུ་ཡོད་ཀྱང་དང་པོར་སྐྱེ་བའི་བྱ་བ་དང་དེ་ནས་གནས་པ་དང་དེ་ནས་རྒ་བ་དང་དེ་ནས་འཇིག་པའི་བྱ་བ་རྣམས་རིམ་པ་བཞིན་དུ་འཇུག་པར་འདོད་དོ། །དེ་ལ་མདོ་སྡེ་པས་དེ་ལྟ་ན་འདུས་བྱས་རྣམས་སྐད་ཅིག་མ་མ་ཡིན་པར་འགྱུར་རོ། །ཞེས་སྐྱོན་བརྗོད་པ་ལ་བྱེ་བྲག་སྨྲ་བས། ཁོ་བོ་ཅག་གི་སྐད་ཅིག་མ་ནི་ཅི་ཙམ་གྱིས་བྱ་བ་འདི་བཞི་པོ་རྫོགས་པ་དེ་ལ་ཟེར་རོ། །ཞེས་མཛོད་རང་འགྲེལ་ལས་བཤད་པས་ན་བྱེ་སྨྲས་མི་རྟག་པ་སྐད་ཅིག་མ་མ་ཡིན་པར་མི་འདོད་མོད་ཀྱང་སྐད་ཅིག་མ་འཇོག་ཚུལ་མདོ་སྡེ་པ་ཡན་ཆད་དང་མི་འདྲའོ། །མདོ་སྡེ་པས་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ལ་སོགས་པ་རྣམས་གཟུགས་ལ་སོགས་པའི་ཆོས་དེ་རྣམས་ཀྱི་སྐྱེ་བའི་བྱ་བ་དང་འཇིག་པའི་བྱ་བ་དང་གནས་པའི་བྱ་བ་ལ་འདོད་ཅིང༌། དེ་ཡང་ནོག་དང་ལྐོག་ཤལ་ལ་སོགས་པ་འདུས་པ་བ་ལང་གི་མཚན་ཉིད་ཡིན་ཀྱང་བ་ལང་ལས་རྫས་གཞན་མ་ཡིན་པ་ལྟར་སྐྱེ་བ་སོགས་ཀྱང་གཟུགས་སོགས་ལས་རྫས་གཞན་མིན་པས་བཏགས་ཡོད་དང༌། མྱུ་གུ་ལྟ་བུ་སྔོན་མེད་གསར་དུ་བྱུང་བ་སྐྱེ་བ་དང༌། སྔ་མའི་རིགས་འདྲ་གནས་པ་གནས་པ་དང༌། རང་གྲུབ་དུས་ལས་དུས་གཉིས་པར་མི་སྡོད་པ་འཇིག་པ་དང༌། སྐད་ཅིག་སྔ་མ་ལས་ཕྱི་མ་མཚན་ཉིད་མི་འདྲ་བ་ནི་རྒ་བ་ཡིན་ལ་མཚན་ཉིད་དེ་དག་དུས་གཅིག་ཏུ་གྲུབ་པར་འདོད་དོ། །གཞན་ཡང་རྒྱུ་རྐྱེན་ཚོགས་ཤིང་འདུ་བྱས་པའི་དངོས་པོ་རྣམས་ནི་སྐྱེ་བའི་སྐད་ཅིག་ཙམ་ཁོ་ན་ཡིན་པ་དང༌། དེའི་ཡང་སྐྱེ་བའི་ངོ་བོ་དངའཇིག་པའི་ངོ་བོ་གཉིས་གཞན་དུ་བརྗོད་མི་ནུས་པའི་ཕྱིར་སྐད་ཅིག་མ་ཁོ་ན་ཡིན་པར་འདོད་དོ། དེའི་ཕྱིར་དངོས་པོ་རྣམས་ནི་རང་གི་རྒྱུས་འཇིག་པའི་བདག་ཉིད་ཅན་དུ་བསྐྱེད་པ་ཡིན་གྱི་བརྟན་པར་བསྐྱེད་པ་མ་ཡིན་པས་རང་གྲུབ་དུས་ལས་སྐད་ཅིག་གཉིས་པར་མི་སྡོད་པའི་འཇིག་པ་ཁོ་ནར་ཤེས་པར་བྱ་སྟེ། འདི་ལ་སྦྱོར་བ་ནི། གང་ཞིག་གང་གི་ཚེ་འཇིག་པའི་བདག་ཉིད་ཅན་ཡིན་པ་དེ་ནི། དེའི་དེ་མ་་ཐག་ཏུ་མི་གནས་པ་ཡིན་ཏེ། དཔེར་ན་མཐའི་སྐད་ཅིག་ལ་གནས་པའི་ངོ་བོ་བཞིན་གཟུགས་ལ་སོགས་པ་ཡང་སྐྱེ་བའི་དུས་ན་འཇིག་པའི་ངང་ཚུལ་ཅན་ཡིན་ནོ། །ཞེས་པ་རང་བཞིན་གྱི་རྟགས་སོ།།

    འཇིག་པའི་བདག་ཉིད་ཅན་ཡིན་པ་སྒྲུབ་བྱེད་ནི། གང་ཞིག་གང་གི་ངོ་བོར་འགྱུར་བ་ཕྱིས་འབྱུང་བའི་རྒྱུ་གཞན་ལ་ལྟོས་པ་མེད་པ་དེའི་ངོ་བོར་གྲུབ་པ་དེ་ནི་དེའི་ངོ་བོར་ངེས་པས་ཁྱབ་སྟེ། དཔེར་ན་ནས་ཀྱི་མྱུ་གུའི་རྒྱུ་ཚོགས་ཐ་མས་ནས་ཀྱི་མྱུ་གུ་སྐྱེད་པ་བཞིན། བྱས་པའང་འཇིག་པའི་ངོ་བོར་འགྱུར་བ་ཕྱིས་འབྱུང་བའི་རྒྱུ་གཞན་ལ་ལྟོས་པ་མེད་པར་འཇིག་པའི་ངོ་བོར་གྲུབ་པ་ཡིན་ནོ་ཞེས་བྱ་བའོ། །དེའི་ཁྱབ་པ་ནི་མངོན་སུམ་གྱིས་གྲུབ་ཅིང༌། ཕྱོགས་ཆོས་ནི་གནོད་པ་ཅན་གྱི་རྟགས་ལས་ཤེས་པར་བྱ་སྟེ།འདིར་མངས་ཀྱིས་དོགས་ནས་མ་བྲིས་སོ། །རང་གྲུབ་དུས་ལས་དུས་གཉིས་པར་མི་སྡོད་པའི་འཇིག་པ་ནི་དངོས་པོ་དེའི་རྒྱུ་ཉིད་ལས་སྐྱེས་པས་དངོས་པོ་ཡིན་ཀྱང་སྐད་ཅིག་གཉིས་པར་ཞིག་པ་ནི་དངོས་མེད་ཡིན་པས་རྒྱུ་མེད་པར་འདོད་དོ། །དེས་ན་རྟག་པའི་འཇོག་ཚུལ་ཡང༌། རིགས་པའི་དབང་ཕྱུག་གིས། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །ཅེས་གསུངས་པ་ལྟར། རང་བཞིན་འཇིག་པ་མེད་པའི་ཆོས་ལ་འདོད་པ་ཡིན་གྱི་གཞན་སྡེ་དང་བྱེ་སྨྲའི་འདོད་པ་ལྟར་མ་ཡིན་ནོ། །དེ་ཡང་རྫ་བུམ་ཞིག་པའི་ཞིག་པ་ནི། སྔར་རྫ་བུམ་མ་ཞིག་པའི་དུས་ན་མེད་ལ་ཕྱིས་ཡོད་ཀྱང་རྟག་པར་འཇོག་དགོས་པས། དུས་ཐམས་ཅད་པ་རྟག་པ་ལ་མི་དགོས་ཏེ། དཔེར་ན་མཐོང་སྤངས་སྤངས་པའི་སྤངས་པ་སོ་སོར་བརྟག་འགོག་ནི། སྤང་བྱ་དེ་མ་ཟད་བར་དུ་མེད་ལ་ཟད་པའི་དུས་སུ་ཡོད་ཀྱང་རྟག་པར་འཇོག་པ་བཞིན་ནོ། །ཐལ་འགྱུར་བས་ཞིག་པ་དངོས་པོར་བཞེད་མོད་ཀྱང་འདིར་ནི་མདོ་སེམས་དབུ་མ་རང་རྒྱུད་པ་རྣམས་ཀྱི་དབང་དུ་བྱས་པའོ། །དེ་བཞིན་དུ་རང་བཞིན་རྣམ་དག་གི་ཆོས་ཉིད་ཀྱང་ཆོས་ཅན་སྔ་མ་དེ་ལོག་པ་ན་ལྡོག་པས་དུས་རེས་འགའ་བ་ཡིན་ཀྱང་མི་རྟག་པར་མི་འགྱུར་ཏེ། དགག་བྱ་རྣམ་པར་བཅད་ཙམ་གྱི་མེད་དགག་ཡིན་པའི་ཕྱིར་དང༌། ཁྱད་གཞི་ལོག་པ་ན་ཁྱད་ཆོས་ལྡོག་པ་ཡིན་གྱི་་རང་གི་ངོ་བོ་འཇིག་པའི་བདག་ཉིད་ཅན་ཡིན་པས་ཞིག་པ་མ་ཡིན་པའི་ཕྱིར་རོ། །དུས་སྔ་ཕྱི་དང་འབྲེལ་བའི་ཆོས་ཉིད་ནི་གཅིག་གི་མཚན་གཞིར་རུང་ཡང་དེའཅི་ཆ་ཤས་ནི་དུ་མ་ཡོད་དོ། །བུམ་མེད་ལྟ་བུ་རང་གི་དགག་བྱ་བཀག་ཤུལ་དུ་རང་ཉིད་ཡོད་པར་འཇོག་པ་དང༌། མྱུ་གུ་ལྟ་བུ་རང་གི་རྒྱུས་བསྐྱེད་པའི་ཚེ་རང་ཉིད་ཡོད་པར་འཇོག་པ་གཉིས། ཡོད་པར་འཇོག་པ་ཙམ་དུ་མཚུངས་ཀྱང་ཡོད་ཚུལ་མི་མཚུངས་ཏེ།སྔ་མ་ནི་དགག་བྱ་བུམ་པ་ལྟ་བུ་འདི་འདྲ་བ་གཅིག་མེད་པས་དེ་ཡོད་དོ་ཞེས་དགག་བྱ་བཅད་ལྡོག་ནས་འཇོག་པ་མ་གཏོགས་རང་གི་ངོ་བོའི་སྒོ་ནས་བཞག་ཏུ་མེད་པའི་ཕྱིར་དང༌། ཕྱི་མ་ནི་གཞན་བཅད་པའི་སྒོ་ནས་འཇོག་མི་དགོས་པར་རང་གི་ངོ་བོའི་སྒོ་ནས་བཞག་ཆོག་པའི་ཕྱིར་རོ། །གཞན་སྡེ་རྣམས་ཀྱིས་དངོས་པོ་རྣམས་ཀྱི་འཇིག་པ་ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་དགོས་པར་འདོད་པ་དང༌། བྱེ་སྨྲས་ཀྱང་སྐྱེ་བ་དང་འཇིག་པ་ལས་གཞན་དེ་གཉིས་ཀྱི་བར་ན་གནས་པའི་གནས་སྐབས་ཁས་ལེན་པས་མི་རྟག་པའི་འདོད་ཚུལ་འདི་དང་གཏན་མི་འདྲ་ལ། རྟག་པ་རྣམས་ཀྱང་རང་གི་ངོ་བོའི་སྒོ་ནས་ཡོད་པར་འཇོག་པས་འདུས་མ་བྱས་ཀྱི་ནམ་མཁའ་སོགས་དངོས་པོར་ཁས་ལེན་དགོས་བྱུང་བས་རྟག་པའི་འདོད་ཚུལ་འདི་དང་གཏན་མི་གཅིག་གོ །དངོས་པོ་རྣམས་འཇིག་པའི་བདག་ཉིད་ཅན་དུ་རྒྱུས་སྐྱེད་པས་སྐད་ཅིག་མ་ཡིན་པ་དང༌། དངོས་མེད་རྣམས་དེ་ལྟར་མ་ཡིན་པས་སྐད་ཅིག་མ་མ་ཡིན་པར་འཇོག་དགོས་པའི་གནད་འདི་མ་ཤེས་པས། སྔོན་གྱི་མཁས་རློམ་འགའ་ཞིག་དང་དེང་དུས་ཀྱི་གཞུང་གི་ཚིག་ཁ་ཏོན་དུ་བྱང་བ་ལ་སྙིང་བོར་རློམ་པ་དག་གིས། སྐད་ཅིག་མ་སྔ་མའི་དུས་ན་ཡོད་པ་ཕྱི་མའི་དུས་ན་མེད་པ་ཙམ་ལ་སྐད་ཅིག་མའི་དོན་དུ་འཛིན་པ་མང་དུ་བྱུང་སྣང་ཞིང༌། ད་ལྟ་ཡང་དབུ་ཚད་ལ་སྦྱངས་པར་རློམ་པ་ཕལ་མོ་ཆེའི་ཞེ་ཕུག་ན་དེ་ཁོ་ན་ལྟར་སྣང་བས་མ་བརྟགས་ཉམས་དགའ་བ་་ཚིག་ཙམ་ལ་འཁྲུལ་བ་མིན་པར་ཞིབ་ཏུ་བརྟགས་ན་མྱུ་གུ་མི་རྟག་པའི་དོན་ལྡོག་གོ་བ་ཡང་དཀའ་བར་སྣང་ངོ༌། །

    འོ་ན་འདིའི་ལུགས་ཀྱི་དུས་གསུམ་གྱི་རྣམ་བཞག་ཇི་ལྟར་བྱེད་ཅེ་ན། བཤད་པར་བྱ་སྟེ། མདོ་སེམས་དབུ་མ་རང་རྒྱུད་པ་རྣམས་ཀྱིས་དུས་གསུམ་གྱི་རྣམ་བཞག་བྱེད་ཚུལ་འདྲ་ལ། དེ་ཡང་དངོས་པོ་ཡིན་ན་ད་ལྟར་བ་ཡིན་པས་ཁྱབ་པ་དང༌། འདས་མ་འོངས་ཡིན་ན་དངོས་པོ་མ་ཡིན་པས་ཁྱབ་པར་འདོད་དེ། དེ་ཡང་མྱུ་གུ་ལྟ་བུའི་དངོས་པོ་གཅིག་ཞིག་པ་ན་མྱུ་གུའི་ཆ་ཤས་ཀྱི་ངོ་བོ་ཐམས་ཅད་ནི་འགག་ལ། དངོས་པོ་གཞན་གང་ཡང་མ་ཐོབ་ཅིང་འདས་མ་འོངས་གཉིས་ཀ་ལའང་དགག་བྱ་རྣམ་པར་བཅད་ཙམ་མ་ཡིན་པའི་རང་གི་ངོ་བོ་ཅུང་ཟད་ཀྱང་གྲུབ་པ་མེད་པས། དེའི་ཕྱིར་འདས་མ་འོངས་ཡིན་ན་དངོས་པོར་མ་གྲུབ་པས་ཁྱབ་བོ་སྙམ་དུ་བསམས་པའོ། །དེ་ཡང་མྱུ་གུ་ལ་མཚོན་ན་རྒྱུ་རྐྱེན་ལས་སྐྱེས་ཟིན་པའི་མྱུ་གུའི་རང་གི་དུས་གཉིས་པར་ཞིག་པ་ནི་མྱུ་གུའི་འདས་པའི་དུས་དང༌། སྤྱིར་མྱུ་གུ་སྐྱེད་བྱེད་ཀྱི་རྒྱུ་ཡོད་ཀྱང་དགུན་དུས་གྱི་ཤར་ཕྱོགས་ཀྱི་ཞིང་ལྟ་བུ་ཡུལ་དུས་འགའ་ཞིག་ཏུ་རྒྱུ་རྐྱེན་མ་ཚང་བའི་དབང་གིས་ཡུལ་དུས་དེར་མྱུ་གུ་རེ་ཞིག་མ་སྐྱེས་པ་ནི་མྱུ་གུའི་མ་འོངས་པའི་དུས་དང༌། མྱུ་གུ་སྐྱེས་ལ་མ་འགག་པ་མྱུ་གུ་རང་གི་གྲུབ་པའི་དུས་ནི་མྱུ་གུའི་ད་ལྟར་པའི་དུས་སོ། །དེས་ན་ཆོས་དེའི་འདས་མ་འོངས་ཀྱི་དུས་གཉིས་ནི་ཆོས་དེའི་ད་ལྟར་གྱི་དུས་ལ་ལྟོས་ནས་འཇོག་པ་ཤིང་རྟ་ཆེན་པོ་དག་གི་གཞུང་ལས་མཐུན་པར་འབྱུང་ངོ༌། །

    དེ་ལྟར་ན་འདས་པའི་མཚན་ཉིད་ནི། ཁྱོད་དུས་གང་དུ་འཇོག་པ་དངོས་པོ་གང་གི་རང་དུས་ལ་ལྟོས་ནས་གཞག་དགོས་པའི་ལྟོས་སར་གྱུར་པའི་དངོས་པོའི་རང་དུས་དེ་ལས་ཐལ་ཟིན་པ། མ་འོངས་པའི་མཚན་ཉིད། ཁྱོད་དུས་གང་དུ་འཇོག་པ་དངོས་པོ་གང་གི་རང་དུས་ལ་ལྟོས་ནས་གཞག་དགོས་པའི་ལྟོས་སར་གྱུར་པའི་དངོས་པོའི་རང་དུས་དེར་མ་སླེབས་པའི་ཆོས། ད་ལྟར་བའི་མཚན་ཉིད། རང་དུས་ན་སྐྱེས་ལ་མ་འགག་པའི་ཆོས་སོ། །མཚན་ཉིད་དེ་དག་ཀྱང་གཞུང་ཆེན་མོ་རྣམས་ལས་འབྱུང་་བ་ལྟར་གོ་ཐོབ་ཀྱི་དབང་དུ་བྱས་པ་ཡིན་གྱི་སྐྱོན་ཅན་དང་རྫས་སྤྱི་སོགས་ཀྱི་ཚིག་འཁྲི་གཅོད་པ་གཙོ་བོ་བྱས་པ་མ་ཡིན་ཏེ། རིགས་པར་སྨྲ་བ་རྣམས་ལ་གཏམ་དུ་བྱས་པ་ཡིན་གྱི་ལྟག་ཆོད་ཀྱིས་ཉི་མ་འཕུལ་ཐབས་ལྷུར་ལེན་པའི་བྱིས་པའི་བརྡོལ་ཐབས་སྨྲ་བ་རྣམས་ལ་གཏམ་དུ་བྱ་བ་མ་ཡིན་པའི་ཕྱིར་རོ། །ལ་ལ་དག་འདས་པ་དང་མ་འོངས་པ་གཉིས་གཞི་མ་གྲུབ་པར་སྨྲས་ནས་ཡང་དེ་གཉིས་ཀྱི་མཚན་ཉིད་རྣམ་པར་འཇོག་པར་བྱེད་པ་ནི་གྲུབ་མཐའ་སྨྲ་བ་བཞི་པོ་གང་གི་ཡང་ལུགས་མ་ཡིན་གྱི་སྔོན་གྱི་བླུན་པོ་སྙིང་ཁམས་ཅན་དག་གི་ཟེར་སྒྲོས་འབའ་ཞིག་གཞིར་བཞག་པར་ཟད་དེ། རི་བོང་རྭའི་མཚན་ཉིད་འཇོག་པའི་ངལ་་བ་བྱེད་པའི་མཁས་པ་སུ་ཡང་མེད་པའི་ཕྱིར་རོ། །

    གཉིས་པ་ཞར་བྱུང་སེལ་བའི་རྣམ་བཞག་ལ། འདིར་སེལ་བ་དང་དགག་པ་དོན་གཅིག་པས་དེ་ལ་དབྱེ་ན། མ་ཡིན་དགག་གི་གཞན་སེལ་དང་མེད་དགག་གི་གཞན་སེལ་གཉིས། དང་པོ་ལ་དོན་ཆོས་དང་བློ་ཆོས་གཉིས་རྣམས་སུ་ཡོད་དེ། སློབ་དཔོན་ཞི་བ་འཚོས། འདིར་ནི་སེལ་བ་རྣམ་གཉིས་ཏེ། །མ་ཡིན་པ་དང་མེད་པའོ། །མ་ཡིན་པ་ཡང་རྣམ་གཉིས་ཏེ། །བློ་དང་དོན་གྱི་དབྱེ་བས་སོ། །ཞེས་་གང་གསུངས་པའོ། །དེ་ལ་དོན་གྱི་དབང་དུ་བྱས་པའི་མ་ཡིན་དགག་གི་གཞན་སེལ་ནི། བུམ་པ་མ་ཡིན་པ་ལས་ལོག་པ་དང་སྒྲ་མི་རྟག་པ་མ་ཡིན་པ་ལས་ལོག་པ་ལ་སོགས་པ་ལྟ་བུ་སྟེ། རྣམ་འགྲེལ་ལས། སྒྲུབ་་བྱེད་སྔ་མ་དག་གིས་ནི། །མ་ཡིན་སྒྲུབ་པར་བྱེད་ཕྱིར་རོ། །ཞེས་སོ། །བློའི་གཞན་སེལ་ནི། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་ལས་ལོག་པར་སྣང་བ་ལྟ་བུ་སྟེ། འདི་ལ་བསལ་བྱ་དངོས་སུ་བསལ་བའི་སྒོ་ནས་རྟོགས་པ་ཞིག་དགོས་སོ། །མཚན་ཉིད་ནི། སེལ་བ་ཙམ་གྱི་མཚན་ཉིད། དགག་བྱ་དངོས་སུ་བསལ་བས་སྒོ་ནས་རྟོགས་པར་བྱ་བའོ། །མ་ཡིན་དགག་གི་སེལ་བས་མཚན་ཉིད། སེལ་བ་གང༌། བསྒྲུབ་པའི་ཆོས་གཞན་འཕེན་པའོ། །མེད་དགག་གི་སེལ་བའི་མཚན་ཉིད། སེལ་བ་གང༌། བསྒྲུབ་པའི་ཆོས་གཞན་མི་འཕེན་པའོ། །འདིའི་ཆོས་གཞན་འཕེན་པ་དང་མི་འཕེན་པ་ཡང་རང་གི་དགག་བྱ་བཀག་ཤུལ་དུ་འཕེན་མི་འཕེན་ལ་བྱའོ། །བློའི་གཞན་སེལ་གྱི་མཚན་ཉིད། མ་ཡིན་དགག་གི་སེལ་བ་གང༌། བློས་སྒྲོ་བཏགས་པ་ཙམ་དུ་གནས་པ། དོན་གྱི་གཞན་སེལ་གྱི་མཚན་ཉིད། མ་ཡིན་དགག་གི་སེལ་བ་གང༌། སྒྲོ་བཏགས་ཙམ་མིན་པར་རང་གི་མཚན་ཉིད་ཀྱིས་གྲུབ་པའོ། །གལ་ཏེ་དེ་ལྟ་ན་བུམ་པ་རང་མཚན་ཡང་གཞན་སེལ་དུ་འདོད་དགོས་ཏེ། བསལ་བྱ་རིགས་མི་མཐུན་སེལ་བའི་ཕྱིར་རོ་སྙམ་ན། འོ་ན་ཁྱོད་རང་ལ། དེ་དགག་པར་ཡང་ཐལ། དགག་བྱ་རིགས་མི་མཐུན་འགོག་པའི་ཕྱིར་རོ། །མ་ཡིན་དགག་གི་ཆོས་གཞན་འཕེན་ཚུལ་ལ་ཡང་བཞི་ཡོད་དེ། མཆོད་སྦྱིན་ཚོན་པོ་ཉིན་པར་མི་ཟ་བ་ཞེས་པ་ལྟ་བུ་བསྒྲུབ་ཆོས་གཞན་དོན་གྱིས་འཕངས་པ་དང༌། བདག་ལས་མ་སྐྱེས་པ་ཡོད་ཅེས་པ་ལྟ་བུ་ཚིག་གཅིག་གིས་དགག་བྱ་གཅོད་པ་དང་ཆོས་གཞན་དངོས་སུ་འཕེན་པ་གཉིས་ཀ་སྟོན་པ་དང༌། མཆོད་སྦྱིན་ཚོན་པོ་ཉིན་པར་མི་ཟ་བ་རིད་པ་མིན་པ་ཡོད་ཅེས་པ་ལྟ་བུ་ཚིག་གཅིག་གིས་དངོས་ཤུགས་གཉིས་ཀར་ཆོས་གཞན་འཕེན་པ་དང༌། སྐྱེས་བུ་གཅིག་རྒྱལ་རིགས་དང་བྲམ་ཟེའི་རིགས་གང་རུང་ཞིག་ཏུ་ངེས་ཤིང་ཁྱད་པར་མ་ངེས་པའི་སྐབས་སུ། འདི་བྲམ་ཟེ་མ་ཡིན་ཞེས་པ་ལྟ་བུ་སྐབས་སྟོབས་ཀྱིས་འཕྲངས་པ་སྟེ་བཞིའོ། །དེ་ལྟར་ཡང༌། ཤེས་རབ་སྒྲོན་མེའི་འགྲེལ་བཤད་དུ་དྲངས་པ་ལས། དགག་པ་དོན་གྱིས་བསྟན་པ་དང༌། །ཚིག་གཅིག་སྒྲུབ་པར་བྱེད་པ་དང༌། །དེ་ལྡན་རང་ཚིག་མི་སྟོན་པ།།མ་ཡིན་ཞེས་དང༌། དེ་བཞི་གང་ཡང་མ་འཕངས་པའི་དགག་པ་ནི་མེད་དགག་སྟེ། གཞན་པ་གཞན་ཡིན་ནོ་ཞེས་སོ། །དེས་ན་དངོས་པོ་ལ་དགག་བྱ་བཅད་པས་མི་ཆོག་གི་རང་བརྗོད་པའི་སྒྲས་བཅད་པ་དང་རང་རྟོགས་པའི་བློ་ལ་དངོས་སུ་དགག་བྱ་བཅད་པའི་རྣམ་པ་ཅན་དུ་འཆར་བ་གང་རུང་ཞིག་དགོས་སོ། །ཆོས་གཞན་འཕངས་པ་ལའང་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཞིག་དགོས་ཀྱི་ཆོས་གཞན་མེད་དགག་འཕངས་ཀྱང་མ་ཡིན་དགག་ཏུ་མི་འགྱུར་རོ། །དངོས་པོ་ཐམས་ཅད་ངོ་བོ་ཉིད་ཀྱིས་རང་རང་གི་ངོ་བོ་གཞན་དང་མ་འདྲེས་པར་གནས་པ་ཡིན་པས་རིགས་མཐུན་རིགས་མི་མཐུན་ཀུན་ལས་ལོག་པར་གནས་པ་ཡིན་ལ། དེས་ན་གཞི་སྒྲ་ལྟ་བུ་གཅིག་ལ་ཡང་རིགས་མཐུན་ལས་ལོག་པ་དང་རིགས་མི་མཐུན་ལས་ལོག་པའི་ལྡོག་པ་དུ་མ་ཞིག་དབྱེར་རུང་བ་ཡིན་ཏེ། རིགས་པའི་དབང་ཕྱུག་གིས། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་དངོས་དག་ལས། །ལྡོག་པ་ལ་ནི་བརྟེན་པ་ཅན། །ཞེས་གསུངས་སོ། །ལྡོག་པ་དེ་དག་གི་སྒོ་ནས་སྒྲ་མི་རྟག་པ་ལྟ་བུའི་རང་གི་མཚན་ཉིད་དཔྱིས་ཕྱིན་པར་རྟོགས་པས་དགག་སྒྲུབ་ཀྱི་དངོས་རྟེན་དོན་དམ་པར་མ་གྲུབ་ཀྱང་དེ་ལ་བརྟེན་ནས་དོན་དམ་པའི་གནས་ལུགས་ལེགས་པར་རྟོགས་ནུས་པ་འདི་ནི་ཐ་སྙད་པའི་ཚད་མ་དོན་དམ་པའི་གནས་ལུགས་རྟོགས་པའི་རྒྱུར་འགྱུར་ཚུལ་སོགས་ལུགས་འདི་དག་གི་བདེན་གཉིས་ཀྱི་རྣམ་དབྱེ་ཤེས་པ་ལ་མེད་དུ་མི་རུང་བ་ཡིན་ནོ། །དེས་ན་ད་དུང་ཞིབ་ཏུ་གཏན་ལ་འབེབས་དགོས་མོད་ཀྱང་མངས་པས་འཇིགས་ནས་མ་བྲིས་སོ། །

    གཉིས་པ་ཕྱི་དོན་འདོད་ཚུལ་ལ། དངོས་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་འདོད་ཚུལ་ལོ། །དང་པོ་ནི། ལུགས་འདིས་ཀྱང་རྡུལ་ཕྲན་ཆ་མེད་འདོད་པ་ཡིན་ཏེ། དེ་ཡང་རྡུལ་ཕྲ་བའི་མཐར་ཐུག་པ་དང་དེ་ལས་ཆུང་ངུར་གསིལ་དུ་མེད་པར་འདོད་དེ། མངོན་པ་ཀུན་ལས་བཏུས་ལས། རྡུལ་ཕྲ་རབ་བསགས་པ་ནི་གཟུགས་འདུས་པའོ་ཞེས་གང་བརྗོད་པ་དེ་ལ་རྡུལ་ཕྲ་རབ་ལུས་མེད་པར་རིག་པར་བྱའོ། །བློས་མཐར་རབ་ཏུ་ཕྱེ་ནས་རྡུལ་ཕྲ་རབ་ཏུ་རྣམ་པར་བཞག་སྟེ། ཞེས་སོ། ། དེ་ལྟ་བུའི་རྡུལ་ཕྲ་རབ་དེའང་འབྱུང་བ་བཞི་དང་འབྱུང་འགྱུར་བཞིའི་བདག་ཉིད་ཅན་ཡིན་ཡང༌། བྱེ་བྲག་སྨྲ་བ་ལྟར་རྫས་རྡུལ་ཡན་གར་བ་བརྒྱད་འདུས་སུ་འདི་པ་མི་འདོད་དོ། །རྡུལ་ཕྲ་རབ་དང་རྡུལ་ཕྲན་ཙམ་ལའང་ཁྱད་ཡོད་དེ། རྡུལ་ཕྲ་རབ་བདུན་འདུས་པ་ལ་རྡུལ་ཕྲན་གཅིག་ཏུ་འདོད་པའི་ཕྱིར་ཏེ།མཛོད་ལས། སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ཞེས་སོགས་གསུངས་པས་སོ། །རྡུལ་ཕྲ་རབ་བསགས་པས་བེམ་པོ་འགྲུབ་ཚུལ་ནི། སྔར་བྱེ་སྨྲའི་སྐབས་སུ་བཤད་པ་ལྟར་འབྱར་བ་དང་སྐོར་བ་དང་བར་མེད་པ་སྟེ་གསུམ་དུ་ཡོད་དེ། དབུ་མ་རྒྱན་རྩ་འགྲེལ་གྱི་བཤད་པ་དེ་བྱེ་མདོ་གཉིས་ཆར་ལ་སྦྱར་ཆོག་པའི་ཕྱིར། མཁས་པ་ཁ་ཅིག །རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་ལ་རྡུལ་ཕྲ་རབ་ཆ་བཅས་སུ་འདོད་པ་ཡོད་དེ། མདོ་སེམས་གཉིས་བརྩད་པའི་ཚེ་ཆ་དང་བཅས་པའི་རྡུལ་ཕྲ་རབ་ཚོགས་ཚེ་རེ་རེས་ཀྱང་རང་འདྲའི་རྣམ་པ་གཏོད་པར་མདོ་སྡེ་པས་ཁས་བླངས་པར་་དམིགས་བརྟགས་རྩ་འགྲེལ་ལས་བཤད་པའི་ཕྱིར། ཞེས་གསུངས་སོ། །འོན་ཀྱང་དེ་ནི་གཞུང་དེར་རྣམ་རིག་པའི་རིགས་པས་འཕུལ་བའི་ཚེ་མདོ་སྡེ་པས་རྡུལ་ཕྲ་རབ་དུ་མ་ཚོགས་ནས་རགས་པར་གྱུར་པ་ན།རགས་པ་དེ་ཕྱོགས་ཀྱི་ཆ་དང་བཅས་ལ་དེས་རང་འདྲའི་རྣམ་པ་གཏད་པ་ན་རང་གི་རྩོམ་གཞིར་གྱུར་པའི་རྡུལ་ཕྲ་རབ་ཀྱིས་ཀྱང་རང་གི་རྣམ་པ་གཏོད་པ་མི་འགལ་བར་སྨྲས་ན་དེ་འགོག་ལུགས་འདི་ལྟར་བྱེད་ཅེས་བཤད་པ་ཙམ་ཡིན་གྱི་མདོ་སྡེ་པ་རང་གི་རྩ་བའི་གྲུབ་མཐའ་ལ་རྡུལ་ཕྲ་རབ་ཆ་བཅས་སུ་ཁས་བླངས་པར་བཤད་པ་མིན་ནམ་སྙམ་སྟེ། དེའི་རྒྱུ་མཚན་ཡང་མང་དུ་ཡོད་མོད་འདིར་མ་བྲིས་ཏེ། བློ་ལྡན་རྣམས་ཀྱིས་ཞིབ་ཏུ་བརྟག་པར་བྱའོ། །གཉིས་པ་ནི། ལུགས་འདིས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་ཀྱང་དེ་གཟུགས་མཚན་ཉིད་པ་མ་ཡིན་པར་འདོད་དེ། བདེར་གཤེགས་གཞུང་གི་རབ་བྱེད་ལས། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཅེས་དང༌། ཊིཀ་ཆེན་དེ་ཉིད་སྣང་བ་ལས་ཐོགས་པ་མེད་པའི་རྣམ་པར་རིག་བྱེད་མིན་པའི་གཟུགས་གཟུགས་མཚན་ཉིད་པར་གྱུར་པ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །

    རིགས་པའི་སྒྲུབ་བྱེད་ནི། མཛོད་འགྲེལ་ལས། མདོ་སྡེ་པ་རྣམས་ན་རེ་དེ་ཡང་རྫས་སུ་མེད་དེ། ཁས་བླངས་ནས་མི་བྱེད་པ་ཙམ་གྱི་ཕྱིར་དང༌། འདས་པའི་འབྱུང་བ་ཆེན་པོ་རྣམས་ལ་ཡང་བརྟེན་ནས་འདོགས་པའི་ཕྱིར་དང༌། དེ་དག་ཀྱང་རང་གི་ངོ་བོ་མེད་པའི་ཕྱིར་དང༌། གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །ཞེས་གསུངས་པ་ལྟར་རོ། །འོ་ན་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཅི་ཞིག་ཏུ་འདོད་པ་ཡིན་ཞེ་ན། ཆོས་ཀྱི་སྐྱེ་མཆེད་པའི་ཀུན་བཏགས་པའི་གཟུགས་སུ་འདོད་དེ། དེ་ཉིད་ལས། བསྟན་དུ་ཡང་མེད་ལ་ཐོགས་པ་མེད་པའི་གཟུགས་གང་ཡིན་པ་དེ་ཉིད་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །

    འདི་ལ་བྱེ་མདོ་གཉིས་ཀྱི་འདོད་ཚུལ་རྒྱས་པར་ནི་མཛོད་ལས། རྣམ་གསུམ་དྲི་མེད་གཟུགས་གསུངས་དང༌། །འཕེལ་དང་མ་བྱས་ལམ་སོགས་ཕྱིར། །ཞེས་སོགས་ཀྱི་རང་འགྲེལ་ལས་བཤད་དེ།ཤེས་པར་འདོད་ན་དེ་དག་ཏུ་བལྟ་བར་བྱའོ། །

    གཉིས་པ་ཤེས་པས་ཡུལ་འཛིན་ཚུལ་བྱེ་བྲག་དུ་བཤད་པ་ལ་གསུམ། དངོས་དང༌། འཇལ་བྱེད་ཚད་མའི་རྣམ་བཞག །དེའི་ཡན་ལག་གཏན་ཚིགས་བཤད་པའོ། །དང་པོ་ནི། ཤེས་པ་རྣམས་ཀྱིས་ཡུལ་འཛིན་པ་ན་རྣམ་པ་མེད་པ་མ་ཡིན་གྱི་རྣམ་པ་དང་བཅས་པ་ཡིན་ཏེ། གལ་ཏེ་རྣམ་པ་མེད་པར་ཡུལ་ཁོ་རང་གསལ་བར་རིག་ན་ཡུལ་ཉིད་གསལ་བའི་ངོ་བོར་ཐལ་བར་འགྱུར་བའི་ཕྱིར་དང༌། དེ་ལྟ་ན་ཤེས་པར་མ་ལྟོས་པར་ཡང་འཛིན་པར་འགྱུར་བའི་ཕྱིར་རོ། །དེས་ན་ཤེས་པས་ཡུལ་རིག་པ་ནི། ཚོན་གྱིས་ཁ་དོག་བསྒྱུར་བའི་ཤེལ་དག་པ་ལ་སྐྱེས་བུས་བལྟས་པའི་ཚེ་ཤེལ་དང་ཚོན་གཉིས་ཀ་མིག་གིས་བཟུང་པ་ན། ཤེལ་ནི་མངོན་སུམ་གྱིས་བཟུང་བ་ཡིན་ལ། ཚོན་ནི་གཟུགས་བརྙན་གྱིས་བཟུང་བ་ཡིན་པས་སྐྱེས་བུས་གཟུང་བ་གཉིས་བཟུང་བ་ལྟར། མངོན་སུམ་གྱིས་སྣང་བ་ནི་ཤེས་པ་ཁོ་ནའི་རྣམ་པ་ཡིན་ལ།ཤེས་པ་ཁ་དོག་དང་དབྱིབས་སུ་སྣང་བའི་གཞི་ནི་ཤེས་པ་ལས་ངོ་བོ་ཐ་དད་པར་གྱུར་བའི་ལ་ཕྲ་རབ་ཚོགས་པ་ཕྱི་རོལ་གྱི་དོན་ཡིན་པར་འདོད་ཅེས་སློབ་དཔོན་བྱང་ཆུབ་བཟང་པོའི་ཡེ་ཤེས་ཀུན་ལས་བཏུས་ཀྱི་རྣམ་བཤད་དུ་བཤད་པ་ལྟར་ཡིན་ནོ། །བྱེ་སྨྲ་ལྟར་མིག་དབང་གཟུགས་ཅན་པས་མཐོང་བ་མ་ཡིན་གྱི་མཐོང་བ་པོ་ལ་སོགས་པ་ནི་རྣམ་པར་ཤེས་པ་ཁོ་ན་ཡིན་མོད་ཀྱང༌། རྩིག་པ་ལ་སོགས་པས་བར་དུ་ཆོད་པ་ལ་ནི་རྣམ་པར་ཤེས་པ་ལ་སྣང་བའི་གེགས་དང་བཅས་པས་མ་མཐོང་བ་ཡིན་ནོ། །བྱེ་སྨྲ་ལྟར་དབང་པོ་གཟུགས་ཅན་པས་མཐོང་བ་དང༌། བར་དུ་ཆོད་པ་ཐམས་ཅད་མི་མཐོང་བ་ནི་མི་འཐད་དེ། མཆིང་བུ་དང༌། ལྷང་ཚེར་དང༌། ཤེལ་དང༌། ཆུ་དག་གིས་བར་དུ་ཆོད་པ་ཡང་མཐོང་བའི་ཕྱིར་རོ། མིག་གིས་གཟུགས་མཐོང་ཞེས་པ་ཡང་མི་འགལ་ཏེ། བརྟེན་པ་རྣམ་པར་ཤེས་པའི་སྒྲས་རྟེན་དབང་པོ་གཟུགས་ཅན་པ་ལ་ཉེ་བར་བཏགས་ནས་བསྟན་པ་ཡིན་པའི་ཕྱིར། དེས་ན་བཅོས་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཐ་སྙད་དང་མཐུན་པར་ཆོས་ཀྱི་བརྡའ་གསུངས་པ་ཡིན་པས་དོན་ལ་རྟོན་པར་བྱ་ཡི་ཚིག་ཙམ་ལ་ཞེན་པར་མི་བྱའོ། །ཞེས་ཟེར་ཏེ། མཛོད་འགྲེལ་གྱི་གནས་དང་པོ་ལས་རྒྱས་པར་བཤད་དོ། །ཤེས་པ་རྣམ་བཅས་སུ་འདོད་ཚུལ་ལ་གསུམ་སྟེ། ཤེས་པ་གཅིག་ལ་རྣམ་པ་དུ་མ་འཆར་བར་ཁས་ལེན་པ་སྣ་ཚོགས་གཉིས་མེད་པ་དང༌། ཤེས་པ་གཅིག་ལ་རྣམ་པ་ཡང་གཅིག་ཁོ་ན་འཆར་བར་ཁས་ལེན་པ་སྒོ་བ་ཕྱེད་ཚལ་བ་དང༌། རྣམ་པ་དུ་མ་ཤར་བ་ན་ཤེས་པ་ཡང་དུ་མར་ཁས་ལེན་པ་གཟུང་འཛིན་གྲངས་མཉམ་པ་གསུམ་མོ། །རྣམ་འགྲེལ་ངེས་ཀྱི་སྐབས་སུ་མདོ་སྡེ་པའི་ལུགས་ཁས་ལེན་པའི་ཚེ་སྣ་ཚོགས་གཉིས་མེད་པ་ལྟར་བྱེད་པར་རྗེ་ཡབ་སྲས་ཀྱིས་བཞེད་དོ། །དེ་ལ་དང་པོ་ནི་སྔོན་པོ་དང་གྲུབ་བདེ་རྫས་་གཅིག་པའི་སྔོན་པོའི་བྱས་མི་རྟག་སོགས་ཇི་སྙེད་ཡོད་པ་དེ་སྙེད་ཀྱིས་ཡུལ་གྱི་རྣམ་པ་གཏད་ཀྱང༌། ཡུལ་ཅན་ཤེས་པ་དེ་སྔོན་པོ་ཙམ་ཁོ་ནའི་རྣམ་ལྡན་དུ་སྐྱེ་བ་སྟེ། དཔེར་ན་ཁྲ་འཛིན་དབང་ཤེས་ལ་ཡུལ་ཁྲ་བོའི་སྔོ་སེར་སོགས་ཀྱི་རྣམ་པ་དུ་མ་གཏད་ཀྱང་མིག་ཤེས་དེ་དེ་སྙེད་ཀྱི་གྲངས་ལྡན་དུ་མི་སྐྱེ་བར་ཁྲ་ཙམ་གྱི་རྣམ་ལྡན་དུ་སྐྱེ་བ་བཞིན། གཉིས་པ་ནི། ཡུལ་སྔོན་པོ་དང་གྲུབ་བདེ་རྫས་གཅིག་པའི་བྱས་སོགས་ཀྱི་རྣམ་པ་སོ་སོར་མི་གཏོད་པར་སྔོ་ཙམ་ཞིག་གི་རྣམ་པ་གཏོད་ཅིང་ཤེས་པའང་སྔོ་ཙམ་ཞིག་གི་རྣམ་ལྡན་དུ་སྐྱེ་བ་ཡིན་ཏེ། ཁྲ་འཛིན་མིག་ཤེས་ལའང་ཡུལ་གྱིས་ཀྱང་ཁྲ་ཙམ་ཞིག་གི་རྣམ་པ་གཏད་ལ། ཡུལ་ཅན་ཡང་ཁྲ་ཙམ་ཞིག་གི་རྣམ་ལྡན་དུ་སྐྱེ་བའོ། །གསུམ་པ་ནི། སྔོན་པོ་དང་གྲུབ་བདེ་རྫས་གཅིག་པའི་སྔོན་པོའི་སྟེང་གི་བྱས་མི་རྟག་སོགས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་རྣམ་པ་གཏད་ཅིང་ཤེས་པ་ཡང་དེ་སྙེད་ཀྱི་རྣམ་ལྡན་དུས་གཅིག་ལ་སྐྱེ་བའོ། །དེ་ལ་དང་པོ་ནི།དབུ་མ་རྒྱན་རང་འགྲེལ་ལས། གལ་ཏེ་རྣམ་པར་ཤེས་པ་ནི་གཅིག་པུ་ཁོ་ནའི་རང་བཞིན་ཡིན་ལ་རྣམ་པ་ནི་དུ་མ་ཡིན་ན་དེའི་ཚེ་འགལ་བའི་ཆོས་སུ་གནས་པས་རྣམ་པ་དང་རྣམ་པར་ཤེས་པ་ཉིད་ཐ་དད་པ་མ་ཡིན་ནི་འགལ་ལོ། །ཞེས་པའི་ཕྱོགས་སྔ་མའོ། །གཉིས་པ་ནི། ཛྰེ་ཏ་་རིས། ནང་དུ་སྣང་བའང་གཞན་ཉིད་ལ། ཕྱི་རུ་སྣང་བའང་དེ་གཞན་ཉིད། །གསལ་བར་བྱ་དང་གསལ་བྱེད་འདི། །མར་མེ་བཞིན་དུ་དེ་ཉིད་མིན། །ཞེས་དང༌། གསུམ་པ་ནི། དབུ་མ་རྒྱན་ལས།རི་མོ་བརྐྱང་བ་མཐོང་བའི་ཚེ། །དེ་ལ་དེ་བཞིན་སེམས་མང་པོ། །ཅི་སྟེ་གཅིག་ཆའི་ཚུལ་གྱིས་སུ། །འབྱུང་བར་འགྱུར་བར་འདོད་ན་ཀོ །ཞེས་སོགས་ཀྱི་སྐབས་སུ་གསུངས་པའོ། །རྣམ་པའི་འདོད་ཚུལ་འདི་གསུམ་མདོ་སེམས་གཉིས་ཀའི་ལུགས་ལ་ཡོད་མོད་ཀྱང་སེམས་ཙམ་པ་རྣམས་ནི་ཕྱི་རོལ་དོན་གྱིས་རྣམ་པ་གཏོད་པར་ཁས་མི་ལེན་ཞིང་འདི་པས་ཁས་ལེན་པ་ནི་ཁྱད་པར་རོ། །དབུ་མ་རྒྱན་ལས། དཀར་པོ་དག་ལ་སོགས་པ་ལ། །ཤེས་པ་དེ་ནི་རིམ་འབྱུང་སྟེ། །ཞེས་སོགསཀྱི་སྐབས་ནས་བསྟན་པའི་སྣ་ཚོགས་རིམ་འབྱུང་བ་ནི་ལུང་གི་རྗེས་འབྲང་གི་མདོ་སྡེ་པ་ཁོ་ན་ཡིན་པར་ཕྱིས་ཀྱི་མཁས་པ་རྣམས་འཆད་དོ། །དབུ་རྒྱན་རྩ་འགྲེལ་གྱིས་བཤད་པའི་གོ་རིམ་དང་སྔ་ཕྱིའི་འབྲེལ་ལ་བརྟག་ན་གཟུང་འཛིན་གྲངས་མཉམ་པ་ཉིད་ལ་ཤེས་པ་སྣ་ཚོགས་པ་དག་གཅིག་ཆར་འབྱུང་བ་དང་རིམ་གྱིས་འབྱུང་བའི་ལུགས་གཉིས་ཡོད་པར་བྱས་ཀྱང་མི་འགལ་ལོ། །འདི་དག་སོ་སོའི་རྩོད་ཚུལ་སོགས་ནི་དབུ་མ་རྒྱན་རྩ་འགྲེལ་ལས་ཤེས་པར་བྱའོ། །འོན་ཀྱང་མདོ་སྡེ་པ་ལ་སྒོ་ང་ཕྱེད་ཚལ་བའི་རྣམ་པའི་འདོད་ལུགས་ཡོད་མེད་རྗེ་ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱིས་གསལ་བར་བཤད་པ་མི་སྣང་ཞིང༌། སྡེ་བདུན་ཡིད་ཀྱི་མུན་སེལ་དུ་ཟུར་ཙམ་བྱུང་བ་དང༌། རྗེའི་དངོས་སློབ་གུང་རུ་རྒྱལ་མཚན་བཟང་པོའི་དབུ་མའི་སྟོང་ཐུན་དུ་སྔར་ལྟར་བཤད་ལ། མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་བཙུན་འཇམ་དབྱངས་བཞད་པའི་རྡོ་རྗེས་ཛེ་ཏ་རིའི་ལུང་དེས་མདོ་སེམས་ཐུན་མོང་དུ་བསྟན་ཟེར་ན་མ་གཏོགས་རྣམ་པའི་འདོད་ཚུལ་གཉིས་པ་འདི་མདོ་་སྡེ་པའི་ལུགས་སུ་འཇོག་པ་འཐད་དཀའ་བར་སྣང་ངོ༌། །ཞེས་གསུངས་པ་ནི་དེ་ཁོ་ན་ལྟར་འདུག་གོ །

    གཉིས་པ་འཇལ་བྱེད་ཚད་མའི་རྣམ་བཞག་ལ། གཞལ་བྱ་རང་སྤྱི་གཉིས་སམ་མངོན་ལྐོག་གཉིས་སུ་ངེས་པའི་དབང་གིས་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་པར་བསྒྲུབ་པ་དང་དེ་ཡང་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་ཀས་ཕུང་གསུམ་སེལ་དགོས་པར་འདོད་པ་ལ་མདོ་སྡེ་པ་ནས་རང་རྒྱུད་པའི་བར་ཐམས་ཅད་མཐུན་ནོ། །ཚད་མའི་མཚན་ཉིད་ནི། གསར་དུ་མི་བསླུ་བའི་རིག་པའོ། །མངོན་སུམ་ཚད་མ་ནི།ཚད་མ་གང༌། རྟོག་བྲལ་མ་འཁྲུལ་བའི་ཤེས་པའོ། །དབྱེ་ན། གཞན་རིག་དང་རང་རིག་གཉིས། དང་པོ་ལ་བདག་རྐྱེན་གྱིས་ཕྱེ་ན། དབང་པོའི་མངོན་སུམ། ཡིད་ཀྱི་མངོན་སུམ། རྣལ་འབྱོར་མངོན་སུམ་གསུམ་ཡོད་ལ། དེའི་དང་པོ་ནི་བདག་རྐྱེན་དབང་པོ་གཟུགས་ཅན་པ་དང༌། གཉིས་པ་ནི་བདག་རྐྱེན་ཡིད་ཙམ་དང་། གསུམ་པ་ནི་བདག་རྐྱེན་ཞི་ལྷག་ཟུང་འབྲེལ་ལ་བརྟེན་པའོ། །འདིའི་ཡིད་མངོན་ནི་དབང་མངོན་གྱི་རྒྱུན་མཐར་སྐད་ཅིག་མ་གཅིག་ཁོ་ནར་སྐྱེ་བ་དང༌། དེ་ཡང་སོ་སྐྱེས་ལ་ཤིན་ཏུ་ལྐོག་གྱུར་ཡིན་པར་པཎ་ཆེན་རྒྱལ་རྔ་བདུན་པའི་རྗེས་སུ་འབྲངས་ནས་རྒྱལ་ཚབ་ཐམས་ཅད་མཁྱེན་པ་བཞེད་པ་ལྟར་དེང་སང་གྲགས་ཆེ་ལ་མཁས་གྲུབ་ཐམས་ཅད་མཁྱེན་པས་ནི་དེ་དང་ཅུང་ཟད་མི་འདྲ་ཙམ་བཤད་དེ་འདིར་མ་སྤྲོས་སོ། །རང་རིག་ནི་ཁ་ནང་བལྟས་འཛིན་རྣམ་ཡན་གར་བ་སྟེ། ཡུལ་ཡུལ་ཅན་གྱི་གཉིས་སྣང་ནུབ་པ་ཞིག་གོ། །མངོན་སུམ་རྒྱུན་ཕྱི་མ་རྣམས་བཅད་ཤེས་སུ་པཎ་ཆེན་ཆོས་མཆོག་གིས་བཤད་ཅིང་རང་རེའི་མཁས་པ་ཕལ་ཆེར་ཀྱང་དེ་ལྟར་བཞེད་དོ། །འོན་ཀྱང་ལུང་གི་རྗེས་འབྲང་གི་མདོ་སྡེ་པས་རང་རིག་འདོད་པའི་རྣམ་བཞག་གསལ་བར་བཤད་པ་མི་སྣང་ངོ༌། །རྗེས་དཔག་ནི། རང་གི་རྟེན་ཚུལ་གསུམ་པའི་རྟགས་ལ་རྟེན་ནས་བྱུང་བའི་བསྒྲུབ་བྱ་ཡོངས་སུ་དཔོག་པའི་ཤེས་པའོ། །དབྱེ་ན། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ཚད་མ། གྲགས་པའི་རྗེས་དཔག་ཚད་མ། ཡིད་ཆེས་པའི་རྗེས་དཔག་ཚད་མ་སྟེ་གསུམ་མོ། །

    ཞར་བྱུང་མདོ་སྡེ་པའི་ལུགས་ཀྱི་དབང་མངོན་གྱི་རྐྱེན་གསུམ་བཤད་པ་ལ། བདག་རྐྱེན་ནི་རང་འབྲས་དབང་ཤེས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་པར་ལ་དབང་བྱེད་པའི་དབང་པོའོ། །དམིགས་རྐྱེན་ནི་རང་འཛིན་ཤེས་པ་རང་གི་རྣམ་ལྡན་དུ་དངོས་སུ་སྐྱེད་པར་བྱེད་པའི་དོན་གང་ཡིན་པའོ། དེ་མ་ཐག་རྐྱེན་ནི་ཤེས་པ་གཞན་གྱིས་བར་མ་ཆོད་པའི་རང་གི་སྔ་ལོགས་ཀྱི་ཤེས་པ་གང༌། རང་ཉིད་མྱོང་བའི་ངོ་བོར་སྐྱེད་བྱེད་དོ། །འདི་པའི་ལུགས་ལ་དམིགས་རྐྱེན་དང་གཟུང་དོན་གཉིས་ཡིན་ཁྱབ་མཉམ་ཡིན་ནོ། །གསུམ་པ་དེའི་ཡན་ལག་རྟགས་ཀྱི་རྣམ་བཞག་བཤད་པ་ལ། རྣམ་འགྲེལ་ལས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །ཅེས་སོགས་གསུངས་པ་ལྟར།ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་ངོ་བོ་དང༌། དབྱེ་ན་འབྲས་རང་མ་དམིགས་པའི་རྟགས་གསུམ་དང༌། འབྲས་བུའི་རྟགས་ལ་ཡང༌། རྒྱུ་དངོས་སྒྲུབ་པ། རྒྱུ་སྔོན་སོང་སྒྲུབ་པ། རྒྱུའི་སྤྱི་སྒྲུབ་པ།རྒྱུའི་ཁྱད་པར་སྒྲུབ་པ། རྒྱུའི་ཆོས་དཔོག་པའི་འབྲས་རྟགས་ཏེ་ལྔའོ། །རང་བཞིན་གྱི་རྟགས་ལ།ཁྱད་པར་དག་པ་པའི་རང་བཞིན་གྱི་རྟགས་དང༌། ཁྱད་པར་ལྟོས་པ་པའི་རང་བཞིན་གྱི་རྟགས་གཉིས།ཕྱི་མ་ལ་ཁྱད་པར་གྱི་ཆོས་རྫས་གཞན་འཕེན་པ་དང༌། རྫས་གཞན་མ་ཡིན་པ་འཕེན་པ་གཉིས་རྣམས་སོ། །མ་དམིགས་པའི་རྟགས་ལ། མི་སྣང་བ་མ་དམིགས་པའི་རྟགས་དང༌། སྣང་རུང་མ་དམིགས་པའི་རྟགས་གཉིས། ཕྱི་མ་ལ་འབྲེལ་ཟླ་མ་དམིགས་པ་དང༌། འགལ་ཟླ་དམིགས་པ་གཉིས། དེའི་དང་པོ་ལ། རྒྱུ། ཁྱབ་བྱེད། རང་བཞིན། དངོས་འབྲས་མ་དམིགས་པ་སྟེ་བཞི། ཕྱི་མ་ལ། རང་བཞིན་འགལ་དམིགས། འགལ་འབྲས་དམིགས་པ། རྒྱུ་འགལ་དམིགས། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ། ཁྱབ་བྱེད་འགལ་དམིགས། འབྲས་བུ་འགལ་དམིགས་ཏེ་དྲུག་གོ། དེ་ལྟར་ན་དགག་རྟགས་བཅུར་གྲངས་ངེས་པ་ཡང་རྣམ་ངེས་ལས། དེ་ལྟར་ན་མ་དམིགས་པ་འདི་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་ཡིན་ནོ། །ཞེས་པའི་དོན་དུ་རྒྱལ་ཚབ། མཁས་གྲུབ། རྗེ་དགེ་འདུན་གྲུབ་རྣམས་ཀྱིས་མཐའ་གཅོད་པ་དང་བཅས་ཤིན་ཏུ་རྒྱས་པར་གསུངས་པས་དེ་ལས་གཞན་དུ་གྲངས་མང་པོར་འཆད་པ་ནི་སྙིང་པོ་མེད་པ་ཁོ་ནའོ། །གཞན་ཡང་ཕུང་ཁམས་སྐྱེ་མཆེད་དང་ཤེས་བྱ་གཞི་ལྔའི་འདོད་ཚུལ་ཕལ་ཆེར་སྔར་དང་འདྲ་ཞིང་སེམས་བྱུང་ང་གཅིག་ལྡན་མིན་ཉེར་གསུམ་སོགས་ཀྱི་འདོད་ཚུལ་དང༌།འདུས་མ་བྱས་ཀྱི་དབྱེ་བ་སོགས་ཁྱད་པར་རྣམས་ནི་གཞན་དུ་བལྟ་བར་བྱའོ། །

    ༢ ལམ་གྱི་རྣམ་བཞག་བསྟན་པ།

    གཉིས་པ་ལམ་ལ། བྱང་ཕྱོགས་སོ་བདུན། མཐར་གནས་སྙོམས་འཇུག་དགུ། ཕར་ཕྱིན་དྲུག ཞུགས་གནས་བརྒྱད་སོགས་ཀྱི་རྣམ་བཞག་འདི་པས་ཀྱང་འདོད་ཅིང་ཉན་རང་བྱང་སེམས་གསུམ་གྱི་ལམ་གྱི་ཁྱད་པར་ལ། བདག་མེད་རྟོགས་པའི་ཚུལ་ལ་མི་འདྲ་བ་མེད་ཀྱང་སྙིང་རྗེ་ཆེན་པོ་སོགས་ཐབས་ཀྱི་ཆ་མི་འདྲ་བས་ཕྱེ་བར་འདོད་དོ། །ལམ་གྱི་ཡུལ་བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་གི་རྣམ་བཞག་གཏན་ལ་འབེབས་པ་ནི་ལམ་གྱི་སྙིང་པོར་མེད་དུ་མི་རུང་བས་དེའི་ཚུལ་ཅུང་ཟད་་་་་་བཤད་ན། ཐོག་མར་གང་ཟག་གི་བདག་མེད་གཏན་ལ་འབེབས་ཚུལ་ནི། རང་གི་ཕུང་པོ་དང་རང་བཞིན་གཅིག་དང་ཐ་དད་གང་དུའང་མེད་ན་རང་བཞིན་མེད་པས་ཁྱབ། དཔེར་ན་རི་བོང་གི་རྭ་བཞིན།ཚོགས་རྒྱུན་གང་ལའང་བཏགས་པ་ཙམ་མ་ཡིན་པའི་གང་ཟག་རང་རྐྱ་བ་དེའང་ཕུང་པོ་དང་རང་བཞིན་གཅིག་ཐ་དད་གང་དུའང་མ་གྲུབ་བོ། །ཞེས་བྱ་བ་ནི་ཁྱབ་བྱེད་མ་དམིགས་པའི་རྟགས་སོ། །གཏན་ཚིགས་འདི་དོན་དང་ཐ་སྙད་གཉིས་ཀྱི་ནང་ནས་ཐ་སྙད་སྒྲུབ་ཡིན་པར་བཞེད་དོ། །

    གལ་ཏེ་གཏན་ཚིགས་འདི་ནི་གཏན་ཚིགས་ཡང་དག་ཏུ་མི་རིགས་ཏེ། རྟགས་ཀྱིས་གཞི་ཆོས་ཅན་བཀག་པའི་ཕྱིར། དེས་ན་རྟགས་དང་ཆོས་ཚོགས་པའང་ཁེགས་པས་དམ་བཅའ་ཚད་མས་བསལ་བ་དང༌། རྟགས་ཕྱོགས་ཆོས་མ་གྲུབ་པར་འགྱུར་པའི་ཕྱིར་རོ། །ཞེ་ན། སྐྱོན་མེད་དེ། རྟགས་ཆོས་གཉིས་རྣམ་པར་བཅད་ཙམ་ཡིན་པ་ལ་གཞི་མ་གྲུབ་པ་དེ་ལྟ་བུ་ཆོས་ཅན་དུ་རུང་བའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་། སློབ་དཔོན་ཕྱོགས་ཀྱི་གླང་པོས། མངོན་སུམ་དོན་དང་རྗེས་དཔག་དང༌། ། ཡིད་ཆེས་གྲགས་པས་རང་རྟེན་ལའོ། །ཞེས་གསུངས་པའི་དོན། དཔལ་ལྡན་ཆོས་ཀྱི་གྲགས་པས་འཆད་པའི་ཚེ། བསྒྲུབ་བྱའི་ཆོས་རང་གི་རྟེན་གྱི་ཆོས་ཅན་དང་། དེ་གཉིས་ཚོགས་པ་བསལ་ན་གཏན་ཚིགས་ཀྱི་སྐྱོན་ཡིན་པར་བསྟན་པའི་དོན་དུ་རང་རྟེན་ཞེས་གསུངས་པ་ཡིན་གྱི་ཆོས་ཅན་འབའ་ཞིག་པ་དང༌།བསྒྲུབ་བྱའི་ཆོས་གཉིས་ཚོགས་པའི་ཚོགས་དོན་བསལ་ཡང་སྐྱོན་མ་ཡིན་པར་བཤད་དོ། །ཆོས་ཅན་འབའ་ཞིག་པ་ཞེས་པ་ནི་ཆོས་ཅན་དུ་སྨྲས་ཀྱང་སྐབས་དེའི་བསྒྲུབ་བྱའི་ཆོས་ཀྱི་རྟེན་མིན་པས་ཆོས་ཅན་ཡན་གར་བར་སོང་བའི་དོན་ནོ། །

    གཏན་ཚིགས་འགོད་པའི་སྐབས་སུ་རྩོད་གཞིར་གང་བྱུང་དེ་ཉིད་ལ་ཕྱོགས་ཆོས་འགྲུབ་དགོས་ན་ཆོས་ཅན་འབའ་ཞིག་པ་དང༌། རང་རྟེན་གྱི་ཆོས་ཅན་གཉིས་སུ་འབྱེད་པའི་དོན་མེད་དོ། །དེའི་ཕྱིར་བདག་དང་གཙོ་བོ་སོགས་འགོག་པའི་ཚེ་རང་ལྡོག་ནས་དགག་དགོས་པས་རང་རྒྱུད་ཀྱི་སྦྱོར་བའི་རྩོད་གཞིར་གཟུང་དགོས་པ་དང༌། དེའི་ཚེ་དེ་དག་དངོས་མེད་་དུ་སྒྲུབ་པའི་རྟགས་ཀྱིས་ཆོས་ཅན་བཀག་ཀྱང་སྐྱོན་དུ་མི་འགྱུར་ཏེ། བསྒྲུབ་བྱ་བདག་དང་གཙོ་བོ་སོགས་མེད་པར་རྟོགས་པའི་རྗེས་དཔག་སྐྱེ་བ་ལ་དེ་ཉིད་ཐབས་ཡང་དག་པར་འགྱུར་བའི་ཕྱིར་རོ། །

    དེས་ན་མཁས་གྲུབ་ཐམས་ཅད་མཁྱེན་པ་ནི། དེ་ལྟ་བུའི་རྟགས་ལ་ནི། ཆོས་ཅན་དང་མེད་ངེས་ཀྱི་ཚོགས་དོན་བསྒྲུབ་བྱ་ཡིན་པས་ཆོས་ཅན་གཞི་མ་གྲུབ་པ་ཉིད། དམ་བཅའ་ཚད་མས་གྲུབ་པའི་སྒྲུབ་བྱེད་ཡིན་པས་སྐྱོན་མེད་ལ། གཞི་མ་གྲུབ་ཀྱང་རྟགས་ངེས་པའི་ཤེས་འདོད་ཆོས་ཅན་ཡིན་པ་མི་འགལ་ཏེ། གཞི་མ་གྲུབ་ཀྱང་ཁྱབ་པ་ངེས་པའི་མཐུན་དཔེ་ཡིན་པ་མི་འགལ་བ་བཞིན་ནོ། །དེས་ན་རང་རྟེན་ལའོ་ཞེས་པ་ཡང་རང་གི་རྟེན་དུ་གཞི་གྲུབ་པའི་ཆོས་ཅན་དགག་ན་རྟགས་ཀྱི་སྐྱོན་དུ་སྟོན་པ་ཡིན་གྱི་ཆོས་ཅན་ཡོད་པ་བཀག་ཙམ་རྟགས་ཀྱི་སྐྱོན་དུ་སྟོན་པ་མིན་ནོ། །དེའི་ཕྱིར་བདག་དང་གཙོ་བོ་སོགས་ཁོ་ན་ཆོས་ཅན་དུ་འཛིན་གྱི་དེ་དག་གི་སྒྲ་དོན་ཆོས་ཅན་དུ་མི་འཛིན་པར་གསུངས་སོ། །

    རྒྱལ་ཚབ་ཐམས་ཅད་མཁྱེན་པས་ནི་ཕྱི་རྒོལ་གྱིས་གང་ཟག་རང་རྐྱ་བ་དང༌། དེར་སྣང་བ་གཉིས་གཅིག་ཏུ་འཁྲུལ་ནས་ཤེས་འདོད་ཞུགས་ཤིང་སྣང་བའི་སྒྲ་དོན་གྱི་སྟེང་དུ་རྟགས་ཚད་མས་གྲུབ་ལ། གང་ཟག་རང་རྐྱ་བ་ཆོས་ཅན་དུ་མ་བཟུང་ན་གང་ཟག་གི་བདག་རང་ལྡོག་ནས་མི་ཁེགས་ཤིང་ཕྱིར་རྒོལ་གྱིས་དེར་སྣང་གི་སྒྲ་དོན་དང་གཅིག་ཏུ་ཞེན་ནས་འཇུག་པས་སྒྲ་དོན་ཆོས་ཅན་དུ་མི་རུང་བའི་སྐྱོན་ཡང་མེད་དོ། །དེས་ན་རྟགས་ཡང་དག་ཡིན་ན་ཤེས་འདོད་ཆོས་ཅན་གཞི་གྲུབ་པས་ཁྱབ་ཀྱང༌། ཏགས་ཡང་དག་གི་ཤེས་འདོད་ཆོས་ཅན་ཡིན་ན་གཞི་གྲུབ་པས་མ་ཁྱབ་བོ། །ཞེས་གསུངས་སོ། །

    དེ་ལ་རྗེ་ཐམས་ཅད་མཁྱེན་པའི་སྲས་ཀྱི་་ཐུ་བོ་གཉིས་ཀྱི་བཞེད་པ་ནི་ཤིན་ཏུ་ཟབ་པས་བདག་ལྟ་བུས་འདི་འཐད་དང་འདི་མི་འཐད་ཅེས་པའི་རྣམ་བཞག་བྱེད་ག་ལ་ནུས། འོན་ཀྱང་རྗེ་ཐམས་ཅད་མཁྱེན་པ་རང་ཉིད་ཀྱིས་དབུ་མ་རྒྱན་གྱི་ཟིན་བྲིས་སུ་དོན་འདི་གསལ་བར་བཀའ་སྩལ་བ་རྣམས་ནི་ཕྱོགས་ཕྱི་མ་དང་མཐུན་ཤས་ཆེ་ཞིང་གོ་བ་སྟེར་ཕུལ་ཤིན་ཏུ་ཆེ་བར་འདུག་པས་གསུང་ཇི་ལྟ་བ་བཞིན་དུ་ཡི་གེ་མ་ཉམས་པར་དགོད་པར་བྱ་སྟེ།

    དེ་ཉིད་ལས། ཕྱོགས་གླང་གིས་གསུངས་པའི་དོན་རྣམ་འགྲེལ་ལས། དཔག་བྱ་དཔོག་པར་བྱེད་པ་ཡི། །དོན་གྱི་ཐ་སྙད་གནས་པ་འདི། །ཤེས་པ་ལ་གྲུབ་ཐ་དད་ལ། །བརྟེན་ནས་རྣམ་པར་བརྟགས་པ་ཡིན། །ཞེས་གསུངས་པ་ལྟར་གཞི་དངོས་པོ་དགོས་པ་བྱས་པས་སྒྲ་མི་རྟག་པ་དང༌།དུ་བ་ལ་མེ་ཡོད་དུ་བསྒྲུབ་པ་ལ་ཡང་རྟོག་པ་ལ་སྒྲ་དང་ལ་གཉིས། དེ་གཉིས་མ་ཡིན་ལས་ལོག་པར་སྣང་བའི་དོན་ཉིད་དགག་སྒྲུབ་ཀྱི་དངོས་རྟེན་ཡིན་གྱི་སྒྲ་དང་ལ་ཉིད་དངོས་ཀྱི་རྟེན་མིན་ཏེ། དགག་སྒྲུབ་བྱེད་པའི་རྟོག་པ་ལ་དངོས་སུ་མི་སྣང་བའི་ཕྱིར་དང༌། ཆོས་གཅིག་ཅིག་བསྒྲུབས་ན་དེའི་ཆོས་ཐམས་ཅད་གཅིག་ཅར་དུ་བསྒྲུབ་པར་འགྱུར་བའི་ཕྱིར་རོ། །

    འོན་ཀྱང་དེ་ལྟར་སྣང་བའི་སྣང་གཞི་ནི་སྒྲ་དང་ལ་ཡིན་པས་གཞི་དངོས་པོར་གྱུར་པ་དགོས། གཞི་ཆོས་ཅན་དངོས་པོ་ཡིན་པ་མི་དགོས་པ་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་རྩོད་གཞིར་བཟུང་བ་ལ་ཡང་རྟོག་པ་ལ་གཙོ་བོ་དང་དབང་ཕྱུག་མ་ཡིན་པ་ལས་ལོག་པར་སྣང་བ་ནི་ཡོད་ལ། དེ་ཉིད་ལ་དམིགས་ནས་དངོས་པོར་མེད་ཅེས་བསྒྲུབ་པས་གཞི་དེ་ལ་ཕྱིར་རྒོལ་ལ་ཤེས་འདོད་དང༌། སྔར་རྒོལ་ལ་དཔག་འདོད་མེད་པའི་སྐྱོན་མེད་ལ། སྣང་གཞི་དངོས་པོར་མེད་པ་དོན་བྱེད་ནུས་སྟོང་དང༌། སྣང་གཞི་བདེན་པར་ཡོད་པ་བདེན་པའི་གཅིག་དུ་བྲལ་གྱིས་བཀག་པ་ན། རྟགས་དེ་གཉིས་གཙོ་བོ་དང་དབང་ཕྱུག་མ་་ཡིན་པ་ལས་ལོག་པར་སྣང་བ་དེ་ཉིད་ལ་འགྲུབ་ལ། དེ་ཉིད་བསྒྲུབ་བྱའི་ཆོས་གང་གི་ཆོས་སུ་འཇོག་པའི་ཆོས་ཅན་དང༌། ཕྱོགས་ཀྱི་ཆོས་གང་གི་ཆོས་སུ་བཞག་པའི་ཕྱོགས་སུ་བཏགས་པ་ཉིད་ཡིན་པས་ཆོས་ཅན་འབའ་ཞིག་པ་བཀག་པས་ཀྱང་ཕྱོགས་ཆོས་མི་འགྲུབ་པའི་སྐྱོན་མེད་དོ། །

    བྱས་པས་སྒྲ་མི་རྟག་པར་བསྒྲུབ་པ་ན། རྟོག་པ་ལ་སྒྲ་མ་ཡིན་ལས་ལོག་པར་སྣང་བའི་སྣང་བའི་རང་ལྡོག་དངོས་པོར་མེད་པས། བྱས་པ་རྟགས་དེ་ལ་འགྲུབ་པ་མིན་གྱི། །སྣང་གཞི་སྒྲ་ལ་གྲུབ་དགོས་ཏེ།དངོས་པོ་རྟགས་དང་བསྒྲུབ་བྱའི་ཆོས་སུ་བྱེད་པའི་གནད་ཀྱིས་སོ། །དོན་བྱེད་པས་སྟོང་པ་དང་དུ་བྲལ་རྟགས་སུ་བྱེད་པའི་ཚེ་ན། སྣང་གཞི་དང་སྣང་ལྡོག་གཉིས་ཀ་རྟགས་དེ་ཡིན་པར་གྲུབ་ཅིང༌། སྣང་གཞི་རྟགས་དེ་ཡིན་པར་གྲུབ་ན། དེ་བཀག་ཀྱང་སྣང་ལྡོག་སྒྲུབ་ཆོས་དང་ཕྱོགས་ཆོས་ཀྱི་ཆོས་གཉིས་བརྟེན་པའི་ཆོས་ཅན་དུ་འགྲུབ་བོ། །འདི་ནི་སྙིང་པོ་བསྡུས་པ་སྟེ། རྒྱས་པར་དབུ་མ་སྣང་བ་ལས་ཤེས་དགོས་སོ། །ཞེས་གསུངས་སོ། །གསུངས་འདི་དག་ཤིན་ཏུ་བརླིང་ཞིང་དོན་ཆེ་བར་ཡོད་པས་འབྲུ་ནོན་ཞིབ་ཏུ་བྱ་དགོས་མོད་ཀྱང་འདིར་ནི་སྐབས་དོན་སྒྲིབ་པར་འགྱུར་བས་མ་བྲིས་ལ། དོན་དུ་འགྱུར་ན་གཞན་དུ་འཆད་པར་འདོད་དོ། །

    མདོར་ན་ཡབ་སྲས་གསུམ་གྱི་བཞེད་པ་གུང་བསྒྲིགས་ན་རྟགས་ཆོས་རྣམ་པར་བཅད་ཙམ་ལ་གཞི་ཆོས་ཅན་གཞི་གྲུབ་མི་དགོས་པས་བདག་དང་གཙོ་བོ་སོགས་ཉིད་ཆོས་ཅན་དུ་བཞག་པས་ཆོག་ལ། ཕྱིར་རྒོལ་གྱི་རྒྱུད་ལ་རྗེས་དཔག་སྐྱེ་བའི་ཚེ་རྟགས་དངོས་སུ་སྒྲ་དོན་གྱི་སྟེང་དུ་འགྲུབ་ཅིང་དེས་སྨྲས་པའི་ཆོས་ཅན་ཁེགས་པར་འགྱུར་པས། བདག་མེད་རྟོགས་པའི་རྗེས་དཔག་སྐྱེད་པ་ལ་ཡོན་ཏན་ཁོ་ན་འབྱུང་གི་སྐྱོན་མི་འབྱུང་བ་དང༌། དགག་སྒྲུབ་ཀྱི་དངོས་རྟེན་སྒྲ་དོན་དེ་ཉིད་ཀྱང་ཆོས་ཅན་བཏགས་པ་པར་བཞག་པས་ཆོག་པ་ཡིན་ནོ། །

    བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་ལ་མི་མཚུངས་ཉེ། རྟགས་ཆོས་དངོས་པོ་ཡིན་པས་སྒྲའི་སྒྲ་དོན་གྱི་སྟེང་དུ་འགྲུབ་ཏུ་མི་རུང་བའི་ཕྱིར་རོ། །ཞེས་པ་འདི་ཡབ་སྲས་གསུམ་གྱི་དགོངས་པ་རྨ་མེད་པའོ།།འདི་དག་ནི་མདོ་སྡེ་པ་ཡན་ཆད་ཀྱི་རང་སྡེ་མཐའ་དག་གི་འདོད་ཚུལ་ཐུན་མོང་བ་ཡིན་ལ་རྟགས་ཆོས་དོན་་གསུམ་གྱི་སྒྲུབ་ཚུལ་ཐལ་འགྱུར་པ་ལ་ཞིབ་ཆ་ཅུང་ཟད་དགོས་སོ། །དོན་འདི་དབུ་མ་སྣང་བ་ལས་བཤད་ཚུལ་སོགས་ནི་འོག་ཏུ་འཆད་དོ། །

    རྟགས་འདིའི་ཁྱབ་པ་སྒྲུབ་ཚུལ་ནི། རང་བཞིན་གཅིག་དང་ཐ་དད་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་དངོས་འགལ་དུ་ངེས་པའི་ཚད་མས་དགག་བྱའི་ཆོས་ལ་རྟགས་ལོག་གི་ཁྱབ་པ་ངེས་ཤིང༌། ཕྱོགས་ཆོས་ངེས་པའི་ཚད་མ་དང་གཉིས་སྡོམ་པའི་བྱེད་པས་རྟགས་མི་མཐུན་ཕྱོགས་ལས་ལྡོག་པ་དང༌།མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པའི་རྗེས་ཁྱབ་ངེས་པར་བྱེད་པ་ཡིན་ནོ། །ཕྱོགས་ཆོས་ནི། ཕུང་པོ་དང་གང་ཟག་རང་རྐྱ་བ་རང་བཞིན་ཐ་དད་དུ་མེད་པ་དབང་རྣོན་གྱིས་མངོན་སུམ་གྱིས་འགྲུབ་ཅིང་དབང་རྟུལ་གྱིས་རང་བཞིན་མ་དམིགས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་ངེས་སོ། །

    རང་བཞིན་གཅིག་ཏུ་མ་གྲུབཱ་པར་སྒྲུབ་པ་ལ་རྟགས་དགོད་པ་ནི། རང་རྒྱུད་ཀྱི་ཕུང་པོ་འདི་གང་ཟག་རང་རྐྱ་བ་དང་རང་བཞིན་གཅིག་ཏུ་མེད་དེ། མི་རྟག་ཅིང་གཞན་དབང་ཅན་ཡིན་པའི་ཕྱིར་རོ། ཁྱབ་སྟེ། གང་ཟག་རང་རྐྱ་བ་ཡིན་ན་རྟག་པ་དང་རང་དབང་ཅན་ཡིན་པའི་ཕྱིར་རོ། ། རྟགས་སྒྲུབ་པ་ནི། རང་རྒྱུད་ཀྱི་ཕུང་པོ་ཆོས་ཅན། གཞན་དབང་ཅན་ཡིན་ཏེ། ལས་ཉོན་གྱིས་འདུས་བྱས་པའི་ཕྱིར། དེ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། འདིའི་ཁྱབ་པ་སྒྲུབ་པ་ནི། རྗེས་ཁྱབ་སྒྲུབ་བྱེད་ལྟོས་མེད་ཀྱི་རྟགས་དང༌། ལྡོག་ཁྱབ་སྒྲུབ་བྱེད་གནོད་པ་ཅན་གྱི་རྟགས་ལ་བརྟེན་ནས་སྒྲུབ་དགོས་ཏེ་མ་སྤྲོས་སོ། །གཅིག་དུ་བྲལ་གྱི་གཏན་ཚིགས་འདིའི་ཕྱོགས་ཆོས་དང༌། ཁྱབ་པ་སྒྲུབ་ཚུལ་དང༌། དོན་དང་ཐ་སྙད་སྒྲུབ་གང་ཡིན་པ་སོགས་ཀྱི་རྣམ་བཞག་ཞིབ་པར་ཤེས་དགོས་མོད། དེང་སང་ནི་དབུ་ཕར་གྱི་ཡིག་ཆ་རྩོམ་པ་པོ་ཕལ༌མོ་ཆེ་ཞིག་གིས་གཏན་ཚིགས་འདིའི་སྐོར་ལ་ཤོག་བུ་གང་མང་བྲིས་འདུག་ཀྱང་གནད་དོན་ཇི་བཞིན་ཕིགས་པ་དཀའ་བར་བྱུང་སྣང་ན། དེ་དག་གི་རྗེས་སུ་འབྲངས་པའི་བློ་ཆུང་གཞན་གྱི་གཡམ་ལ་རྒྱུག་པ་དག་གིས་གཅིག་དུ་བྲལ་གྱི་གཏན་ཚིགས་ཅེས་བྱང་བའི་མ་ཎི་འདྲེན་པ་ལྟར་འདོན་ཀྱང་དོན་ཇི་བཞིན་གོ་བ་ལྟ་ག་ལ་ཞིག །དེ་དག་གི་རྣམ་བཞག་ཅུང་ཟད་ཙམ་ནི་རང་རྒྱུད་པའི་སྐབས་སུ་འཆད་པར་འགྱུར་རོ། །

    ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། དེ་ལྟར་ལམ་གྱི་གཙོ་བོ་ནི་བདག་མེད་རྟོགས་པའི་ཤེས་རབ་ཉིད་ཡིན་ལ། དེ་ཡང་ལུགས་འདིས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་གིས་དབེན་པའི་འདུ་བྱེད་དངོས་སུ་རྟོགས་ཤིང་བདག་བཀག་པའི་མེད་དགག་ནི་ཤུགས་ལ་རྟོགས་པར་འདོད་དོ། །བདེན་པའི་རྣམ་པ་བཅུ་དྲུག་གི་རྣམ་བཞག་མདོ་ཙམ་ནི་འདི་ལྟར་ཡིན་ཏེ། སྡུག་བསྔལ་བདེན་པ་ལ་བརྟེན་པའི་ལོག་རྟོག་གཙང་བདེ་རྟག་བདག་ཏུ་འཛིན་པ་བཞིའི་གཉེན་པོར། མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པའི་རྣམ་པ་བཞི། སྒྲུབ་བྱེད་ཀྱི་གཏན་ཚིགས་ནི། རིམ་པ་བཞིན་ཉེར་ལེན་གྱི་ཕུང་པོ་དེ་སྐད་ཅིག་རེ་རེ་ཞིང་འཇིག་པའི་ཕྱིར་དང༌། ལས་ཉོན་གྱི་གཞན་དབང་ཅན་ཡིན་པའི་ཕྱིར་དང༌། དོན་གཞན་གྱི་བདག་གིས་སྟོངས་པའི་ཕྱིར་དང༌། རང་གི་ངོ་བོར་གྱུར་པའི་བདག་མེད་པའི་ཕྱིར་ཞེས་པའོ། །

    ཀུན་འབྱུང་བདེན་པ་ལ་བརྟེན་པའི་ལོག་རྟོག །སྡུག་བསྔལ་རྒྱུ་མེད་དུ་འཛིན་པ་དང༌། རྒྱུ་གཅིག་པུ་འབའ་ཞིག་ལས་སྐྱེ་བར་འཛིན་པ་དང༌། སྒྲའི་ཚངས་པ་འགྱུར་བས་བྱས་པར་འྭཛིན་པ་དང༌། དབང་ཕྱུག་སོགས་ཀྱི་བློ་སྔོན་དུ་བཏང་ནས་བྱས་པར་འཛིན་པ་བཞིའི་གཉེན་པོར། རྒྱུ། ཀུན་འབྱུང༌། རབ་་སྐྱེ། རྐྱེན་གྱི་རྣམ་པ་བཞི། སྒྲུབ་བྱེད་ནི། ཟག་བཅས་ཀྱི་ལས་དང་སྲེད་པ་ནི་རང་འབྲས་སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར་དང༌། སྡུག་བསྔལ་རྣམ་པ་ཐམས་ཅད་པ་ཡང་དང་ཡང་དུ་སྐྱེད་པའི་ཕྱིར་དང་། སྡུག་བསྔལ་ཤུགས་དྲག་པར་སྐྱེད་པའི་ཕྱིར་དང༌། སྲིད་པའི་སྲེད་པ་ནི་སྡུག་བསྔལ་གྱི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར་ཞེས་པའོ། །འགོག་པའི་བདེན་པ་ལ་བརྟེན་པའི་ལོག་རྟོག་ཐར་པ་ཡེ་མེད་དུ་འཛིན་པ་དང༌། ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་པར་འཛིན་པ་དང༌།སྡུག་བསྔལ་འགག་པ་ལས་ལྷག་པའི་ཐར་པ་ཡོད་པར་འཛིན་པ་དང༌། རེ་ཞིག་ཐར་ཡང་གཏན་དུ་ཐར་པ་མི་སྲིད་པར་འཛིན་པ་བཞིའི་གཉེན་པོར། འགོག་པ། ཞི་བ། གྱ་ནོམས། ངེས་འབྱུང་གི་རྣམ་པ་བཞི། སྒྲུབ་བྱེད་ནི།རིམ་པ་བཞིན་དུ། གཉེན་པོའི་སྟོབས་ཀྱིས་སྡུག་བསྔལ་གཏན་ཟད་པའི་བྲལ་བ་དེ་ནི་སྡུག་བསྔལ་སྤངས་པའི་བྲལ་བ་ཡིན་པའི་་ཕྱིར་དང༌། ཉོན་མོངས་སྤངས་པའི་བྲལ་བ་ཡིན་པའི་ཕྱིར་དང༌། དེ་ལས་མཆོག་ཏུ་གྱུར་པའི་ཕན་བདེའི་ངོ་བོར་གྱུར་པ་གཞན་གྱུར་པའི་ཐར་པ་ཡིན་པའི་ཕྱིར་དང༌། ཐོབ་་ནས་སླར་མི་ལྡོག་པའི་ཆོས་ཅན་གྱི་ཐར་པ་ཡིན་པའི་ཕྱིར་ཞེས་པའོ། །ལམ་གྱི་བདེན་པ་ལ་བརྟེན་པའི་ལོག་རྟོག་ཐར་ལམ་གཏན་མེད་དུ་འཛིན་པ་དང༌། ཐར་ལམ་ཡང་དག་པ་ཐར་ལམ་མ་ཡིན་པར་འཛིན་པ་དང༌། བདག་མེད་རྟོགས་པའི་ཤེས་རབ་ཡུལ་ལ་ལོག་པར་ཞུགས་པར་འཛིན་པ་དང༌། དེ་སྡུག་བསྔལ་གཏན་དུ་ཟད་བྱེད་མ་ཡིན་པར་འཛིན་པ་བཞིའི་གཉེན་པོར། ལམ།རིག་པ། སྒྲུབ་པ། ངེས་འབྱིན་གྱི་རྣམ་པ་བཞི། སྒྲུབ་བྱེད་ནི། རིམ་པ་བཞིན་དུ། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེ་ཐར་པར་བགྲོད་པར་བྱེད་པ་ཡིན་པའི་ཕྱིར་དང༌། ཉོན་མོངས་པའི་དངོས་གཉེན་ཡིན་པའི་ཕྱིར་དང༌། སེམས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར་དང༌། རྟག་པའི་གནས་སུ་གདོན་མི་ཟ་བར་ཕྱིན་པར་བྱེད་པའི་ཕྱིར་ཞེས་པའོ། །

    གསུམ་པ་འབྲས་བུའི་རྣམ་བཞག་ནི། ཉན་ཐོས་དང་རང་རྒྱལ་དགྲ་བཅོམ་པ་རྣམས་སྤངས་རྟོགས་ལས་ཉམས་པ་མི་སྲིད་པ་དང༌། བྱང་སེམས་འཕགས་པ་ལ་མཉམ་བཞག་པས་ཁྱབ་པ་དང༌། ལྷག་མེད་མྱང་འདས་གསུམ་ཀའི་ཚེ་བེམ་རིག་རྒྱུན་ཆད་པར་ཕལ་མོ་ཆེས་འདོད་ཀྱང་རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་ལ་ཞིབ་ཆ་དགོས་སམ་སྙམ། ཆོས་སྐུ་དང་གཟུགས་སྐུ་གཉིས་ཀ་སངས་རྒྱས་ཡིན་པར་འདོད་ལ།ཆོས་འཁོར་ནི་བདེན་བཞིའི་ཆོས་འཁོར་ཁོ་ནར་འདོད་ཅིང་ལུང་དང་རྟོགས་པའི་ཆོས་འཁོར་གཉིས་ཀ་འདོད་དོ། །བདེན་བཞི་ལ་ལན་གསུམ་དུ་བཟླས་ཤིང་རྣམ་པ་བཅུ་གཉིས་སུ་བསྐོར་ཚུལ་ནི་བྱེ་སྨྲ་དང་མི་འདྲ་སྟེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་སོགས་བཞི་ནི་ངོ་བོ་ལ་བཟླས་པ་དང་།ཤེས་པར་བྱ། སྤང་བར་བྱ། མངོན་དུ་བྱ། བསྒོམ་པར་བྱ། ཞེས་པ་བྱ་བ་ལ་བཟླས་པ་དང༌། ཤེས་སོ། སྤངས་སོ། །མངོན་དུ་བྱས་སོ། །བསྒོམ་མོ་ཞེས་པ་བྱེད་པ་ལ་བཟླས་པ་སྟེ་རྣམ་པ་བཅུ་གཉིས་ཀྱང་དེ་ཡིན་ནོ། །འདི་ནི་མདོ་སྡེ་པ་ཡན་ཆད་ཕལ་ཆེར་འདྲའོ། །དོན་སྨྲ་སྡེ་གཉིས་ཀྱིས་ཐེག་ཆེན་བཀར་ཁས་མི་ལེན་པས་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་སོགས་ཐེག་ཆེན་གྱི་མདོ་རྣམས་ཆོས་འཁོར་གྱི་མཚན་གཞིར་མི་འདོད་པ་སྔ་རབས་པ་རྣམས་ལ་གྲགས་ཤིང་བྱེ་མདོ་སྤྱི་ཙམ་ནི་དེ་ལྟར་འཐད་པར་རྗེ་ཡབ་སྲས་ཀྱང་བཞེད་མོད། འོན་ཀྱང་ཀླུ་སྒྲུབ་ཡབ་སྲས་བྱུང་བའི་རྗེས་ཀྱི་ཉན་ཐོས་སྡེ་པ་འགའ་ཞིག་གིས་ཤེར་ཕྱིན་སོགས་མདོ་ཡིན་པར་ཁས་ལེན་ཚུལ་རྒྱལ་ཚབ་ཐམས་ཅད་མཁྱེན་པའི་སྤྱོད་འཇུག་དར་་ཊིཀ་དང་རྒྱུ་བླང་དར་ཊིཀ་སོགས་སུ་གསུངས་པ་ལྟར་ཁས་བླང་བར་བྱའོ། །དེ་ལྟར་ན་ཡང་རྣམ་འགྲེལ་ལས། ཕུང་པོ་ལ་སོགས་བྱེ་བྲག་གིས། །མཚན་ཉིད་ཐམས་ཅད་བྱེད་པ་ཡི། །ཁྱད་པར་ཅན་དེའང་དེ་ཉིད་མིན། །དེས་ཀྱང་དེ་དག་མཚན་ཉིད་བྲལ། །ཞེས་པ་འདི་མདོ་སྡེ་པས་ཤེར་ཕྱིན་གྱི་མདོའི་དགོངས་པ་འགྲེལ་ཚུལ་དུ་འཆད་པ་ནི་འཐད་པར་མ་མཐོང་སྟེ། དེའི་ཐད་ཀྱི་ལྷ་དབང་བློ་དང་རྒྱན་མཁན་པོའི་འགྲེལ་པར་དོན་སྨྲ་དང་ཐུན་མོང་དུ་གསུངས་པ་ནི་ཚིགས་བཅད་འདིས་བསྟན་པའི་དོན་ཙམ་མདོ་སྡེ་པས་ཀྱང་ཁས་ལེན་པ་ལ་དགོངས་པ་ཡིན་པར་རྗེ་ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱིས་གསུངས་ཤིང༌། ཡ་མ་རིས་ཐེག་པ་ཐ་ཤལ་བའི་འདོད་ཚུལ་དུ་བཤད་པ་མཁས་གྲུབ་རྗེས་བཀག་པའི་ཕྱིར་དང༌། ཚིག་རྐང་ཐ་མའི་དེས་ཀྱང་ཞེས་པའི་ཚིག་གིས་སེམས་ཙམ་པས་བཤད་པའི་རྣམ་གྲངས་གཉིས་པ་ཞིག་ཡིན་པར་བསྟན་ཞེས་རྒྱལ་ཚབ་མཁས་གྲུབ་གཉིས་ཀས་བཤད་པའི་ཕྱིར་དང༌། ཁྱད་པར་དུ་རྗེའི་གསུང་བཞིན་དུ་རྒྱལ་ཚབ་རྗེས་བཀོད་པའི་ཚད་མའི་བརྗེད་བྱང་ཆེན་མོར་ཡང༌། ཚིགས་བཅད་དེའི་དོན་འགྲེལ་བའི་སྐབས་སུ་འདི་ལྟར་འབྱུང་སྟེ། ཚིགས་བཅད་གསུམ་པས་རང་བཞིན་མེད་པའི་དགོངས་པ་འདི་བཞིན་དུའང་བཤད་དུ་རུང་ངོ་ཞེས་པའི་འགྲེལ་ཚུལ་གཞན་འཆད་པ་ཡིན་གྱི་དེ་ཉིད་མདོ་སྡེ་པ་ལ་སྦྱོར་བ་མི་འཐད་དེ།ཉན་ཐོས་སྡེ་པ་ཕལ་ཆེར་ཐེག་པ་ཆེན་པོའི་མདོ་སྡེ་བཀར་མི་འདོད་པས་དེའི་དགོངས་པ་མི་འཆད་ཁ་མེད་མིན་པའི་ཕྱིར་དང༌། དེས་ཀྱང་དེ་དག་མཚན་ཉིད་བྲལ་ཞེས་པའི་ཀྱང་གི་སྒྲས་སྔ་མ་བསྡུས་པའི་ཕྱིར་རྣམ་རིག་པ་རང་གི་ལུགས་ཡིན་ནོ་ཞེས་གསལ་པར་གསུངས་པའི་ཕྱིར། དེས་ན་རྗེ་ཐམས་ཅད་མཁྱེན་པས་དྲང་ངེས་རྣམ་འབྱེད་དུ་ཚིགས་བཅད་དེ་དྲངས་པའི་མཇུག་ཏུ། འདི་ནི་ཉན་ཐོས་སྡེ་པ་དང་ཡང་ཐུན་མོང་པའོ་ཞེས་བཀའ་སྩལ་བའི་དོན་ཡང༌། ཚིགས་བཅད་དེའི་བསྟན་དོན་ཕུང་སོགས་རང་གི་མཚན་ཉིད་དང་བྲལ་ལུགས་དེ་ཉན་ཐོས་སྡེ་པས་ཀྱང་ཁས་བླང་དུ་རུང་བའི་དོན་ཡིན་གྱི་ཤེར་ཕྱིན་གྱི་དགོངས་པ་ལེན་ལུགས་ཉན་ཐོས་སྡེ་པ་དང་ཐུན་མོང་བར་བཤད་པ་མ་ཡིན་པས་ཚིག་ཙམ་ལ་ཆགས་པར་མི་བྱའོ། །

    དབུ་མ་རྒྱན་གྱི་རང་འགྲེལ་ལས། ཆོས་ཐམས་ཅད་དངོས་པོ་མེད་པ་དང་སྐྱེ་བ་མེད་པར་གསུངས་པའི་དོན་ཉན་ཐོས་སྡེ་པས་ཉུང་བ་དང་སྨད་པའི་དོན་དུ་འདོད་པར་བཤད་པ་ནི། དེ་དག་གིས་ཤེར་ཕྱིན་གྱི་མདོའི་དགོངས་པ་ལེན་ཚུལ་དུ་འགྲེལ་བཤད་ལས་བཤད་མོད། དེ་ནི་ཀླུ་སྒྲུབ་བྱུང་རྗེས་ཀྱི་ཉན་ཐོས་སྡེ་པར་མངོན་ནོ། །ཀ་མ་ལ་ཤི་ལས་ཆོས་ཐམས་ཅད་བདག་མེད་དོ་ཞེས་པའི་དོན་གནས་མ་བུ་པས་ཕུང་པོ་ལས་དོན་གཞན་པའི་བདག་མེད་པ་ལ་འདོད་པར་བཤད་པ་ནི་ཉན་ཐོས་སྡེ་གཉིས་ཀྱིས་ཤེར་ཕྱོགས་ཀྱི་མདོའི་དགོངས་པ་འགྲེལ་ཚུལ་དེ་ལྟར་བཤད་པ་མ་ཡིན་གྱི། ཉན་ཐོས་སྡེ་པ་རང་ལ་གྲགས་པའི་ལུང་ལས་བདག་མེད་པའི་ཚིག་བྱུང་བ་རྣམས་ཀྱི་དོན་འགྲེལ་ལུགས་བཤད་པའོ། །ལུགས་འདིས་ཆོས་ཕུང་ལ་ཆོས་འཁོར་གྱིས་ཁྱབ་པ་ཁས་མི་ལེན་པས་ཤེར་ཕྱིན་སོགས་ཐེག་ཆེན་གྱི་མདོ་ཁས་ལེན་པ་རེ་གཉིས་བྱུང་ཡང༌། མདོ་དེ་དག་ཆོས་འཁོར་དུ་འདོད་མི་དགོས་པར་མ་ཟད་བདེན་བཞི་ལ་ལན་གསུམ་དུ་བཟླས་ཤིང་རྣམ་པ་བཅུ་གཉིས་སུ་བསྐོར་བའི་མདོ་ཚིག་དེ་དག་མ་གཏོགས་ཐེག་དམན་གྱི་མདོ་གཞན་རྣམས་ཀྱང་་ཆོས་འཁོར་ཡིན་པར་མི་འདོད་དེ། བྱེ་མདོ་གཉིས་ཀྱིས་ཆོས་ཀྱི་འཁོར་ལོ་ཞེས་པའི་མིང་དོན་འཆད་ཚུལ་གྱིས་ཤེས་སོ། །དེས་ན་འདི་དག་གི་ལུགས་ལ་སངས་རྒྱས་ཀྱི་བཀའ་ཡིན་ན་ཆོས་འཁོར་ཡིན་པས་མ་ཁྱབ་བོ། །ཆོས་ཀྱི་ཕུང་པོའི་ཚད་ཀྱང་དུག་གསུམ་རེ་རེ་བ་དང་ཆ་མཉམ་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་རེ་ཡོད་པས་སྤྱོད་པ་རེའི་གཉེན་པོ་ཡོངས་སུ་རྫོགས་པ་རེ་གསུངས་པ་ལ་བྱ་ཞིང༌། ཆོས་ཕུང་དེ་དག་ཀྱང་གཟུགས་ཀྱི་ཕུང་པོས་བསྡུས་པར་འདི་པ་འདོད་དོ། །གོང་དུ་བཤད་པ་ལྟར་བདེན་མེད་ལ་སོགས་པ་གསུངས་པའི་དོན་སྒྲས་ཟིན་ལས་ཅུང་ཟད་དཀྱོགས་ཏེ་བཤད་པ་རེ་གཉིས་ཡོད་ལ། ཉན་ཐོས་སྡེ་གཉིས་ཕལ་མོ་ཆེས་སངས་རྒྱས་ཀྱི་བཀའ་ཡིན་ན་ངེས་པའི་དོན་ཅན་ཁོ་ན་ཡིན་པས་ཁྱབ་པར་འདོད་ཅིང་དྲང་ངེས་གཉིས་ཀ་འདོད་པ་ཡང་ཡོད་པར་རྟོག་གེ་འབར་བ་ལས་བཤད་དོ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག