མདུན་ཤོག- རིག་གནས་འཚོ་བ།- གསུང་འབུམ།

གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་སོ་སོའི་རྣམ་བཞག

རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།    2014-02-25 10:00

    ༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་སོ་སོའི་རྣམ་བཞག་རྒྱས་པར་བསྟན་པ།
     གཉིས་པ་སོ་སོའི་རྣམ་པར་བཞག་པ་ལ་གསུམ། གཞན་སྡེས་བརྟགས་པའི་མཐའ་དགག་པ། རང་སྡེའི་རྣམ་བཞག་སོ་སོར་བཤད་པ། དེ་དག་གིས་གྲུབ་པའི་དོན་ནོ། །དང་པོ་ལ་གསུམ། ཆད་སྨྲ་དགག་པ། རྟག་སྨྲ་དགག་པ། དོན་བསྡུ་བའོ། །དང་པོ་ལ་འདོད་པ་དགོད་པ་དང༌། དེ་དགག་པ་གཉིས།

    དང་པོ། གཞན་སྡེས་ཆད་པར་སྨྲ་བ་དགག་པ།

    དང་པོ་ནི།ཚེ་འདི་ལ་གང་ལེགས་ཙམ་གྱིས་ཆོག་པར་སྨྲ་བས་ཚུ་རོལ་མཛེས་པ།ཤི་བའི་ཚེ་བདག་རྒྱུན་ཆད་པར་སྨྲ་བས་ཆད་སྨྲ་བ། ལས་འབྲས་མེད་པར་སྨྲ་བས་མེད་སྨྲ་བ། དྲང་སྲོང་ཕུར་བུའི་རྗེས་སུ་འབྲངས་པས་ཕུར་བུ་པའམ་ལྷའི་བླ་མ་པ། ཡང་དག་པའི་ལྟ་བ་ལས་རིང་དུ་སོང་བས་རྒྱང་པན་པ། དངོས་པོ་རྣམས་རྒྱུ་མེད་པར་ངོ་བོ་ཉིད་ལས་བྱུང་བར་སྨྲ་བས་ངོ་བོ་ཉིད་སྨྲ་བའམ་རང་བཞིན་སྨྲ་བ་ཟེར་ལ། ཕྱི་མ་ཁ་ཅིག་འཇུག་སྟོབས་སྟོན་པར་སྨྲ་བས་འཇུག་སྟོབས་ཅན་པ་ཞེས་ཀྱང་གྲགས་སོ། །འདིའི་རྩ་བའི་གྲུབ་མཐའ་ནི་དྲང་སྲོང་འཇིག་རྟེན་མིག་ཞེས་བྱ་བས་གཞུང་ལུགས་འབུམ་ཕྲག་གཅིག་བརྩམས་པ་ལས་བྱུང་བར་སྤྱན་རས་གཟིགས་བརྟུལ་ཞུགས་དང་བྱང་ཆུབ་བཟང་པོ་སོགས་ཀྱིས་བཤད་དོ།།

    གྲུབ་མཐའི་དབྱེ་བ་ནི། སློབ་དཔོན་བྱང་ཆུབ་བཟང་པོས་རྣམ་རྟོག་གི་དབང་དུ་བྱས་པ་དང་གསང་ཚིག་གི་དབང་དུ་བྱས་པ་དང་ཆད་ལྟའི་དབང་དུ་བྱས་པ་གསུམ་བཤད་པའི། དང་པོ་གཉིས། སྒྲས་བརྗོད་རིགས་ཀྱིས་བཏགས་པ་ཙམ་ལས་རྒྱང་འཕེན་པ་དངོས་མིན་ལ། ལང་གཤེགས་ལས་རྒྱང་འཕེན་པ་བཅུ་གཅིག་གསུངས་པ་ཡང་ལྟ་བའི་ཁྱད་པར་ལ་བཏགས་པ་ཙམ་ལས་དངོས་མིན་ནོ། །དེས་ན་ས་སྡེ་ལས་བསམ་གཏན་པ་དང་རྟོག་གེ་བ་གཉིས་བཤད་ལ། དེ་རེ་རེ་ལའང་སྐྱེ་བ་སྔ་ཕྱི་འདོད་ཀྱང་ལས་འབྲས་མི་འདོད་པའི་ཆད་སྨྲ་གཅིག་དང༌། སྐྱེ་བ་སྔ་ཕྱི་དང་ལས་འབྲས་གཏན་མི་འདོད་པའི་ཆད་སྨྲ་གཅིག་སྟེ་གཉིས་རེ་ཡོད་དོ།།

    གྲུབ་མཐའི་འདོད་ཚུལ་ནི། སྙོམས་འཇུག་པ་དག་གིས་བསམ་གཏན་དང་གཟུགས་མེད་སོགས་ཐོབ་པ་ན་རང་ཉིད་ལ་དགྲ་བཅོམ་པའི་འདུ་ཤེས་སྐྱེས་ལ་འཆི་བའི་ཚེ་ཏིང་ངེ་འཛིན་ལས་ཉམས་ནས་གནས་འོག་མར་སྐྱེ་བ་མཐོང་བ་ན་རྒྱུ་དེས་འཇིག་རྟེན་ན་དགྲ་བཅོམ་པ་དང་ལམ་མེད་དོ་སྙམ་ནས་སྐུར་བ་འདེབས་ལ། རྟོག་གེ་བ་དག་ནི་རིགས་པ་ལྟར་སྣང་ལ་བརྟེན་ནས་མངོན་མཐོ་ངེས་ལེགས་ཀྱི་རྒྱུ་འབྲས་ལ་སྐུར་བ་འདེབས་པར་བྱེད་དེ། དེ་ཡང་སྲན་མ་ཟླུམ་པ་དང་ཚེར་མ་རྣོ་བ་དང་རྨ་བྱའི་མདོངས་ཀྱི་རྣམ་པ་སྣ་ཚོགས་པ་དག་སུས་ཀྱང་འབད་ནས་བྱེད་པར་མ་མཐོང་བས་དངོས་པོ་འདི་དག་ནི་རང་གི་ངོ་བོ་ཉིད་ལས་བྱུང་བ་ཡིན་གྱི་རྒྱུ་མེད་པའོ་ཞེས་ཟེར་བ་དང༌། སེར་སྣ་ཅན་ཁ་ཅིག་ཕྱུག་པ་དང་སྲོག་གཅོད་པ་ཁ་ཅིག་ཚེ་རིང་བ་མཐོང་ནས་ལས་འབྲས་མེད་དོ་ཞེས་སྐུར་བ་འདེབས་པ་དང༌། སྐྱེ་བ་སྔ་ཕྱི་དག་རང་གི་མངོན་སུམ་གྱིས་མ་གྲུབ་པས་མེད་དོ་ཞེས་སྐུར་བ་འདེབས་པར་བཤད་ཅིང་། ཡང་དེའི་བྱེ་བྲག་ཁ་ཅིག་ནི་འདི་ལྟར་སྨྲ་སྟེ། གང་ཞིག་ཡོད་པར་མ་དམིགས་པ་དེ་ནི་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ཏེ། དངོས་པོ་རྣམས་ཀྱི་རྒྱུ་ནི་ཡོད་པར་མ་དམིགས་སོ་ཞེས་པ་དང༌། གང་ཞིག་རེས་འགའ་བ་དེ་ནི་རྒྱུ་མེད་པར་ངེས་ཏེ། ཚེར་མ་ལ་སོགས་པའི་རྣོ་བ་ལ་སོགས་པ་ལྟ་བུའོ།། སྡུག་བསྔལ་ལ་སོགས་པ་ཡང་རེས་འགའ་བ་ཉིད་ཡིན་ནོ་ཞེས་གཏན་ཚིགས་འགོད་པར་བྱེད་དོ། །སྐྱེ་བ་སྔ་ཕྱི་མེད་པར་བསྒྲུབ་པ་ནི། སྐྱེས་བུའི་རིག་པ་ ནི་ལུས་ལས་སྐྱེས་ལ་ལུས་ཀྱང་འབྱུང་བ་ཆེན་པོ་བཞིས་འདུ་བྱས་པ་ཡིན་པའི་ཕྱིར་སྐྱེ་བ་སྔ་མ་མེད་པ་དང༌། འཆི་བའི་ཚེ་ལུས་ནི་འབྱུང་བ་ཆེན་པོ་བཞི་དང་དབང་པོ་ནི་ནམ་མཁའི་བག་ལ་ཞ་བར་གྱུར་ཏེ་འཇིག་པའི་ཕྱིར་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་མེད་དོ་ཞེས་སྐྱེ་བ་ཕྱི་མ་འགོག་པར་བྱེད་དོ།། དེ་ལྟར་ཡང་སློབ་དཔོན་འཕགས་པ་ལྷས། ཡང་གཞན་ཁ་ཅིག་ན་རེ། ཕྱི་ནང་སྐྱེ་མཆེད་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་ལས་གྲུབ་པ་གཞན་ལས་མིན། །སྲན་ཟླུམ་སྐྱེར་ཚེར་གཟངས་རིང་རྣོ་བ་དང༌། །རྨ་བྱའི་མཇུག་མ་མགྲིན་པའི་ཚོགས་བཀྲ་དང༌། །ཉི་ཤར་ཆུ་རྣམས་ཐུར་དུ་འབབ་པ་རྣམས། །ངོ་བོ་ཉིད་ལས་གྲུབ་སྟེ་རྒྱུ་ཡོད་མིན། །ཞེས་དང༌།ཡང་ཁ་ཅིག་ན་རེ། མ་ཤི་བར་དུ་བདེ་བར་འཚོ། །ཤི་ནས་དེ་ཡི་སྤྱོད་ཡུལ་མེད། །ལུས་ཀྱང་ཐལ་བ་བཞིན་སོང་ནས། །སླར་འཚོ་བར་ལྟ་ག་ལ་འགྱུར། །དེ་ཕྱིར་སྔ་ཕྱི་ཡོད་མ་ཡིན། །ཚེ་འདི་ཉིད་ལ་བདེ་བའི་ཕྱིར། །ལྷ་མཆོད་འདྲེ་སྲིན་མནན་བྱས་ན། །བཙན་ཕྱུག་མཐུ་སྟོབས་འགྲུབ་པར་འགྱུར། །ཞེས་པ་དང༌། དཔལ་ལྡན་ཆོས་ཀྱི་གྲགས་པས་ཀྱང༌། །སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི།། རང་གི་རིགས་ལ་ལྟོས་མེད་པར། །ལུས་ཉིད་འབའ་ཞིག་དག་ལས་སྐྱེས། ། ཞེས་དང༌། ཡང་དགྲ་བཅོམ་པའི་འཆི་སེམས་དཔེར་བཀོད་ནས་འཆི་སེམས་ཡིན་པའི་རྟགས་ཀྱིས་རིག་པ་ཕྱི་མ་འཚམས་མི་སྦྱོར་བར་བསྒྲུབ་པ་ནི། དེ་ཉིད་ཀྱིས། གང་གང་འཆི་སེམས་དེ་དང་དེ། །སྐྱེ་བ་གཞན་དུ་རྗེས་འགྲོ་མེད། །འཆི་སེམས་ཡིན་པའི་ཕྱིར་ན་དཔེར། །ཉེས་བྲལ་འཆི་ཀའི་རིག་པ་བཞིན། ། ཞེས་གསུངས་པ་དང༌། སྐྱེས་མ་ཐག་པའི་སེམས་ནི་སེམས་མེད་པའི་འབྱུང་བ་ཆེན་པོ་རྣམས་ལས་སྐྱེས་པ་ཡིན་ཏེ། སྐྱེ་བ་ཅན་ཡིན་པའི་ཕྱིར། དཔེར་ན་ཆང་ལས་མྱོས་པ་དང་མེ་ཤེལ་ལས་མེ་བཞིན་ཞེས་པའི་རིགས་པ་ཡང་སྨྲ་སྟེ།དབུ་མ་སྙིང་པོ་ལས། འབྱུང་བ་སེམས་མེད་རྣམས་ལས་ནི། །ཤེས་པ་ཡོད་པ་ཉིད་སྐྱེ་སྟེ། །སྐྱེ་ཅན་ཡིན་ཕྱིར་མྱོས་མཐུ་དང༌། །མེ་ཤེལ་ལས་ནི་མེ་བཞིན་ནོ། །ཞེས་གསུངས་པ་ལྟར་ཡིན་ལ། དེ་དག་ལ་ཡང་ལྷ་ལ་སོགས་པའི་འགྲོ་བ་གཞན་རྣམས་ཡོད་ཀྱང་རྒྱུད་གཅིག་པ་མི་སྲིད་པར་འདོད་པ་དང་རྒྱུད་གཅིག་པ་ཡོད་ཀྱང་བདེ་སྡུག་མྱོང་བ་ལ་རྒྱུ་མེད་པར་སྨྲ་བ་དང༌། སྙོམས་འཇུག་པ་རྣམས་ཀྱང་རང་གི་མངོན་ཤེས་ཀྱིས་བརྟག་ནས་ཚེ་འདིར་སྦྱིན་པ་བཏང་བ་ཁ་ཅིག་ཚེ་ཕྱི་མར་དབུལ་པོར་གྱུར་པ་མཐོང་ནས་ལས་འབྲས་མེད་པར་སྨྲ་བ་དང༌། རང་གི་མངོན་ཤེས་ཀྱིས་མ་མཐོང་བའི་དོན་རྣམས་ལ་སྐུར་བ་འདེབས་པ་སོགས་ཡོད་པར་བཤད་ཅིང་ཚད་མ་ནི་མངོན་སུམ་གཅིག་པུར་འདོད་དེ། ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུའང་དེ་ཙམ་ཁོ་ནར་ཟད། །བཟང་མོ་མང་ཐོས་གང་སྨྲ་བ། །དེ་དག་སྤྱང་ཀིའི་རྗེས་དང་འདྲ། །ཞེས་དང༌། མཛེས་མ་ལེགས་པར་སྤྱོད་ཅིང་ཟ་བར་གྱིས། །ལུས་མཆོག་འདི་གང་དེ་ཁྱོད་ལ་མི་འབྱུང༌། །ལུས་འདི་འཚོ་བར་གྱུར་པ་ཙམ་ཞིག་སྟེ། །འཇིག་མ་སོང་བ་ལྡོག་པར་མི་འགྱུར་རོ། །ཞེས་སོ། །དེ་ལྟར་ལུས་ཀྱི་འབྱུང་བ་བཞིའི་ཁྱད་པར་ཁོ་ན་ལས་ཡིད་ཤེས་སྐྱེས་ཤིང་ལུས་ཞིག་པ་ན་དེ་ཡང་འཇིག་པའི་ཕྱིར་སྐྱེ་བ་དུ་མར་ལམ་གོམས་པར་བྱེད་པ་མེད་པས་ཐམས་ཅད་མཁྱེན་པ་མེད་པ་དང་སྡུག་བསྔལ་སོགས་རྒྱུ་མེད་པས་དེ་ལས་སྒྲོལ་བྱེད་ཀྱི་ལམ་དང་གྲོལ་བ་མེད་ཅེས་ཐར་པ་ལ་སྐུར་བ་འདེབས་པར་བྱེད་དོ།།

    བློ་ལུས་ལ་བརྟེན་པར་འདོད་པ་ལ་ཚུལ་གསུམ་བཤད་དེ། ཆང་དང་མྱོས་བྱེད་ཀྱི་ནུས་པ་བཞིན་དུ་ལུས་ཀྱི་བདག་ཉིད་དུ་གྱུར་པ་དང༌། སྒྲོན་མེ་དང་དེའི་འོད་བཞིན་དུ་ལུས་ཀྱི་འབྲས་བུར་གྱུར་པ་དང༌།རྩིགས་པ་དང་དེའི་རི་མོ་བཞིན་དུ་ལུས་ཀྱི་ཡོན་ཏན་དུ་གྱུར་པའི་སྒོ་ནས་བརྟེན་པར་འདོད་པའོ།།

    གཉིས་པ་དེ་དགག་པ་ནི། ཐོག་མར་འཇིག་རྟེན་ཕ་རོལ་མེད་པ་དགག་པར་བྱ་སྟེ། ཁྱོད་ཀྱིས་འཇིག་རྟེན་ཕ་རོལ་མེད་པར་སྨྲ་བ་འདི་ཚད་མ་གང་ལས་ཡིན། རྗེས་དཔག་ནི་ཁྱོད་ཀྱིས་བཀག་པས་མངོན་སུམ་ཡིན་ན་འཇིག་རྟེན་ཕ་རོལ་མེད་པ་མངོན་སུམ་གྱིས་ཇི་ལྟར་འགྲུབ། འོན་ཏེ་འཇིག་རྟེན་ཕ་རོལ་མངོན་སུམ་དུ་མཐོང་བ་མ་ཡིན་པའི་ཕྱིར་རོ་སྙམ་ན་འཇིག་རྟེན་ཕ་རོལ་མངོན་སུམ་དུ་མ་མཐོང་བ་དེ་མངོན་སུམ་ཡིན་ནམ་མངོན་སུམ་མ་ཡིན་པ་ཞིག་ཡིན། མངོན་སུམ་མོ་ཞེ་ན་མངོན་སུམ་དུ་མཐོང་བ་ལོག་པ་མངོན་སུམ་དུ་འདོད་ན་དངོས་པོ་མེད་པ་ཡང་མངོན་སུམ་དུ་མི་འགལ་བར་འགྱུར་རོ། །དེ་ལྟར་ན་དངོས་པོ་མེད་པ་ཡང་དངོས་པོར་ཐལ་བར་འགྱུར་ཏེ། འཇིག་རྟེན་ཕ་རོལ་མངོན་སུམ་དུ་མཐོང་བ་ལོག་པ་མངོན་སུམ་གྱི་དངོས་ཀྱི་གཞལ་བྱ་མངོན་སུམ་པ་ཡིན་པའི་ཕྱིར། དཔེར་ན་དངོས་པོ་བཞིན། དེ་ལྟར་ན་དངོས་པོ་ཡང་མེད་པར་འགྱུར་ཏེ་དངོས་པོ་མེད་པ་མེད་པའི་ཕྱིར། ཞེས་པ་ནི་དཔལ་ལྡན་ཟླ་བའི་གཞུང་ལས་བྱུང་བའི་རིགས་པ་དང༌། འཇིག་རྟེན་ཕ་རོལ་མེད་པ་ནི་མངོན་སུམ་གྱིས་རྟོགས་པར་བྱ་བ་མ་ཡིན་ཏེ། མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དངོས་པོ་མེད་པ་བཞིན་ནོ། །རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། ཁྱོད་ཀྱིས་མངོན་སུམ་ཁོ་ན་ཚད་མར་སྨྲས་པའི་ཕྱིར། ཞེས་པ་ནི་ལེགས་ལྡན་འབྱེད་ཀྱིས་རྟོག་གེ་འབར་བར་བཤད་པའི་རིགས་པའོ། །

    བློ་ལུས་ཀྱི་ཉེར་ལེན་ཡིན་པ་འགོག་པ་ནི། ལུས་ཁོ་ན་སེམས་ཀྱི་རྒྱུ་ཡིན་ན་ཤི་བའི་ལུས་ལའང་སེམས་ཡོད་པར་ཐལ་བར་འགྱུར་ཏེ། ལུས་ཡོད་པ་ཙམ་གྱིས་སེམས་ཀྱི་དངོས་རྒྱུ་ཐོགས་པ་མེད་པ་མ་ཚང་བ་མེད་པའི་ཕྱིར། རྣམ་འགྲེལ་ལས། ལུས་ནི་གནས་པ་ཉིད་ན་སེམས། །ལྡོག་པ་མེད་པ་ཐལ་བར་འགྱུར། །ཞེས་སོགས་ཀྱི་རིགས་པ་དང༌། བློ་ནི་ལུས་ལ་འབྲས་བུའི་ཚུལ་དུ་བརྟེན་པ་ཡང་མ་ཡིན་ཏེ།ཤེས་རབ་ལ་སོགས་པ་ཕུལ་དུ་བྱུང་བ་དང་འགྲིབ་པ་ནི་ལུས་ཀྱི་ཕུལ་དུ་བྱུང་བ་དང་འགྲིབ་པ་ལ་ལྟོས་པ་མེད་པའི་ཕྱིར། བློ་ལུས་ཀྱི་བདག་ཉིད་ཡིན་པའི་ཚུལ་གྱིས་བརྟེན་པ་ཡང་མ་ཡིན་ཏེ། སྐྱེས་བུ་དེའི་བློ་ལ་ཡོད་པའི་ཡོན་ཏན་ཐམས་ཅད་སྐྱེས་བུ་དེའི་ལུས་མཐོང་བའི་དབང་ཤེས་ལ་ཡང་མངོན་སུམ་དུ་སྣང་བར་་་་ཐལ་བའི་ཕྱིར་རོ། །རྟགས་གྲུབ་སྟེ། ཁྱོད་ལྟར་ན་ལུས་རྟག་པ་ཡིན་པས་དེ་དང་བློ་རྫས་གཅིག་ཡིན་ན་ཆ་མེད་རྫས་གཅིག་ཡིན་དགོས། དེ་ལྟར་ན་ལུས་སེམས་གཅིག་ཡིན་དགོས་པའི་ཕྱིར་རོ། །འདི་རྣམས་ཀྱང་རྣམ་འགྲེལ་གྱི་རིགས་པ་ཡིན་ནོ། །

    སྤྱིར་རྒྱུ་མེད་པར་འདོད་པ་དགག་པ་ནི། དངོས་པོ་རྣམས་རྟག་ཏུ་ཡོད་པའམ་གཏན་མེད་པའམ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་ཏེ། རྒྱུ་མེད་ཅིང་གཞན་ལ་མི་ལྟོས་པའི་ཕྱིར། རྣམ་འགྲེལ་ལས། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར།། ཞེས་དང་།ཟླ་བའི་ཞབས་ཀྱིས་འཇུག་པ་རྩ་འགྲེལ་ལས་ཀྱང་རིགས་པ་དེས་བཀག་གོ །སྐྱེ་བ་སྔ་ཕྱི་ཡོད་པར་བསྒྲུབས་པ་ནི། ཐ་མལ་བ་སྐྱེས་མ་ཐག་གི་རིག་པ་དང་པོ་ཆོས་ཅན། རང་རྒྱུ་རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། དཔེར་ན་ད་ལྟའི་རིག་པ་འདི་བཞིན། ཐ་མལ་བ་འཆི་ཁའི་རིག་པ་ཐ་མ་ཆོས་ཅན། རིག་པ་ཕྱི་མ་འཚམས་སྦྱོར་ཏེ། སྲིད་པ་དང་བཅས་པའི་རིག་པ་ཡིན་པའི་ཕྱིར། ཐ་མལ་བ་འཆི་ཁའི་དབང་པོ་ཐ་མ་ཆོས་ཅན། དབང་པོ་ཕྱི་མ་འཚམས་སྦྱོར་ཏེ། ལུས་ལ་སྲེད་པ་ངང་བཅས་པའི་དབང་པོ་ཡིན་པའི་ཕྱིར། ཞེས་པ་རྣམས་ཆོས་ཀྱི་གྲགས་པ། ལེགས་ལྡན་འབྱེད།ཞི་འཚོ་རྣམས་ཀྱི་གཞུང་ལས་མཐུན་པར་བྱུང་ཞིང༌། སློབ་དཔོན་ཀ་མ་ལ་ཤི་ལས། གང་འདོད་ཆགས་དང་བཅས་པའི་སེམས་ཡིན་པ་དེ་ནི། རང་གིས་ཉེ་བར་བླང་བར་བྱ་བའི་སེམས་གཞན་སྐྱེད་པར་ནུས་པ་ཡིན་ཏེ། ཆགས་པ་དང་བཅས་པའི་སྔར་གྱི་གནས་སྐབས་ཀྱི་སེམས་བཞིན། ཐ་མལ་བ་འཆི་བའི་སེམས་ཀྱང་འདོད་ཆགས་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་རྟགས་སོ་ཞེས་གསུངས་པ་ལྟར་རོ། །གཏན་ཚིགས་འདི་དག་གི་ཕྱོགས་ཆོས་དང་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་བསྒྲུབ་ཚུལ་གྱི་གནད་རྣམས་ཞིབ་ཏུ་ཤེས་ན་སྐྱེ་པ་སྔ་ཕྱི་ཡོད་པ་སོགས་ལ་ངེས་ཤེས་འདྲེན་པ་ལ་ཁྱད་ཆེ་མོད་ཀྱང་མང་བས་འཇིགས་ནས་མ་བྲིས་ཤིང༌། དཔྱོད་ལྡན་རྣམས་ཀྱིས་རྣམ་འགྲེལ་ལེའུ་གཉིས་པ་རྩ་འགྲེལ་སོགས་གཞུང་ཆེན་མོ་རྣམས་སུ་བལྟ་བར་བྱའོ། །

    ཀུན་མཁྱེན་ཡོད་པར་བསྒྲུབ་པ་ནི། དེ་ལྟར་སྐྱེ་བ་སྔ་ཕྱི་བསྒྲུབས་པས་ཐམས་ཅད་མཁྱེན་པའང་འགྲུབ་པ་ཡིན་ཏེ། སྐྱེ་བ་དུ་མར་བརྩེ་བ་དང་ཤེས་རབ་སོགས་གོམས་པར་བྱས་པས་མཐའ་མེད་དུ་འཕེལ་བར་གྱུར་བའི་ཕྱིར། རྟགས་གྲུབ་སྟེ། རྟེན་བརྟན་པ་དང་གོམས་ཟིན་འབད་རྩོལ་བསྐྱར་མ་ལ་མི་ལྟོས་པར་རང་གི་ངང་གིས་འཇུག་པའི་ཕྱིར། རྟེན་བརྟན་པ་ཡིན་ཏེ། སེམས་ཀྱི་ངོ་བོ་ཉིད་དུ་སྐྱེས་པའི་ཡོན་ཏན་ཡིན་པའི་ཕྱིར། གོམས་པ་ན་རང་གི་ངང་གིས་འཇུག་པར་འགྱུར་ཏེ། བརྩེ་བ་སོགས་གོམས་པར་བྱས་ན་བློའི་རིགས་འདྲ་རེ་རེ་སྐྱེད་པ་ལ་སྔར་དང་འདྲ་བའི་འབད་རྩོལ་རེ་རེ་མི་དགོས་པར་རིགས་འདྲ་དུ་མ་རྒྱུན་ལྡན་དུ་སྐྱེ་བའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། དཔེར་ན་མེ་ལ་སོགས་པས་ཤིང་དག་ལ་ཐལ་བར་མ་སོང་གི་བར་དུ་ངང་གིས་འཇུག་པ་བཞིན། ཞེས་པ་སྟེ་རྒྱས་པར་རྣམ་འགྲེལ་དང༌། དེའི་འགྲེལ་པ་རྣམས་སུ་བལྟའོ། །

    གཉིས་པ། གཞན་སྡེས་རྟག་པར་སྨྲ་བ་དགག་པ།

    གཉིས་པ་རྟག་སྨྲ་དགག་པ་ལ། གྲངས་ཅན་པ་དགག་པ། ཚངས་པ་པ་དགག་པ། ཁྱབ་འཇུག་པ་དང་དཔྱོད་པ་པ་གཉིས་དགག་པ། དབང་ཕྱུག་པ་བྱེ་བྲག་པ་རིག་པ་ཅན་པ་གསུམ་དགག་པ། གཅེར་བུ་པ་དགག་པ་སྟེ་ལྔ་ལས།དང་པོ་ལ་འདོད་པ་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ་ནི། འདིའི་ལུགས་ཀྱི་སྟོན་པ་ནི། དྲང་སྲོང་སེར་སྐྱ་དང༌། དྲང་སྲོང་མཆོད་འོས། དབང་ཕྱུག་ཆེན་པོ། སྟོན་པ་ཆུ་ཀླུང་རྣམས་ཡིན་ལ། དེ་དབང་ཕྱུག་གིས་རྗེས་སུ་བཟུང་བས་དབང་ཕྱུག་ནག་པོའི་རྒྱུད་སུམ་ཅུ་པ་དང་དྲུག་ཅུ་པ་སོགས་བརྩམས་པར་བཤད་དོ། །མིང་གི་རྣམ་གྲངས་ནི། དེ་ཉིད་ཉེར་ལྔའི་གྲངས་ཀྱི་མཚན་ཉིད་ཤེས་པ་ལས་གྲོལ་བར་འདོད་པས་གྲངས་ཅན་པ་དང༌། རང་བཞིན་རྒྱུར་སྨྲ་བས་རང་བཞིན་རྒྱུར་སྨྲ་བ། སེར་སྐྱ་སྟོན་པར་འཛིན་པས་སེར་སྐྱ་པ། གཙོ་བོ་རྒྱུར་སྨྲ་བས་གཙོ་བོ་པ་ཞེས་ ཟེར་རོ། །སེར་སྐྱ་པ་དང་གྲངས་ཅན་པ་ནི། གཞུང་ཆེན་མོ་འགའ་ཞིག་ཏུ་སོ་སོར་བཤད་ཀྱང་གྲངས་ཅན་གྱི་ནང་ཚན་ཞིག་ལ་སེར་སྐྱ་པར་བཏགས་པ་ཙམ་ཡིན་ཞིང་དེ་གཉིས་དོན་གཅིག་ཏུ་བཤད་པ་ཡང་མང་ངོ༌། །དབྱེ་བ་ནི་འབྲས་བུ་རྣམས་རྒྱུ་དུས་ན་ཡོད་པ་རྐྱེན་གྱིས་མངོན་པར་གསལ་བར་སྨྲ་ཞིང་དེ་ཡང་གཙོ་བོ་ཙམ་ལས་འབྱུང་བར་འདོད་པའི་གྲངས་ཅན་ལྷ་མེད་པ་དང༌། རྒྱུ་འབྲས་རང་བཞིན་གཅིག་ཀྱང་རྣམ་འགྱུར་ཐ་དད་དུ་འགྱུར་པ་ལྷ་ཆེན་དབང་ཕྱུག་གིས་བྱིན་གྱིས་བརླབས་པར་འདོད་པའི་གྲངས་ཅན་ལྷར་བཅས་པ་གཉིས་སོ། །

    གྲུབ་མཐའི་འདོད་ཚུལ་ལ། འདིའི་ལུགས་ཀྱི་ཤེས་བྱ་ཉེར་ལྔའི་རྣམ་བཞག་ཤེས་ན་གཏིང་དཔོག་པར་སླ་བས་དེ་བཤད་པར་བྱ་སྟེ། གཙོ་བོ་དང་ཆེན་པོ་དང༌། ང་རྒྱལ་དང༌། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དེ་ཙམ་ལྔ་དང༌། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔ་དང༌། ངག །ལག་པ། རྐང་པ། རྐུབ། འདོམ་གྱི་དབང་པོ་སྟེ་ལས་ཀྱི་དབང༌པོ་ལྔ་དང༌། མིག རྣ་བ། སྣ། ལྕེ། ལྤགས་པའམ་ལུས་ཀྱི་དབང་པོ་སྟེ་བློའི་དབང་པོ་ལྔ་དང༌། གཉིས་ཀའི་བདག་ཉིད་ཅན་ཡིད་ཀྱི་དབང་པོ་སྟེ་དབང་པོ་བཅུ་གཅིག་དང༌། བདག་ཤེས་རིག་གི་སྐྱེས་བུ་སྟེ་ཉི་ཤུ་རྩ་ལྔའོ། །དེ་ལས་གཙོ་བོ་ནི། རང་བཞིན་ཁོ་ན་ཡིན་པ་དང༌། ཆེན་པོ་དང༌། ང་རྒྱལ་དང་དེ་ཙམ་ལྔ་སྟེ་བདུན་ནི། རང་བཞིན་དང་རྣམ་འགྱུར་གཉིས་ཀ་ཡིན་པ་དང༌། དབང་པོ་བཅུ་གཅིག་དང་འབྱུང་བ་ལྔ་སྟེ་བཅུ་དྲུག་ནི། རྣམ་འགྱུར་ཁོ་ན་ཡིན་པ་དང༌། སྐྱེས་བུ་ནི་རང་བཞིན་དང་རྣམ་འགྱུར་གཉིས་ཀ་མ་ཡིན་པའི་མུ་བཞིར་བཤད་དེ། དབང་ཕྱུག་ནག་པོའི་གཞུང་ལས། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང༌། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་པ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཅེས་སོ། །འདིས་ཤེས་བྱ་ཐམས་ཅད་བེམ་ཤེས་གཉིས་སུ་འདུ་བ་དང༌། དེ་ཡང་སྐྱེས་བུ་ནི་ཤེས་པ་དང་ལྷག་མ་ཉེར་བཞི་བེམ་པོར་འདོད་པས། བློ་ལ་བེམ་པོས་ཁྱབ་པ་དང༌། ཤེས་པ་ལ་བདག་ཅིག་དགོས་ཞེས་ཟེར་རོ། །གཙོ་བོ་དང་སྐྱེས་བུ་ནི་དོན་དམ་པ་དང་བདེན་པར་འདོད་ཅིང༌།གཞན་རྣམས་རྫུན་པ་དང་ཀུབ་རྫོབ་ཏུ་འདོད་དེ། དྲང་སྲོང་སེར་སྐྱས། ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག །སྣང་བའི་ལམ་དུ་འགྱུར་མ་ཡིན། །སྣང་བའི་ལམ་དུ་གང་གྱུར་དེ། །སྒྱུ་མ་ལྟ་བུར་ཤིན་ཏུ་གསོག །ཅེས་སོ། །དེ་ལ་རྩ་བའི་རང་བཞིན་ནམ་གཙོ་བོ་ནི། ལས་སོགས་བྱེད་པ་པོ་དང༌། མ་སྐྱེས་པས་རྟག་པ་དང༌། ཆ་མེད་པས་གཅིག་པུ་དང༌། སེམས་མེད་པས་ཡུལ་ཁོ་ན་དང༌། སྣོད་བཅུད་ཐམས་ཅད་ལ་ཁྱབ་པ་དང༌། ཡོན་ཏན་གསུམ་ཆ་མཉམ་པའི་ཁྱད་ཆོས་དྲུག་དང་ལྡན་པའི་ཤེས་བྱ་ཞིག་ལ་འདོད་དོ། །དེ་ལ་ཁ་དོག་དང་ཚད་དང་དབྱིབས་ཀྱི་བྱེ་བྲག་གིས་མངོན་དུ་འགྱུར་པ་མེད་པ་དང༌། ཡིད་མེད་པ་སོགས་ཀྱིས་མི་གསལ་བར་འདོད་དོ། །རང་བཞིན་དེ་ཡོད་པའི་སྒྲུབ་བྱེད་ནི། དངོས་པོ་ཁྱད་པར་བ་རྣམས་ལ་ཚད་ཡོད་པའི་ཕྱིར་དང༌། ཕན་ཚུན་རྗེས་སུ་འགྲོ་བའི་ཕྱིར་དང༌། ནུས་པའི་སྒོ་ནས་འཇུག་པའི་ཕྱིར་དང༌། རྒྱུ་འབྲས་དབྱེར་ཡོད་པའི་ཕྱིར་དང༌། འཇིག་རྟེན་གསུམ་རྣམ་པར་དབྱེར་མེད་པའི་ཕྱིར་ཞེས་ཟེར་རོ། །ཡོན་ཏན་གསུམ་ནི་རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་སྟེ། རྡུལ་ནི་ གཡོ་བདང་འཇུག་པའི་བདག་ཉིད་ཅན་ཡིན་ལ་སྡུག་བསྔལ་ཞེས་ཀྱང་ཟེར་རོ། །མུན་པ་ནི་ལྩི་བ་དང་གཡོགས་པའི་བདག་ཉིད་ཅན་ཏེ་གཏི་མུག་ཞེས་ཀྱང་ཟེར་རོ། །སྙིང་སྟོབས་ནི་ཡང་བ་དང་རབ་ཏུ་གསལ་བའི་བདག་ཉིད་ཅན་ཏེ་བདེ་བ་ཞེས་ཀྱང་ཟེར་རོ། །དེ་ལྟར་ཡང༌། རངས་དང་མགུ་དང་ཀུན་དགའ་དང༌།།བདེ་ཞིང་ཞི་བའི་སེམས་ཉིད་དག ། རས་འགའ་ཡང་ནི་སྣང་འགྱུར་པ། །དེ་དག་སྙིང་སྟོབས་ཡོན་ཏན་ནོ། ། མི་དགའ་ཡོངས་སུ་གདུང་བ་དང༌། །མྱ་ངན་འདོད་དང་མི་བཟོད་དག ། གང་དུ་སྣང་བའི་གཏན་ཚིགས་ཀྱི། །དེ་དག་རྡུལ་ནི་རྟགས་སུ་འདོད། ། རྨོངས་དང་དེ་བཞིན་གཏི་མུག་དང༌། །བག་མེད་གཉིད་དང་གཡེལ་པ་དག །ལན་འགའ་ཡང་ནི་སྣང་གྱུར་པ། །དེ་དག་མུན་པའི་ཡོན་ཏན་འདོད། །ཅེས་སོ། །སྐྱེས་བུའམ་བདག་ནི། ཤེས་པའི་ངོ་བོ་ཡིན་པ། རྣམ་འགྱུར་རྣམས་ཀྱི་བྱེད་པ་པོ་མིན་པ། མ་སྐྱེས་པས་རྟག་པ། བདེ་སྡུག་ལ་ལོངས་སྤྱོད་པས་ཟ་བ་པོ། །ཡོན་ཏན་གསུམ་མེད་པ། འགྲོ་བ་ཐམས་ཅད་ལ་ཁྱབ་པ། ཆ་ཤས་དང་བྲལ་བས་གཅིག་པུ། ཐོག་མ་དང་ཐ་མ་མེད་པས་མཐའ་མེད་པའི་མཚན་ཉིད་ཅན་དུ་འདོད་དོ། །བདག་དེ་གྲོལ་བ་མ་ཐོབ་བར་དུ་སྤྱིའི་གློར་གནས་པ་དང་གྲོལ་བ་ཐོབ་པའི་ཚེ་ཡན་གར་བར་གནས་ཞེས་ཟེར་རོ། །

    ཤེས་བྱ་ལྷག་མ་ཉེར་གསུམ་གྱི་སྐྱེ་ཚུལ་ནི། གང་གི་ཚེ་སྐྱེས་བུ་དེས་སྒྲ་ལ་སོགས་པའི་ཡུལ་ཉེ་བར་ལོངས་སྤྱོད་པའི་འདོད་པ་སྐྱེས་པ་ན་སྐྱེས་བུའི་འདོད་པ་ཡོངས་སུ་ཤེས་པའི་རང་བཞིན་དང་སྐྱེས་བུ་སྦྱོར་ཞིང་དེ་ནས་གཙོ་བོས་སྒྲ་ལ་སོགས་པ་འབྱིན་ནོ། །དེའི་ཚུལ་ནི་འདི་ཡིན་ཏེ་རང་བཞིན་ལས་ཆེན་པོ་འབྱུང་ལ། བློ་དང་ཆེན་པོ་ནི་མིང་གི་རྣམ་གྲངས་ཡིན་ཞིང་དེ་ནི་ཡུལ་ངེས་པའི་མཚན་ཉིད་ཅན་མེ་ལོང་ངོས་གཉིས་པ་ལྟར་ཕྱིའི་ཡུལ་དང་ནང་གི་སྐྱེས་བུ་གཉིས་ཀའི་གཟུགས་བརྙན་འཆར་བའི་བེམ་པོ་ཞིག་གོ །དེ་ལས་ང་རྒྱལ་སྐྱེ་ཞིང་ང་རྒྱལ་ནི། ངར་འཛིན་པའི་རྣམ་པ་ཅན་ཏེ་རྣམ་པར་འགྱུར་པ་ཅན་དང་སྙིང་སྟོབས་ཅན་དང་མུན་པ་ཅན་ཏེ་གསུམ་མོ། །རྣམ་པར་འགྱུར་བའི་ང་རྒྱལ་ལས་ནི། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དེ་ཙམ་ལྔ་སྐྱེ་ཞིང༌། དེ་ལས་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔ་སྐྱེའོ། །སྙིང་སྟོབས་ཅན་གྱི་ང་རྒྱལ་ལས་ནི་ལས་ཀྱི་དབང་པོ་ལྔ་དང༌། བློའི་དབང་པོ་ལྔ་དང་གཉིས་ཀའི་བདག་ཉིད་ཅན་གྱི་ཡིད་དེ་དབང་པོ་བཅུ་གཅིག་སྐྱེའོ། །མུན་པ་ཅན་གྱི་ང་རྒྱལ་ནི་ང་རྒྱལ་གཞན་གཉིས་ཀའི་འཇུག་པར་བྱེད་པ་ཡིན་ཟེར་རོ། །དེ་དག་ནི་དབང་ཕྱུག་ནག་པོའི་རྒྱུད་ལས། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ལས་ཚོགས་ནི་རྣམ་པ་བཅུ་དྲུག་པོ། བཅུ་དྲུག་པོ་ནི་དེ་དག་རྣམས་ལས་ཀྱང༌། །ལྔ་པོ་རྣམས་ལས་འབྱུང་བ་ཆེན་པོ་ལྔ༌། །ཞེས་བཤད་དོ། །

    ཡུལ་ལ་ལོངས་སྤྱོད་ཚུལ་ནི། རྣ་བ་ལ་སོགས་པའི་དབང་པོ་ལྔ་ཡིད་ཀྱིས་བྱིན་གྱིས་བརླབས་པས་ཡོངས་སུ་བཟུང་བའི་ཡུལ་སྒྲ་ལ་སོགས་པ་ལ་བློས་ཞེན་པར་བྱེད་ལ། དེ་ནས་བློས་ཞེན་པར་བྱས་པའི་དོན་དེ་ལ་སྐྱེས་བུས་སེམས་པར་བྱེད་པ་ལ་འདོད་དོ། །གྲོལ་བ་ཐོབ་ཚུལ་ནི་གང་གི་ཚེ་སྐྱེས་བུ་དེས་ཡུལ་གྱི་ཉེས་དམིགས་མཐོང་ནས་ཡུལ་ལ་ཆགས་པ་ཆུང་བར་གྱུར་པས་ཆགས་པ་དང་བྲལ་བར་གྱུར་པ་དེའི་ཚེ་བསམ་གཏན་བསྒོམ་ཞིང་དེ་ལ་བརྟེན་ནས་མིག་གི་མངོན་ཤེས་འཐོབ་པར་འགྱུར་ལ། མིག་དེའི་སྒོ་ནས་གཙོ་བོ་ལ་ལྟ་བར་བྱེད་པས། དེའི་ཚེ་གཙོ་བོ་དེ་གཞན་གྱི་བུད་མེད་ལྟར་ངོ་ཚ་བས་སྐྱེངས་ཏེ་བདག་ལ་མི་འགྲོ་ཞིང་བྲལ་བར་འགྱུར་རོ། ། རྣམ་འགྱུར་གྱི་ཚོགས་ཐམས་ཅད་ཀྱང་སྐྱེ་བའི་རིམ་པ་ལས་བཟློག་ནས་གཙོ་བོ་དེ་ཉིད་དུ་རབ་ཏུ་ཐིམ་པའི་ཕྱིར་མི་གསལ་བའི་ངོ་བོར་གྱུར་པ་དེའི་ཚེ་སྐྱེས་བུ་ཉག་གཅིག་གནས་པར་འགྱུར་ཏེ། དེའི་ཕྱིར་གྲོལ་བ་ཞེས་བྱའོ། ། བདག་དེ་ནི་རྟག་ཏུ་ཡན་གར་བར་གནས་པའི་ཕྱིར་རྟག་པ་ཁོ་ནའོ་ཞེས་ཟེར་རོ། །དེ་ལྟར་ཡང༌། དེ་ཉིད་ཉི་ཤུ་ལྔ་ཤེས་ན། །རལ་པའམ་བྱི་བོ་ཅོད་པཎ་སོགས། །ཆ་ལུགས་གང་གིས་གནས་གྱུར་ཀྱང༌། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །གྲངས་ཅན་ལྷར་བཅས་པ་རྣམས་ནི། རྣམ་འགྱུར་རྣམས་གཙོ་བོ་འབའ་ཞིག་ལས་འབྱུང་བ་མ་ཡིན་ཏེ་གཙོ་བོ་ལ་སེམས་པ་མེད་པའི་ཕྱིར་དང༌། སེམས་པ་མེད་ན་བྱིན་གྱིས་རློབས་པ་པོ་མེད་ཅིང༌། དེ་མེད་ན་འབྲས་བུ་རྩོམ་པར་མི་བྱེད་པའི་ཕྱིར། དེས་ན་དབང་ཕྱུག་ཉིད་གཙོ་བོ་ལ་ལྟོས་ནས་འབྲས་བུ་རྣམས་ཀྱི་བྱེད་པ་པོ་ཡིན་ནོ། །རང་བཞིན་དང་དབང་ཕྱུག་གཉིས་ཀ་རྟག་ཏུ་ཡོད་ཀྱང་འབྲས་བུ་རྣམས་རིམ་གྱིས་འབྱུང་བ་མི་འགལ་ཏེ། དབང་ཕྱུག་གི་ལྷན་ཅིག་བྱེད་པ་རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་འཕེལ་བ་དང་ལྡན་པའི་དབང་གིས་སྣོད་བཅུད་སྐྱེ་འཇིག་བྱེད་པའི་ཕྱིར། ཞེས་ཟེར་རོ། །

    གྲངས་ཅན་ལྷར་བཅས་ལྷ་མེད་གཉིས་ཀའི་ལུགས་ལ་ཡང་འབྲས་བུ་རྣམས་རྒྱུ་དང་ངོ་བོ་གཅིག་པ་མི་གསལ་བའི་ཚུལ་གྱིས་ཡོད་པ་རྐྱེན་གྱིས་གསལ་བར་བྱས་པ་ལ་སྐྱེས་པའི་ཐ་སྙད་འདོགས་པའི་ལུགས་གཅིག་དང༌། ཞོའི་རང་བཞིན་གྱི་འོ་མའི་ངོ་བོ་རྐྱེན་གྱིས་ཞོར་འགྱུར་པ་ལྟ་བུ་རྣམ་པར་འགྱུར་བར་སྨྲ་བའི་ལུགས་་གཉིས་རེ་ཡོད་པར་གཞུང་ཆེན་མོ་དུ་མ་ཞིག་ལས་འབྱུང་ངོ༌། །འདིའི་ལུགས་ཀྱི་ཚད་མ་ལ་མངོན་རྗེས་གཉིས་དང༌། ལུང་གི་ཚད་མ་གསུམ་དུ་འདོད་ཅེས་སྔ་ཕྱིའི་མཁས་པ་དག་འཆད་མོད་ཀྱང་མངོན་རྗེས་གཉིས་དང་སྒྲ་ལས་བྱུང་བའི་ཚད་མ་གསུམ་དུ་བྱ་སྟེ། སྒྲ་བྱུང་ཚད་མ་ནི་སྒྲ་ལ་བརྟེན་ནས་ལྐོག་ཏུ་གྱུར་བའི་དོན་འཛིན་པ་ཞིག་ལ་འདོད་ཅིང་དེ་ལ་སྐྱེས་བུས་མ་བྱས་པའི་སྒྲས་བསྐྱེད་པ་དང༌། ཡིད་ཆེས་པའི་སྐྱེས་བུའི་ཚིག་གིས་བསྐྱེད་པ་གཉིས་ཡོད་དོ། །ཚད་མ་འདི་ནི་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཡིན་པས་མངོན་སུམ་མ་ཡིན་ལ། ཚུལ་གསུམ་པའི་རྟགས་ལ་མ་བརྟེན་པས་རྗེས་དཔག་ཀྱང་མ་ཡིན་ནོ་ཞེས་ཟེར་ཏེ།སློབ་དཔོན་ཞི་བ་འཚོས། གཞན་གྱི་སྒྲ་ལས་བྱུང་བ་ཡི། །ཤེས་པས་དོན་རྟོགས་སྒྲ་ལས་བྱུང༌། ། ཡང་ན་ཡིད་ཆེས་ཚིག་ཡིན་ཟེར། །འདི་ནི་ལྐོག་ཏུ་གྱུར་པ་ཡི། །ཡུལ་ཅན་ཡིན་ཕྱིར་མངོན་སུམ་མིན། །རྗེས་དཔག་ཏུ་ཡང་མི་འཐད་དེ། ། དེ་ཡི་མཚན་ཉིད་བྲལ་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །

    གཉིས་པ་དེ་དགག་པ་ནི། མྱུ་གུ་ལ་སོགས་པའི་སྐྱེ་ལྡན་རྣམས་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་དེ། །རང་གི་བདག་ཉིད་ཐོབ་ཟིན་པའི་ཕྱིར། མ་ཁྱབ་ན། སྐྱེ་བ་ཐུག་མེད་དུ་ཐལ། སྐྱེས་ཟིན་སླར་ཡང་སྐྱེ་དགོས་པའི་ཕྱིར། འདོད་ན། ས་བོན་ཉིད་བར་མ་ཆད་པར་སྐྱེ་བར་ཐལ་བ་དང༌། མྱུ་གུ་སྐྱེ་བའི་གོ་སྐབས་མི་རྙེད་པར་ཐལ་ལོ། །གསལ་བར་འདོད་པའི་ཕྱོགས་ལ་ཡང་འདྲ་སྟེ། གསལ་བ་རྒྱུ་དུས་སུ་ཡོད་ན་ཁས་བླངས་པ་དང་འགལ་ཞིང་མེད་ན་འབྲས་བུ་གསལ་བ་དང་རྒྱུའི་རང་བཞིན་གཅིག་གམ་ཐ་དད། གཅིག་ན་སྔར་གྱི་རིགས་པས་ཁེགས་ཤིང༌། ཐ་དད་ན་བདག་གི་བདག་ཉིད་ལས་སྐྱེ་བ་ཉམས་སོ། །ཞེས་པ་ནི་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པའི་རིགས་པའོ། །སྐྱེ་བར་འདོད་པའི་དངོས་པོ་རྣམས་ཆོས་ཅན། བདག་ཉིད་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར། དཔེར་ན། ཞོ་ཉིད་ཞོའི་བདག་ཉིད་ལས་མི་སྐྱེ་བ་བཞིན། ཡང་དེ་ཆོས་ཅན། བདག་ལས་མི་སྐྱེ་སྟེ། དངོས་པོ་ཡིན་པའི་ཕྱིར། ཁྱོད་ཀྱི་འདོད་པའི་སྐྱེས་བུ་བཞིན། ས་བོན་ཆོས་ཅན། མྱུ་གུའི་རྒྱུ་མ་ཡིན་ཏེ། མྱུ་གུ་དང་བདག་ཉིད་གཅིག་པའི་ཕྱིར། མྱུ་གུ་ཉིད་བཞིན། རྩ་བའི་རང་བཞིན་ཆོས་ཅན། འབྲས་བུ་མི་སྐྱེད་པར་ཐལ། རྟག་པ་ཡིན་པའི་ཕྱིར། རང་བཞིན་ཆོས་ཅན། ཁྱོད་ཀྱིས་བསྐྱེད་པའི་རྣམ་འགྱུར་རྣམས་ལྡོག་མི་རུང་བར་ཐལ། ཁྱོད་རྟག་ཏུ་མི་ལྡོག་པའི་ཕྱིར། འབྲས་བུ་ཐམས་ཅད་རྒྱུ་དུས་ན་ཡོད་པ་མི་འཐད་དེ། ཤིང་ནྱ་གྲོ་དའི་ས་བོན་ཆུང་ངུ་ལ་ནྱ་གྲོ་ད་ཞེས་བྱ་བའི་སྡོང་པོ་ཡལ་ག་དུ་མས་ཡོངས་སུ་རྒྱས་པའི་ངོ་བོ་མ་དམིགས་པའི་ཕྱིར། གལ་ཏེ་རྐྱེན་རྣམས་ལ་འབྲས་བུ་རགས་པ་སྔ་ན་མེད་པ་དག་བསྐྱེད་པའི་མཐུ་ཡོད་ན་མིག་གི་རྐྱེན་གྱི་འབྱུང་བ་ཆེན་པོས་ཀྱང་མིག་ལས་གཞན་པ་རྫ་མ་ལ་སོགས་པ་ཅིའི་ཕྱིར་མི་བྱེད། ཡང་ན་རྐྱེན་གྱིས་རང་གི་འབྲས་བུ་ཡང་བསྐྱེད་པར་མི་འགྱུར་ཏེ། ཤེས་བྱ་ཡིན་པའི་ཕྱིར། ཁྱོད་ཀྱིས་འདོད་པའི་སྐྱེས་བུ་བཞིན། ཞེས་པ་རྣམས་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དབུ་མ་སྙིང་པོ་ལས་བཤད་པའི་རིགས་པའོ། །རང་བཞིན་དང་སྐྱེས་བུ་ཆོས་ཅན། ཆ་མེད་པ་མ་ཡིན་ཏེ། ཀུན་ལ་ཁྱབ་པའི་ཕྱིར། བློ་ཆོས་ཅན། བདེ་སྡུག་མི་མྱོང་བར་ཐལ། བེམ་པོ་ཡིན་པའི་ཕྱིར། བདེ་སོགས་དང་སྐྱེས་བུ་ཐ་དད་དུ་མངོན་སུམ་གྱིས་ཤེས་པ་ཙམ་གྱིས་འཁོར་བ་ལས་གྲོལ་བར་མི་འགྱུར་བར་ཐལ། ལམ་མ་སྦྱངས་པའི་བྱིས་པ་རྣམས་ཀྱིས་ཀྱང་རང་གི་དབང་པོ་དང་བདེ་སོགས་ལས་བདག་ཐ་དད་དུ་ཤེས་པའི་ཕྱིར། དེར་ཐལ། བདག་ཉིད་དོན་དུ་གཉེར་པ་པོར་ཞེན་ནས་ད་ལྟར་གྱི་དབང་པོ་སོགས་ལས་མཆོག་ཏུ་གྱུར་པའི་དབང་པོ་སོགས་དོན་དུ་གཉེར་བའི་ཕྱིར་དང༌། རང་ཉིད་སྔ་ཕྱི་གཅིག་ཏུ་བཟུང་ནས་བདེ་སོགས་སྔ་ཕྱི་འཕོས་པའི་སྐྱེ་འཇིག་བྱེད་པར་རྟོགས་པའི་ཕྱིར། དབང་སོགས་སྡུག་བསྔལ་དུ་བསྒོམ་པས་འཁོར་བ་ལས་གྲོལ་བ་མི་འཐད་དེ། ད་ལྟར་གྱི་སྡུག་བསྔལ་གྱི་སྡུག་བསྔལ་ལས་ཡིད་འབྱུང་བ་དེ་འདྲ་ཞེ་སྡང་དང་མཚུངས་ལྡན་ཡིན་པའི་ཕྱིར་དང༌། དེའི་ཚེ་བདག་ལ་ཆགས་པ་ཡོད་པའི་ཕྱིར་དང༌། དེ་བས་ལྷག་པའི་སྐབས་གཞན་འཚོལ་བའི་ཕྱིར། ཞེས་པ་རྣམས་ནི་རྣམ་འགྲེལ་ལས། མཆོག་གཞན་དོན་དུ་གཉེར་ཕྱིར་དང༌། །སྐྱེ་འཇིག་བློ་ཅན་ཉིད་ཀྱི་ཕྱིར། །སྐྱེ་བོ་འདི་ཡིས་དབང་སོགས་ལས། ། བདག་ནི་ཐ་དད་གྱུར་བར་ཤེས། །ཞེས་དང༌། གང་ཞིག་ད་ལྟར་སྡུག་བསྔལ་བས། །ཡིད་འབྱུང་དེ་འདྲ་སྡང་ཡིན་གྱི། །ཆགས་བྲལ་མ་ཡིན་དེ་ཚེ་ཡང༌། །ཆགས་ཡོད་སྐབས་གཞན་འཚོལ་ཕྱིར་རོ། །ཞེས་སོགས་ཀྱི་རིགས་པའོ། །གྲུབ་མཐའ་མཁན་པོ་ཁ་ཅིག་གིས། །གྲངས་ཅན་གྱི་ལུགས་འདི་དག་སེམས་ཙམ་རྣམ་རྫུན་གྱི་ལུགས་དང་ཉེ་བ་དང༌། རྣམ་འགྱུར་རྣམས་རྫུན་པར་འདོད་པ་དངོས་པོའི་གནས་ལུགས་མཐོང་བ་ལ་ཉེ་བར་སོང་བར་འཆད་པ་ནི་བློ་གྲོས་ཤིན་ཏུ་རྩིང་བར་ཟད་ཏེ། བདག་རྟག་པར་ཁས་ལེན་པ་དང༌། ཞེ་སྡང་དང་མཚུངས་ལྡན་གྱི་བློ་ཙམ་ཐར་ལམ་དུ་འཁྲུལ་བ་དང༌། རྒྱུ་འབྲས་ཀྱི་ངོ་བོ་རྣམས་ཕར་ཡིན་ཚུར་ཡིན་དུ་འདོད་པ་སོགས་ཤིན་ཏུ་རྨོངས་པའི་གྲངས་ཅན་དེ་དག་ཕྱུགས་དང་མཚུངས་པར་ཤིང་རྟ་ཆེན་པོ་དག་གིས་ལན་གཅིག་མ་ཡིན་པར་བཤད་པའི་ཕྱིར། དེས་ན། ཐུབ་བསྟན་འཛིན་པའི་ཁུར་བསྣམས་པའི་མཁས་པ་ཡིན་ན་འཆད་རྩོད་རྩོམ་པའི་མཛད་པ་རྣམས་རང་གཞན་གྱི་རྒྱུད་ལ་བག་ཆགས་བཟང་པོ་འཇོག་པའི་ཐབས་སུ་འགྱུར་བ་ཞིག་མཛད་དགོས་པར་གདའ་ལགས།

    ༢ ཚངས་པ་བ་དགག་པ།

    གཉིས་པ་ཚངས་པ་པ་དགག་པ་ལ། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ལ།སྟོན་པ་ནི་ཚངས་པ་ཡིན་པར་སྨྲ་ཞིང༌། མིང་གི་རྣམ་གྲངས་ལ་བྲམ་ཟེ་པ་དང༌། ཚངས་པ་པ་དང༌། རིག་བྱེད་པ་ཞེས་ཟེར་ཞིང༌། བརྡའ་སྤྲོད་པ་དང༌། རིག་བྱེད་མཐའ་བ་དང༌། གསང་བ་པ་རྣམས་ཀྱང་འདིའི་ནང་གསེས་ཀྱི་དབྱེ་པའོ། །འདོད་ཚུལ་ནི། ཚངས་པ་པས་འཇིག་རྟེན་འདི་ཞིག་པའི་དུས་སུ་ཕྱོགས་ཀྱི་ཆ་མེད་པའི་ས་ཆུ་མེ་རླུང་གི་རྡུལ་ཕྲ་རབ་རྟག་པ་དག་སོ་སོར་འཁོད་པ་ལ་ནམ་ཞིག་གི་ཚེ་ལྷ་དབང་ཕྱུག་ཆེན་པོས་སྣོད་བཅུད་འབྱིན་པར་འདོད་པ་དང་སེམས་ཅན་གྱི་ལས་ཀྱི་མཐུས་དང་པོ་རྡུལ་ཕྲ་རབ་གཉིས་སྦྱར་ཞིང༌། དེ་ནས་ཡང་རྡུལ་ཕྲ་རབ་གསུམ་པ་ཞིག་དེ་ལ་སྦྱར་བས་རྡུལ་ཕྲ་མོ་གཅིག་ཏུ་གྱུར་ཞིང་དེ་ནས་སེ་གོལ་ཏོག་པ་ཙམ་གྱིས་རྡུལ་ཕྲ་རབ་རྣམས་འཕྲད་དེ་ཚོགས་ནས་རླུང་གི་དཀྱིལ་འཁོར་ཆེན་པོ་རྩོམ་པ་གྲུབ་སྟེ། རིམ་པ་དེས་ཆུ་དང་ས་དང་མེའི་དཀྱིལ་འཁོར་གྲུབ་པར་གྱུར་ཞིང་དེའི་དབུས་སུ་ཚངས་པའི་སྒོ་ང་ཆེན་པོ་འོད་འབར་ཞིང་གསལ་བ་ཞིག་གནས་པ་དེ་སྨིན་ཅིང་བརྡོལ་བ་ལས་འཇིག་རྟེན་་་་གྱི་མེས་པོ་ཚངས་པ་ཆེན་པོ་པདྨའི་མངལ་ནས་བྱུང་བ་པདྨ་ལ་འདུག་པ་གདོང་བཞི་པ་ཞིག་བྱུང་སྟེ་དེས་འཇིག་རྟེན་ཐམས་ཅད་སྤྲུལ་པས་དེ་ལ་འཇིག་རྟེན་མེས་པོ་ཞེས་ཟེར་ཏེ། ཡང་ཁྱབ་འཇུག་གི་ལྟེ་བའི་པདྨོ་དང་དབང་ཕྱུག་གི་བློས་སྤྲུལ་པའི་སྒོ་ང་ལས་སྐྱེས་པའི་ཚུལ་ཀྱང་བཤད་དོ། ། དེ་ལ་བསྐལ་པ་བདུན་དུ་མིང་བདུན་བྱུང་བར་གྲགས་ཏེ། རིམ་པ་བཞིན་དུ་རང་བྱུང༌། ཚངས་པ། སྐྱེ་དགུའི་བདག་པོ། པདྨའི་སྐྱེས་གནས་ཅན། གདོང་བཞི་པ། མེས་པོ། གསེར་གྱི་སྙིང་པོ་ཅན་ཞེས་བྱའོ། །དེས་འཇིག་རྟེན་གྱི་མ་བརྒྱད་བསྐྱེད་དེ། ཉི་མའི་མས་ལྷ་དང༌། སྦྱིན་བྱེད་མའི་མས་ལྷ་མིན་དང༌། ཀླུའི་མས་ཀླུ། ནམ་མཁའ་ལྡིང་གི་མས་ནམ་མཁའ་ལྡིང༌། ཚངས་པའི་ཁ་ནས་བྲམ་ཟེ། དཔུང་བ་ལས་རྒྱལ་རིགས། བརླ་ལས་རྗེ་རིགས། རྐང་པའི་མཐིལ་ལས་དམངས་རིགས་རྣམས་བསྐྱེད་དོ་ཞེས་ཟེར་རོ། །ཡང་ལུགས་གཅིག་ལ་ཚངས་པའི་ཁ་ལས་སྐྱེ་དགུའི་བདག་པོ་སྐྱེས། དེས་མཆོད་སྦྱིན་བྱེད་པར་ཚངས་པ་སྤྱན་འདྲེན་པའི་བསུ་བར་རང་གི་བུ་མོ་བཏང་བས་དེ་ལ་ཚངས་པ་ཆགས་ཏེ། ཁུ་བ་ཤོར་བ་བླུགས་གཟར་གྱིས་བླངས་ཏེ་མེར་བསྲེགས་པའི་དབུས་སུ་དྲང་སྲོང་ངན་སྤོང་དང་ཨམ་གི་ར་སྐྱེས། ལྷག་མ་དུར་བའི་ནང་དུ་ལུས་པ་ལས་དྲང་སྲོང་ཨ་ཏི་བྱུང༌། དེས་སྙན་དངགས་དང་སྲིད་བསྲུང་གི་རིག་བྱེད་བརྩམས། དྲང་སྲོང་གཞན་གཉིས་ཀྱིས་མཆོད་སྦྱིན་དང་ངེས་བརྗོད་བྱས་པས་ཚངས་པའི་བུ་བཞིས་བྱས་པ་ལ་ཚངས་པས་བྱས་པར་གྲགས་ཞེས་ཟེར་བ་དང༌། ཁ་ཅིག་གིས་དྲང་སྲོང་དེ་དག་གིས་བཏོན་པ་ཙམ་ཡིན་གྱི་བརྩམས་པ་མིན་ཟེར་བ་དང༌། འདི་དག་ཕལ་ཆེ་བ་ཞིག་གིས་རིག་བྱེད་ནི་སུས་ཀྱང་མ་བྱས་པའི་ཆ་མེད་རྟག་པ་རང་བྱུང་ནམ་མཁའ་ལྟ་བུ་ཡིན་ཞེས་ཀྱང་ཟེར་ལ། ལུགས་འདི་དག་གིས་རིག་བྱེད་ཁོ་ན་ཚད་མར་འདོད་དོ། །རིག་བྱེད་ཀྱི་སྒྲ་རྣམས་ནི་རང་གི་བརྗོད་བྱ་དོན་ངེས་པ་ཅན་ཡིན་གྱི་འདོད་པའི་དབང་གིས་དོན་གང་ཡང་རུང་བ་ལ་འཇུག་པ་ནི་མ་ཡིན་ཏེ། ཨགྣིཧོ་ཏྲཱཾཛུ་ཧོ། ཞེས་པའི་རིག་བྱེད་ཀྱི་ཚིག་དེ་ཉིད་མེ་ལ་སྔགས་ཀྱིས་སྦྱངས་པའི་མར་ལྡུགས་པ་ཁོ་ན་ལ་འཇུག་གི་ཁྱི་ཤ་ཟ་བ་སོགས་གཞན་ལ་འདོད་པའི་དབང་གིས་མི་འཇུག་པ་ལྟ་བུའོ། །དེའི་ཕྱིར། རིག་བྱེད་ཀྱི་སྒྲ་རྣམས་ནི་དོན་བདེན་པ་ཁོ་ན་སྟོན་པ་ཡིན་ཏེ། སྐྱེས་བུས་མ་བྱས་པའི་ངག་ཡིན་པའི་ཕྱིར་རོ། །ཞེས་ཟེར་རོ། །

    མཐོ་རིས་དང་ཚངས་པ་བསྒྲུབ་པའི་ཐབས་ནི་རིག་བྱེད་ཀྱི་གཞུང་ལས་བཤད་པའི་རྟའི་མཆོད་སྦྱིན་དུ་འདོད་དོ། །བརྡའ་སྤྲོད་པ་དག་ནི་སྣོད་བཅུད་སྣ་ཚོགས་པ་སྐྱེས་པའི་གཞི་དང༌། དེ་དག་གི་བདག་ཉིད་དུ་གྱུར་པའི་སྒྲའི་ཚངས་པ་ཡི་གེ་ཨོཾ་ཞེས་བྱ་བ་སྐྱེ་འཇིག་མེད་པས་རྟག་པ། ཕྱོགས་དང་དུས་ཀྱི་ཆ་ཤས་མེད་པ། ཕྱི་ནང་གི་ཡུལ་ལ་བདེན་པར་འཇུག་པ། གཅིག་པུའི་རང་བཞིན་དོན་དམ་པར་གནས་པ་ཞིག་ཡོད་དེ། མ་རིག་པས་བསླད་པ་རྣམས་ལ་གཟུང་འཛིན་སྣ་ཚོགས་སུ་སྣང་བ་ཡིན་ཞེས་ཟེར་ཞིང༌།ཐར་པ་འཐོབ་བྱེད་ཀྱི་ལམ་ནི་ཕྱིའི་ཕྱུགས་ཀྱི་མཆོད་སྦྱིན་གྱི་སྦྱིན་བསྲེགས་དང་ནང་བུད་མེད་ཀྱི་བྷ་གའི་ཐབ་ཏུ་ཁམས་འཛག་པའི་སྦྱིན་བསྲེགས་བྱེད་པ་ལ་འདོད་ཅིང་ཐར་པ་ནི་དེའི་དུས་ཀྱི་སྟོང་སངས་དང་བདེ་བ་ལ་འདོད་དོ། །རིག་བྱེད་མཐའ་བའམ་བྲམ་ཟེ་མཆོག་རྣམས་ནི། འདི་ལྟར་སྨྲ་སྟེ། གང་ཞིག་རིག་བྱེད་ལས་མི་སྨྲ། །གང་ཞིག་རིག་བྱེད་ལས་མི་སྣང༌། །ཐམས་ཅད་མེད་པར་བརྗོད་བྱ་སྟེ། །རིག་བྱེད་འདྲ་བའི་ཐོས་པ་མེད། །ཞེས་པའི་བསྔགས་པ་དང་ལྡན་ཞིང་ཚད་མར་གྱུར་པའི་རིག་བྱེད་ལས་བཤད་པའི་སྐྱེས་བུ་ཞེས་བྱ་བ་གཅིག་པུ་བ། ནམ་ཡང་མི་ཉམས་པས་རྟག་པ། མྱ་ངན་ལས་འདས་པས་ཚངས་པ། སྐྱེ་དགུ་ཐམས་ཅད་ལ་ཁྱབ་པ། ཐོག་མཐའ་མེད་པས་འཆི་བ་མེད་པ། ཉི་མའི་མདོག་ཅན། མུན་པའི་དཀྱིལ་འཁོར་ལས་འདས་པ། ཆེན་པོར་གྱུར་པ། གཉིད་ལོག་པ་ལས་གཞན་ཡིན་པའི་ཕྱིར་སྐྱེས་བུ་ཞེས་བྱ་བ་ཞིག་ཡོད་དེ། ལྷ་ཐམས་ཅད་ཀྱི་བདག་ཉིད་ཡིན་པ་དང༌། དབང་ཕྱུག་ཆེན་པོའི་ངོ་བོ་ཡང་འདི་ཡིན་ནོ་ཞེས་ཏེ། མུན་པ་ལས་གཞན་སྐྱེས་བུ་ནི། །ཆེན་པོར་གྱུར་པ་ཉི་མའི་འོད། །དབང་ཕྱུག་ཆེན་པོ་བདག་དེ་ཉིད། །མཁས་པས་ཤེས་ན་འཆི་མེད་འགྱུར། །ཞེས་སོ། །སྐྱེས་བུ་དེ་ཁོ་ནས་ཁམས་གསུམ་ཐམས་ཅད་དང་བདེ་བ་དང་སྡུག་བསྔལ་དང་འཆིང་བ་དང་གྲོལ་བ་རྣམས་བྱེད་པ་ཡིན་ཏེ། འོན་ཀྱང་རང་གི་ངོ་བོ་འགྱུར་བ་མེད་ཅིང་ཟད་པ་མེད་དོ་ཞེས་ཟེར་ཏེ། སྲིད་པ་སྣ་ཚོགས་དེ་ལས་སྐྱེས། །དར་གྱི་སྲིན་བུས་སྐུད་པ་བཞིན། །ཞེས་སོ། །དུས་ནམ་ཞིག་གི་ཚེ་བསམ་གཏན་ལ་བརྟེན་ནས་ལྷའི་མིག་གིས་སྐྱེས་བུ་དེ་ལ་བལྟས་པ་ན་སྐྱེས་བུ་དེ་ཉིད་གསེར་གྱི་མདོག་ཅན་དུ་མཐོང་བ་ན་དགེ་སྡིག་འཁོར་འདས་མཉམ་པ་ཉིད་དུ་གྱུར་ནས་གྲོལ་བར་འགྱུར་ཏེ། སྐྱེས་བུ་དྲང་སྲོང་ཆེན་པོ་ཉི་མའི་མདོག ། མུན་པ་ལས་གཞན་གྱུར་པ་དེ་རིག་ན། །འཆི་བ་མེད་པར་འགྱུར་ཏེ་བདག་གིས་རྟོགས། །སྐྱེ་མེད་གནས་འགྲོ་བ་ལས་ལམ་གཞན་མེད། །ཞེས་དང༌། བྱེད་པོ་དབང་ཕྱུག་གསེར་མདོག་ཏུ། །གང་གིས་མཐོང་ཞིང་ལྟ་བ་དེ། ། སྡིག་དང་བསོད་ནམས་ལས་འདས་ནས། །མཆོག་ཏུ་ཞི་བ་འཐོབ་པར་འགྱུར། །ཞེས་སོ། །ལུགས་འདི་འོག་ཏུ་འབྱུང་བའི་དཔྱོད་པ་པ་དང་མི་གཅིག་ཀྱང་རྟོག་གེ་འབར་བ་དང་མཁས་གྲུབ་ཐམས་ཅད་མཁྱེན་པའི་ཊིཀ་ཆེན་སོགས་སུ་དཔྱོད་པ་པ་ཞེས་ཀྱང་འབྱུང་ངོ༌། །

    གསང་བ་པ་རྣམས་ནི་བདུད་རྩི་ཐིག་ལུང་ཞེས་བྱ་བའི་རིག་བྱེད་ལ་བརྟེན་ནས་བདག་ཤེས་རིག་རྟག་པ་ཆ་མེད་གཅིག་ཡོད་པར་འདོད་དེ། ཕལ་ཆེར་སྔར་གྱི་དེ་རྣམས་དང་མཚུངས་ལ་ལུགས་སྔ་མ་དང་དོན་གཅིག་ཏུ་བཤད་པ་ཡང་ཡོད་དོ། །གཉིས་པ་དེ་དགག་པ་ལ། ཕྱོགས་སྔ་མས། རིག་བྱེད་ནི་བདེན་པའི་དོན་ཅན་ཡིན་ཏེ། སྐྱེས་བུས་མ་བྱས་པའི་ཕྱིར། ཞེས་པའི་སྒྲུབ་བྱེད་བཀོད་པ་དགག་པ་ནི།རིག་བྱེད་ཀྱི་ངག་ཆོས་ཅན། ལོག་པའི་དོན་ཅན་ཡིན་པར་ཐལ། སྐྱེས་བུས་མ་བྱས་པའི་ཕྱིར། ཁྱབ་པ་ཡོད་དེ། དོན་བདེན་པ་སྟོན་པའི་རྒྱུ་ཤེས་རབ་དང་བརྩེ་བ་ལ་སོགས་པའི་ཡོན་ཏན་དང་བྲལ་བའི་ཕྱིར།ཡང་དེ་ཆོས་ཅན། སྐྱེས་བུས་བྱས་པ་མིན་ན་ཡང་དོན་ལོག་པར་སྟོན་པ་སྲིད་པར་ཐལ། ཁྱོད་ལས་དོན་ཤེས་ཤིང་གོ་བར་བྱེད་པའི་རྒྱུ་ངག་གི་བརྡའ་ནི་སྐྱེས་བུ་ལ་བརྟེན་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ཀྱི་དོན་འཆད་པ་པོ་མི་མཐུན་པ་གཉིས་ཀྱིས་བཤད་ན་གང་རུང་ཅིག་གིས་ཅི་ཙམ་བཤད་ཀྱང་ཉན་པ་པོས་དོན་གང་ཡང་གོ་བ་མི་སྲིད་པར་ཐལ། ཁྱོད་ཀྱི་ཚིག་རྣམས་འབྲེལ་བ་རྟག་དངོས་ཀྱི་དབང་གིས་དོན་རེ་རེ་ཁོ་ན་ལ་བརྗོད་བྱེད་དུ་ངེས་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ཅི་ཙམ་བཤད་ན་ཡང་ཉན་པ་པོས་དོན་གོ་མི་སྲིད་པར་ཐལ། དོན་བྱེད་པས་སྟོངས་པའི་རྟག་པ་ཡིན་པའི་ཕྱིར། ཡང་ཚིག་གཅིག་བརྗོད་པས་དོན་ཐམས་ཅད་གོ་བར་ཐལ། ཆ་ཤས་མེད་པའི་གཅིག་པུ་ཡིན་པའི་ཕྱིར། རྐྱེན་གང་གིས་ཀྱང་བརྗོད་དུ་མེད་པར་ཐལ། འགྱུར་མེད་ཡིན་པའི་ཕྱིར། སྐྱེ་དགུ་ཐམས་ཅད་ཀྱིས་དོན་གོ་བར་ཐལ། ཀུན་ལ་ཁྱབ་པའི་ཕྱིར། ཁྱབ་ཏེ། རིག་བྱེད་རྟག་པ་དེ་ཀུན་ལ་ཁྱབ་པར་ཡོད་ཅིང་ཆ་མེད་པས་གོ་བ་དང་མི་གོ་བའི་བདག་ཉིད་སོ་སོར་མི་འཐད་པའི་ཕྱིར་ཞེས་སོགས་ཏེ།རིགས་པའི་དབང་ཕྱུག་གིས། ཚིག་རྣམས་བདེན་པ་ཉིད་ཀྱི་རྒྱུ། །ཡོན་ཏན་སྐྱེས་བུ་ལ་བརྟེན་ཕྱིར། །སྐྱེས་བུས་མ་བྱས་ལོག་པའི་དོན། །ཅིས་མིན་ཞེས་ནི་གཞན་དག་བརྗོད། །ཞེས་པ་སོགས་རྣམ་འགྲེལ་ལེའུ་དང་བོའི་སྨད་ཀྱི་ཆ་ཕལ་ཆེར་ཕྱོགས་འདི་དགག་པའི་རིགས་པ་ཤིན་ཏུ་རྒྱས་པར་ཡོད་དོ། །ཡང་སྐྱེས་བུ་ཆོས་ཅན། བཅིངས་པ་དང་གྲོལ་བར་མི་རིགས་པར་ཐལ། དུས་ཐམས་ཅད་དུ་རྟག་པ་གཅིག་བུ་ཡིན་པའི་ཕྱིར། དེ་ཆོས་ཅན། སྡུག་བསྔལ་ལས་ཐར་པར་མི་འགྱུར་བར་ཐལ། སྡུག་བསྔལ་དང་བདག་ཉིད་གཅིག་ཏུ་གྲུབ་པའི་ཕྱིར། སྐྱེས་བུ་ཆོས་ཅན། ཀུན་གྱི་བདག་ཉིད་དུ་མི་འགྱུར་ཏེ། དངོས་པོར་མེད་པའི་ཕྱིར། མོ་གཤམ་གྱི་བུ་མོ་བཞིན། ཡང་སྐྱེས་བུ་ཆོས་ཅན། མི་འགྱུར་བ་མ་ཡིན་པར་ཐལ།གཅིག་དང་དུ་མ་དང་ཕྲ་བ་དང་རགས་པར་ཡོད་པའི་ཕྱིར། ཞེས་སོགས་དེ་དག་གིས་འདོད་པའི་སྐྱེས་བུ་འགོག་པའི་རིགས་པའི་རྣམ་གྲངས་དུ་མ་རྟོག་གེ་འབར་བ་ལས་བཤད་པས་དེར་བལྟ་ཞིང༌། བརྗོད་བྱེད་ཀྱི་སྒྲ་ཡུལ་ལ་དངོས་དབང་གིས་བདེན་པར་འཇུག་པ་འགོག་པའི་རིགས་པ་ནི། རྣམ་འགྲེལ་ངེས་སུ་རྒྱས་པར་ཡོད་དོ། །ཚངས་པའི་ལུས་གཅིག་ལས་སྐྱེས་པས་མི་རིགས་བཞི་མི་རུང་བར་ཐལ་བ་དང༌། ཕྱུགས་ཀྱི་མཆོད་སྦྱིན་ཐར་ལམ་ཡིན་པ་འགོག་པ་ནི་དུས་འཁོར་གྱི་སྐོར་ནའང་ཡོད་དོ།།

    ༣ ཁྱབ་འཇུག་པ་དང་དཔྱོད་པ་པ་དགག་པ།

    གསུམ་པ་ཁྱབ་འཇུག་པ་དང་དཔྱོད་པ་པ་དགག་པ་ལ་གཉིས། འདོད་པ་བརྗོད་པ་དང་དེ་དགག་པའོ། །དང་པོ་ལ། ཁྱབ་འཇུག་པ་དང༌། དཔྱོད་པ་པ་གཉིས་ལས། དང་པོ་ལ། སྟོན་པ་ནི་ཁྱབ་འཇུག་སྟེ་འདི་ལ་ནོར་ལྷ་དང༌། སྲེད་མེད་ཀྱི་བུ་དང༌། གྲོང་འཇོམས་སོགས་མིང་ཤིན་ཏུ་མང་བར་བཤད་ལ། བླ་མ་ཟླ་བ་དང༌། སྟོན་པ་གཞོན་ནུ་མ་ལེན་སོགས་ཀྱང་ལུགས་འདིའི་སྟོན་པའོ། །མིང་གི་རྣམ་གྲངས་ནི་ཁྱབ་འཇུག་པ། ཟླ་བ་པ། གླུའི་ཆོས་སྨྲ་བ་རྣམས་སོ། །ལུང་ནི་རྟོག་པ་ལ་ཕན་པའི་ཡལ་ག་དང༌། ཞག་ལྔ་པ། གཡུལ་གྱི་ལས་སྟོན་པའི་ཚིག་ལ་སོགས་པའོ། །དེ་ལ་ཁྱབ་འཇུག་ནི། རྒྱ་མཚོའི་ནང་ན་གྲོང་ཁྱེར་སྐོ་ལྡན་ཞེས་བྱ་བར་དཔལ་མོ་ལ་སོགས་པའི་ཆུང་མ་ཁྲི་དྲུག་སྟོང་སྐོར་ཞིང་གནས་པ་དང༌། ཚངས་པ་དང༌། བརྒྱ་བྱིན་དང༌། ཉི་མ། ཟླ་བ། རིག་བྱེད་བཞི། རི་བོ་མཆོག་རབ། འབྱུང་བ་བཞི། བྲམ་ཟེ། སྦྱིན་བྱེད། ཟ་བ་པོ་སོགས་མཐའ་དག་རང་ཉིད་ཡིན་པར་སྨྲ་བའི་མངོན་པའི་ང་རྒྱལ་དང་ལྡན་པ་ཞིག་སྟེ། ཉི་མའི་ནང་ན་ང་ཁྱབ་འཇུག །སྐར་ནང་འོད་ལྡན་ཟླ་བ་དང༌། །ཞེས་སོགས་སྨྲ་བའི་ཕྱིར་རོ། །དེ་ལ་ཞི་བ་དང་མ་ཞི་བའི་ངོ་བོ་གཉིས་ཡོད་ཅིང༌། ཞི་བ་ནི་ལྷ་རྫས་ཀྱི་ངོ་བོ་ཡོད་མིན་མེད་མིན་གྱི་བདག་ཉིད་འཆི་བ་མེད་པའི་ངོ་བོ་ཡིན་ལ། དེ་བསྒོམས་པས་ཐར་པ་འཐོབ་པར་སྨྲ་སྟེ། གང་གིས་ཁྱབ་འཇུག་ཡོན་ཏན་རྣམས། །རྟག་ཏུ་བསྒོམས་པས་བདེ་འཐོབ་འགྱུར། ། ཞེས་སོ། །མ་ཞི་བ་ནི་ཉ་ལ་སོགས་པའི་ཁྱབ་འཇུག་གི་འཇུག་པ་བཅུར་བཤད་དེ། དེ་ཡང་ཉའི་གཟུགས་ཀྱིས་རིག་བྱེད་བཞི་རྒྱ་མཚོར་ནུབ་པ་བཏོན་པ་དང༌། རུས་སྦལ་གྱིས་འཇིག་རྟེན་བཏེགས་ནས་རྒྱུན་དུ་གནས་པ་དང༌། ཕག་རྒོད་ཀྱི་གཟུགས་ཀྱིས་ཚངས་པའི་འཇིག་རྟེན་མན་ཆད་མནན་པ་དང༌། མིའི་སེང་གེའི་གཟུགས་ཀྱིས་ལྷ་མ་ཡིན་གྱི་དབང་པོ་འགྲོ་བ་སྐྱོང་གསེར་ཅན་བསད་པ་དང༌། མིའུ་ཐུང་གི་གཟུགས་ཀྱིས་ལྷ་མ་ཡིན་སྟོབས་ལྡན་ལས་གོམ་པ་གསུམ་གྱི་ས་བསླང་ཞེས་བསླུས་པ་དང༌། ཤིང་རྟ་བཅུ་པའི་བུ་ར་མ་ཎར་སྤྲུལ་ནས་རང་གི་ཆུང་མ་སྲིན་པོ་ལངྐ་མགྲིན་བཅུས་འཕྲོགས་པ་ལ་སྤྲེའུ་ཧ་ནུ་མནྔྷ་ལ་གྲོགས་བཅོལ་ཏེ་སྲིན་པོ་དེ་བསད་པ་དང༌། ཛ་མཱད་ཨགྣིའི་བུ་ར་མ་ཎར་སྤྲུལ་ནས་སྲིད་སྒྲུབ་ལ་སོགས་པ་བསད་དེ་རྒྱལ་རིགས་བཅད་པ་དང༌། ནག་པར་སྤྲུལ་ནས་ཆུ་བོ་བཞི་ཕྱོགས་ཀུན་དུ་དྲངས་ཤིང་རྩོད་དུས་ཀྱི་སེམས་ཅན་ལ་ཕན་པར་བྱས་པ་དང་སངས་རྒྱས་ཤཱཀ་ཐུབ་ཏུ་སྤྲུལ་ནས་སྔོན་གྱི་སྡིག་པ་སྤྱངས་པ་དང༌། རིགས་ལྡན་བྲམ་ཟེའི་བུ་ཀརྐི་རྩེ་ཞེས་བྱ་བ་མ་འོངས་པ་ན་འབྱུང་བས་སེམས་ཅན་མང་པོ་འདུལ་བར་འདོད་ཅིང༌། དེའི་དང་པོ་གསུམ་ལ་འཐད་པ་མེད་ཀྱང་གཏམ་རྒྱུད་རྙིང་པ་ལ་བརྟེན་པ་དང༌། ཕྱི་མ་རྣམས་དྲང་སྲོང་གདུག་པས་ངོ་མཚར་ཆེ་ཆེ་རྣམས་ཁྱབ་འཇུག་གི་ཡོན་ཏན་དུ་བྱས་པར་དུས་འཁོར་གྱི་སྐོར་ནས་བཤད་དོ། །ལུགས་འདིས་ཀྱང་རྟག་པ་ཆ་མེད་ཀྱི་བདག་ཁས་ལེན་པ་དང༌། གྲོལ་བྱེད་ཀྱི་ལམ་ནི་ཡི་གེ་ཨོཾ་བསྒོམ་པ་དང༌། རླུང་བུམ་པ་ཅན་བསྒོམ་པ་སོགས་ཡོད་པར་བཤད་ལ། འདིའི་རླུང་གི་རྣལ་འབྱོར་ལ་ཡན་ལག་དྲུག་བརྩི་ཚུལ་ཞིག་བཤད་མོད་ཀྱང་རང་རེའི་ཡན་ལག་དྲུག་དང་མི་འདྲ་སྟེ་སློབ་དཔོན་བྱང་ཆུབ་བཟང་པོས། འདི་དག་ལ་ནི་དགག་པ་ཙམ་ལས་ཡན་ལག་དྲུག་པའི་རླུང་གི་ཏིང་ངེ་འཛིན་ནི་མེད་དོ། །ཞེས་གསུངས་པའི་ཕྱིར། ལུགས་འདིས་འཁོར་བ་ཟད་མཐའ་ཅན་དུ་འདོད་ཅིང་སྔར་བཤད་པའི་རིག་བྱེད་མཐའ་བ་སོགས་ལས་ཕལ་མོ་ཆེ་ཞིག་ནི་འདིའི་རྗེས་འབྲང་དུ་རྒྱ་གཞུང་དག་ལས་ཀྱང་བཤད་དོ། ། གཉིས་པ་དཔྱོད་པའམ་རྒྱལ་དཔོག་པ་ནི། རྒྱལ་དཔོག་པ་སྟོན་པར་འདོད་ཅིང་གྲུབ་མཐའི་འདོད་ཚུལ་ལ། བདག་ནི་བློའི་ངོ་བོ་སེམས་པ་ཅན་དང༌། བེམ་པོ་མ་ཡིན་པ། ཤེས་རིག་གི་རང་བཞིན། རྟག་པའི་ངོ་བོ། ཡན་གར་བའི་རྫས་ཡོད། ཆ་ཤས་མེད་པ་ཞིག་ཏུ་འདོད་དོ། ། རིག་བྱེད་ཚད་མར་འདོད་ཚུལ་ནི་སྔ་མ་རྣམས་དང་འདྲ། མཐོ་རིས་ཀྱི་ཚངས་པ་ལྟ་བུ་ངན་འགྲོ་ལས་གྲོལ་བའི་ཕྱིར་ཐར་པ་ཡིན་གྱི་དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་པ་ཡིན་པའི་ཕྱིར་ཉེས་ཟད་ཀྱི་སྐྱེས་བུ་མེད་པ་དང་ཤེས་བྱ་མཐའ་ཡས་པའི་ཕྱིར་ཀུན་མཁྱེན་པའི་སྐྱེས་བུ་མེད་པ་དང༌། དེ་བས་ན་བདེན་པའི་ངག་ཡང་མེད་དོ་ཞེས་སྨྲའོ། །ཚད་མ་ནི་མངོན་རྗེས་གཉིས། སྒྲ་ལས་བྱུང་བ། དཔེ་ཉེར་འཇལ། དོན་གྱིས་གོ་བ། དངོས་པོ་མེད་པའི་ཚད་མ་དང་དྲུག་ཏུ་འདོད་ཅིང༌། འདིའི་སྒྲ་བྱུང་ནི་གྲངས་ཅན་དང་འདྲ། དཔེ་ཉེར་འཇལ་ནི། བ་མེན་མཐོང་བ་ལས་ལྐོག་ཏུ་གྱུར་པའི་བ་ལང་ལ་འདྲ་བར་དཔོག་པ་དང༌། དོན་གྱིས་གོ་བ་ནི། ལྷས་བྱིན་གསོན་པོ་ཁྱིམ་ན་མེད་པས་ཕྱི་རོལ་ན་ཡོད་པར་རྟོགས་པ་ལྟ་བུ་དང༌། དངོས་པོ་མེད་པའི་ཚད་མ་ནི། ཚད་མ་གཞན་ལྔ་པོ་གང་ཡང་མཇལ་བྱེད་དུ་མ་སྐྱེས་པའི་ཡུལ་རྟོགས་པ་ལ་འདོད་ཅིང༌།ཕྱི་མ་འདིའི་ཡུལ་ལ་ཡང་འོ་མ་ལ་ཞོ་མེད་པ་ལྟ་བུ་སྔ་ན་མེད་པ། ཞོ་ལ་འོ་མ་མེད་པ་ལྟ་བུ་ཞིག་ནས་མེད་པ།བ་ལང་ལ་རྟ་མེད་པ་ལྟ་བུ་ཕན་ཚུན་མེད་པ། རི་བོང་གི་རྭ་མེད་པ་ལྟ་བུ་ཤིན་ཏུ་མེད་པ་སྟེ་བཞིར་འདོད་ཅིང༌། ཞོ་ལ་འོ་མ་མེད་པའི་ཆ་ལྟ་བུ་ཡང་དངོས་པོར་འདོད་དོ།།

    དེའི་ནང་ཚན་ཙཱ་ར་ཀ་པ་རྣམས་ནི། ཚད་མ་དེ་དྲུག་གི་སྟེང་དུ་རྒྱུ་ལས་འབྲས་བུ་རྟོགས་པ་ལྟ་བུ་རིགས་པའི་ཚད་མ། ཡུལ་དེ་དམིགས་པ་མེད་པས་མེད་པར་རྟོགས་པ་མ་དམིགས་པའི་ཚད་མ། སྨྲ་བ་པོ་སྔ་མ་དག་གིས་བསྟན་པའི་གྲགས་པ་རྒྱུད་པའི་ཞེས་གྲགས་ཀྱི་ཚད་མ། ཚོགས་པ་ཡོད་པར་རྟོགས་པ་ན་ཚོགས་པ་ཅན་ཡོད་པར་རྟོགས་པ་སྲིད་པའི་ཚད་མ། འདི་ལྟ་བུ་འབྱུང་ངོ་སྙམ་དུ་སེམས་པ་ལས་དེ་ལྟར་བྱུང་བ་སྙམ་སེམས་པའི་ཚད་མ་སྟེ་ཚད་མ་བཅུ་གཅིག་ཏུ་འདོད་དོ། །འདི་དག་གིས་འདོད་པའི་བྱས་ཤུགས་བཞི་བཅུ་ཞེ་བརྒྱད་སོགས་ནི་མངས་ཀྱིས་དོགསནས་མ་བྲིས་ལ་ཤེས་པར་འདོད་ན་རྟོག་གེ་འབར་བ་ན་རྒྱས་པར་ཡོད་པས་དེར་ལྟོས་ཤིག །

    གཉིས་པ་དེ་དག་དགག་པ་ནི། སྣོད་བཅུད་ཐམས་ཅད་ཀྱི་གཙོ་བོ་ཁྱབ་འཇུག་ཡིན་པ་དང༌། ཁྱབ་འཇུག་གིས་ཀུན་ལ་ཁྱབ་པར་འདོད་བཞིན་དུ་ཁྱབ་འཇུག་གིས་གཞན་བསད་པ་དང༌། ཁྱབ་འཇུག་རང་ཉིད་བྲོས་པར་བཤད་པ་རྣམས་ནང་འགལ་དང༌། ཁྱབ་འཇུག་ཆུ་ཡིན་པ་དང༌། ཆུ་ནང་དུ་བྱིང་བ་ཁྱབ་འཇུག་གིས་བཏེགས་པ་དང༌། རང་གི་ལྟོ་བར་སྲིད་གསུམ་གནས་པ་དང༌། རང་གི་ཆུང་མ་གཞན་གྱིས་འཕྲོགས་པ་སོགས་ཀྱང་འགལ་ཞིང༌། དེ་བཞིན་དུ་རིག་བྱེད་ལས་བཤད་པའི་གཏམ་རྒྱུད་རྣམས་ལ་ཡང་འགལ་འདུ་མང་དུ་ཡོད་པ་དགག་པར་སླ་ཞིང༌། དུས་འཁོར་གྱི་སྐོར་དང༌། དབུ་མ་སྙིང་པོ་རྩ་འགྲེལ་དང༌། བསྟོད་ཚོགས་སོགས་སུ་རྒྱས་པར་ཡོད་དོ། །

    ཉེས་ཟད་ཀྱི་སྐྱེས་བུ་མི་སྲིད་པར་འདོད་པ་དགག་པ་ནི། ཆགས་སོགས་རྟག་པ་ཡིན་པའི་ཕྱིར་ཟེར་རམ། མི་རྟག་ཀྱང་དེ་སྤོང་བའི་ཐབས་མེད་པའི་ཕྱིར་ཟེར་རམ། ཐབས་ཡོད་ཀྱང་དེ་སུས་མི་ཤེས་པའི་ཕྱིར་ཟེར་རམ། བསླབ་ན་ཤེས་ནུས་ཀྱང་དོན་དུ་གཉེར་བ་མེད་པའི་ཕྱིར་ཟེར་རམ། དོན་དུ་གཉེར་བ་ཡོད་ཀྱང་སྟོན་པར་བྱེད་པ་མི་སྲིད་པའི་ཕྱིར་སྐྱོན་ཟད་པ་མེད་དོ་ཞེས་སྨྲ། དེ་ལ་ཆགས་སོགས་རྟག་པ་མ་ཡིན་ཏེ། རྒྱུ་ཡོད་པའི་ཕྱིར། སྤོང་བའི་ཐབས་མེད་པ་མ་ཡིན་ཏེ། རྒྱུའི་གཉེན་པོ་གོམས་པས་མ་ལུས་པར་མཛད་པའི་ཕྱིར། ཐབས་ཡོད་ཀྱང་མི་ཤེས་པ་མ་ཡིན་ཏེ། རྒྱུའི་རང་བཞིན་ཤེས་པས་དེའི་གཉེན་པོ་ཤེས་པའང་འགྲུབ་པའི་ཕྱིར། དོན་དུ་གཉེར་བ་མེད་པ་མ་ཡིན་ཏེ། རང་ཉིད་སྡུག་བསྔལ་གྱིས་མནར་བར་མཐོང་ནས་དེ་ལ་སྐྱོ་བ་དང༌། སྡུག་བསྔལ་དེ་ལ་རྒྱུ་ཡོད་པར་ཤེས་ཤིང་དེའི་གཉེན་པོ་ཡོད་པར་ཤེས་པ་ན། སྡུག་བསྔལ་གྱི་རྒྱུ་བཟློག་པའི་ཐབས་ལ་འཇུག་པར་འགྱུར་པའི་ཕྱིར། ཐབས་སྟོན་པ་མེད་པ་མ་ཡིན་ཏེ། རང་ཉིད་ཐར་ལམ་གཟིགས་པ་མཐར་ཕྱིན་པའི་གང་ཟག་གིས་ལན་ལ་རེ་བ་མེད་པར་གཞན་ལ་ལམ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པའི་ཕྱིར། རིགས་པ་འདི་དག་ནི་རིགས་པའི་དབང་ཕྱུག་གིས། རྒྱུ་ཡོད་ཕྱིར་དང་རྒྱུ་ཡི་ནི། ། གཉེན་པོ་གོམས་པས་ཟད་ཕྱིར་རོ། །ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་རིགས་པ་ཡིན་ལ། སེམས་གྱི་རང་བཞིན་འོད་གསལ་བ་དང༌། དྲི་མ་གློ་བུར་བ་ཡིན་པའི་ཕྱིར། དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་པ་མི་འཐད་པ་སོགས་ཀྱང་ཤེར་པར་བྱའོ།།

    ༤ དབང་ཕྱུག་པ་དང་བྱེ་བྲག་པ་རིག་པ་ཅན་གསུམ་དགག་པ།

    བཞི་པ་དབང་ཕྱུག་པ་སོགས་གསུམ་དགག་པ་ལ་གཉིས། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ལ་གཉིས་ལས། དང་པོ་དབང་ཕྱུག་པའི་འདོད་པ་བརྗོད་པ་ལ། སྟོན་པ་ནི་ལྷ་ཆེན་དབང་ཕྱུག་དང༌། དྲང་སྲོང་རྐང་མིག གཟེགས་གཟན་སོགས་སོ། །མིང་གི་རྣམ་གྲངས་ལ་དབང་ཕྱུག་པ། ཞི་བ་པ། ཡེ་སྲིད་པ། རྐང་མིག་པ་རྣམས་སོ། །འདིའི་ཞི་བ་དང༌། ཡེ་སྲིད་ནི་དབང་ཕྱུག་གི་མིང་ཡིན་ལ། རྐང་མིག་ནི་དྲང་སྲོང་མཛེས་པ་ཞེས་བྱ་བའི་མིང་ཡིན་ཏེ། ལྷ་ཆེན་གྱིས་ཨུ་མའི་བསྲུང་མ་ལ་དྲང་སྲོང་དེ་བཞག་པའི་ཚེ་དེ་ལ་ཨུ་མ་ཆགས་ནས་མདུན་དུ་འདུག་སྟེ་རྣམ་འགྱུར་དུ་མ་བསྟན་ཀྱང་དྲང་སྲོང་དེ་རྐང་པར་མིག་ཕབ་ཏེ་བརྟུལ་ཞུགས་བསྲུངས་པས་ལྷ་ཆེན་མཉེས་ནས་གཞུང་རྩོམ་པ་ལ་དབང་བསྐུར་བས་དྲང་སྲོང་རྐང་མིག་ཞེས་གྲགས་ལ། དེའི་རྗེས་སུ་འབྲངས་པ་རྣམས་ལ་རྐང་མིག་པ་ཞེས་གྲགས་སོ། དབྱེ་བ་ལ་སྤྱིར་ལྟ་ཆེན་དབང་ཕྱུག་སྟོན་པར་འཛིན་པའི། ། གྲངས་ཅན་པ། བྱེ་བྲག་པ། རིག་པ་ཅན་པ་གསུམ་ཀྱང་ཡོད་པར་ཞི་འཚོ་ཡབ་སྲས་དང་རྒྱལ་ཚབ་ཐམས་ཅད་མཁྱེན་པ་རྣམས་ཀྱིས་གསུངས་ཤིང༌། བྱེ་རིག་གཉིས་ལ་ཚངས་པ་དང༌། ཁྱབ་འཇུག་གཉིས་ལྷར་འཛིན་པ་ཡང་ཡོད་པས་གཞུང་ཆེན་མོ་རྣམས་སུ་དེ་གཉིས་ལ་ཚངས་པ་བ་དང་ཁྱབ་འཇུག་པའི་ཐ་སྙད་ཀྱིས་ཀྱང་གསུངས་སོ། །དེས་ན་དེ་དག་ལ་ལུགས་འདིའི་བྱེ་བྲག་ཏུ་གྱུར་པའང་ཡོད་མོད་ཀྱི་རང་གི་གྲུབ་མཐའི་ཁྱད་པར་མི་འདྲ་བ་དག་གསལ་བར་བྱ་བའི་ཕྱིར་ཕྱིས་ཀྱི་མཁས་པ་དག་གིས་ལོགས་སུ་བཤད་པ་བཞིན་འདིར་ཡང་འཆད་པས་ན་དངོས་ཀྱི་དབྱེ་བ་ནི། གསལ་བྱེད་པ་དང་རྣ་བ་མ་ཕུག་པ་གཉིས་སུ་བྱའོ། །ལུང་ནི་དབང་ཕྱུག་སྒྲ་བསྒྲགས་ཀྱི་རྒྱུད་དང༌། སྨེ་བ་བརྩེགས་པའི་རྒྱུད་ཅེས་བྱ་བ་རྣམས་སོ། །འདོད་ཚུལ་ལ་ལྷ་དབང་ཕྱུག་ཆེན་པོ་ནི། གངས་རི་ཆེན་པོ་ཏེ་སེ་ན་བཙུན་མོ་ཨུ་མ་དང་སྲས་ཚོགས་བདག་དང་གདོང་དྲུག་སོགས་འཁོར་གྱི་ཚོགས་སྟོང་གིས་བསྐོར་ཞིང་གནས་པར་སློབ་དཔོན་ཤེས་རབ་གོ་ཆས་བཤད་དོ། །

    དབང་ཕྱུག་གི་ཡོན་ཏན་བརྒྱད་ནི་དབང་ཕྱུག་གིས་སེམས་ཅན་གྱི་འཇིག་རྟེན་སྐྱེ་འཇིག་བྱེད་པ་ཕྲ་བ་དང༌། སྣོད་ཀྱི་འཇིག་རྟེན་སྐྱེ་འཇིག་བྱེད་པ་ཡང་བ་དང༌། དེ་གཉིས་ཀ་སྐྱེ་འཇིག་བྱེད་པ་བདག་པོར་གྱུར་པ་དང༌། སེམས་ཅན་རྣམས་ལ་ཚར་གཅོད་རྗེས་འཛིན་གྱི་དབང་ཡོད་པས་དབང་དུ་གྱུར་པ་དང༌། ཡིད་ཀྱིས་གང་བསམ་པར་ཕྱིན་པས་གར་ཡང་ཁྱབ་པ་དང༌། འབྱུང་པོ་ཀུན་གྱིས་མཆོད་པར་གྱུར་པ་དང༌། ཡོན་ཏན་གསུམ་ལ་འདོད་དགུར་དབང་བསྒྱུར་བས་འདོད་དགུར་ལྡན་པ་དང༌། ཐར་པ་དང་ལྷའི་ལུས་སོགས་གང་འདོད་འཐོབ་པས་དགའ་མགུར་གནས་པ་སྟེ་འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་ཞུགས་ལས་བཤད་དོ། །

    གྲུབ་མཐའི་འདོད་ཚུལ་ནི། སྣོང་བཅུད་ཀྱི་འཇིག་རྟེན་རྣམས་ཆོས་ཅན། དབང་ཕྱུག་གི་བློ་སྔོན་དུ་བཏང་ནས་བྱས་པ་ཡིན་ཏེ། སྡོད་ཅིང་ལས་ལ་འཇུག་པའི་ཕྱིར་སྟེའུ་བཞིན། དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་བུམ་སོགས་བཞིན། དོན་བྱེད་ནུས་པའི་ཕྱིར་དགྲ་སྟ་བཞིན། དེས་ན་དབང་ཕྱུག་ནི་ཀུན་མཁྱེན་པ་ཡིན་ཏེ། སྣོང་བཅུད་ཐམས་ཅད་བྱེད་ཤེས་པའི་ཕྱིར་ཞེས་ཟེར་རོ། །ལམ་ནི་བུམ་པ་ཅན་གྱི་རླུང་སྦྱོར་དང༌། དབང་ཕྱུག་གི་ལིངྒའི་རྩེ་ནས་དབང་བསྐུར་བ་དང༌། བུད་མེད་དང་སྦྱར་ནས་ཁམས་འཛག་པའི་བདེ་བ་རྣམས་ཡིན་པར་སྨྲ་ཞིང༌། ཐར་པ་ནི་ཁམས་འཛག་པའི་བདེ་བ་ལས་འཁྲིག་བདེའི་ཡེ་ཤེས་སྐྱེས་པ་ལ་འདོད་དོ། །དུས་འཁོར་གྱི་སྐོར་ནས་དབང་ཕྱུག་པའི་འདོད་པ་མི་འདྲ་བ་ཞིག་བཤད་པ་ནི་འདིར་མ་བྲིས་ཏེ་གཞན་དུ་བལྟ་བར་བྱའོ། །

    གཉིས་པ་བྱེ་བྲག་པ་དང་རིག་པ་ཅན་པའི་འདོད་པ་བརྗོད་པ་ལ། འུག་པ་ལ་ལྷར་འཁྲུལ་ནས་ཚིག་དོན་དྲུག་རྙེད་པར་རློམས་པའི་དྲང་སྲོང་འུག་པ་དང༌། གཞན་གྱིས་བོར་བའི་གཟེགས་མ་ཟ་ཞིང་བརྟུལ་ཞུགས་སྤྱོད་པའི་དྲང་སྲོང་གཟེགས་གཟན་གཉིས་ཀྱི་རྗེས་སུ་འབྲངས་པས་བྱེ་བྲག་པ་ལ་གཟེགས་གཟན་པ་དང་འུག་པ་བ་ཞེས་ཟེར་པ་དང༌། བྲམ་ཟེ་རྐང་མིག་ནི་རིག་པ་ཅན་པའི་སྟོན་པ་ཡིན་པར་རྒྱལ་ཚབ་ཐམས་ཅད་མཁྱེན་པ་དང་མཁས་གྲུབ་སྨྲ་བའི་ཉི་མ་གཉིས་ཀས་བཤད་ལ། ཞི་བ་འཚོ་ཡབ་སྲས་ཀྱི་བཞེད་པར་ཡང་སྣང་ངོ༌། །དེས་ན་འདི་གཉིས་ལ་ཚིག་དོན་དྲུག་གིས་སྤྱི་བྱེ་བྲག་གི་ཁྱད་པར་མང་དུ་སྨྲ་བས་བྱེ་བྲག་པ་དང༌། རྐང་མིག་གིས་བྱས་པའི་རིག་པའི་ལྟ་བའི་རྗེས་སུ་འབྲངས་པས་ན་རིག་པ་ཅན་པ་ཞེས་་གྲགས་སོ། །ཚད་མ་ནི་མངོན་རྗེས་ལུང་གི་ཚད་མ་གསུམ་དུ་བྱེ་བྲག་པ་འདོད་ཅིང༌། རིག་པ་ཅན་པས་དེ་གསུམ་དང་དཔེ་ཉེར་འཇལ་གྱི་ཚད་མ་སྟེ་བཞིར་འདོད་དོ། །གཉིས་ཀས་ཀྱང་རྗེས་དཔག་ལ་རྒྱུ་ལས་འབྲས་བུ་དཔོག་པའི་སྔ་མ་ཅན། འབྲས་བུ་ལས་རྒྱུ་དཔོག་པའི་ལྷག་ལྡན་དང༌། ཆོས་གཅིག་མཐོང་བ་ལས་ཤིན་ཏུ་ལྐོག་གྱུར་གཞན་ཤེས་པ་སྤྱིར་མཐོང་ཅན་ཏེ་གསུམ་དང༌། དེ་དག་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་གསུམ་དང༌། འབྲེལ་བ་མེད་པ། མ་ངེས་པ། ཐེ་ཚོམ་ཅན་ཏེ་རྟགས་ལྟར་སྣང་གསུམ་དུ་འདོད་དོ། །རྟོག་གེའི་ཚིག་དོན་བཅུ་དྲུག་ནི། ཚད་མ་དང༌། གཞལ་བྱ་དང༌། ཐེ་ཚོམ་དང༌། དགོས་པ་དང༌། དཔེ་དང༌། གྲུབ་པའི་མཐའ་དང༌། ཡན་ལག་དང༌། རྟོག་གེ་དང༌། གཏན་ལ་ཕབ་པ་དང༌། རྩོད་པ་དང༌། བརྗོད་པ་དང༌། སུན་ཅི་ཕྱིན་དུ་རྒོལ་བ་དང༌། གཏན་ཚིགས་ལྟར་སྣང་དང༌། ཚིག་ངོར་དང༌། ལྟག་ཆོད་དང༌། ཚར་བཅད་པའི་གནས་རྣམས་སོ། ། ཚིག་དོན་དྲུག་གི་འདོད་ཚུལ་ནི། འདི་གཉིས་ཀྱི་འདོད་པ་ཕལ་ཆེར་འདྲ་བས་ཐུན་མོང་དུ་བཤད་པར་བྱ་སྟེ། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །ཞེས་པ་ལྟར་དྲུག་ལས་རྫས་ཀྱི་མཚན་ཉིད་ནི་བྱ་བ་དང་ལྡན་པ། ཡོན་ཏན་དང་ལྡན་པ། འདུ་བའི་རྒྱུར་གྱུར་པ་སྟེ་གསུམ་མོ། །དབྱེ་བ་ནི་དགུ་སྟེ་ས་ཆུ་མེ་རླུང་ནམ་མཁའ་དུས་ཕྱོགས་བདག་ཡིད་ཅེས་བྱ་བ་རྣམས་སོ། །ཅིའི་ཕྱིར་རྫས་ཞེས་བྱ་ཞེ་ན་བདག་ཉིད་རང་རྐྱ་པར་གྲུབ་ཅིང་ཆོས་གཞན་གྱི་རྟེན་བྱེད་པའི་ཕྱིར་རོ། །ནམ་མཁའ་ལ་སོགས་པ་ལྔ་ནི། རྟག་པ་དང་ཐམས་ཅད་དུ་སོང་བའི་རྫས་ཞེས་བྱ་ལ། ས་ལ་སོགས་པ་བཞི་ནི་ཐམས་ཅད་དུ་སོང་བ་མ་ཡིན་པའི་རྫས་ཞེས་བྱ་ཞིང་དེ་བཞིའི་རྡུལ་ཕྲན་རྣམས་ནི་རྟག་པ་དང༌། རྡུལ་ཕྲན་གྱིས་བརྩམས་པའི་རགས་པ་རྣམས་ནི་མི་རྟག་པར་འདོད་དོ། དེ་ཡང་རགས་པ་རྩོམ་ཚུལ་ནི་འབྱུང་བཞིའི་རྡུལ་ཕྲ་རབ་རིགས་མི་མཐུན་རྣམས་ཕན་ཚུན་འཕྲད་པས་ལྡན་པ་ཙམ་བསྐྱེད་ཀྱི་རྫས་མི་བསྐྱེད་ལ། བུམ་པ་ལྟ་བུའི་་ཡན་ལག་ཅན་གཅིག་ལ་འབྱུང་བཞི་རགས་པའི་རྫས་བཞི་ཡོད་ཅིང་དེའི་སའི་རྫས་ནི་སའི་རྡུལ་ཕྲ་རབ་ཁོ་ནས་བརྩམས་པ་སོགས་སུ་ཤེས་པར་བྱའོ། །རྡུལ་རིགས་མཐུན་རྫས་ཐ་དད་ཕན་ཚུན་འཕྲད་པ་ལས་ལྡན་པ་ཞེས་བྱ་བའི་རྫས་དོན་གཞན་གཅིག་བསྐྱེད་ཅིང་དེ་ནི་འཕྲད་པ་ཞེས་བྱ་བའི་ཐ་སྙད་ཀྱི་རྒྱུར་འགྱུར་རོ། །ཡན་ལག་རྣམས་ཚོགས་པ་ལས་ཡན་ལག་ཅན་གྱི་རྫས་དོན་གཞན་བསྐྱེད་ཅིང་དེ་ནི་མངོན་སུམ་གྱི་ཡུལ་ཡིན་པས་རགས་པ་ཞེས་བྱའོ། ། བདག་ནི་ལུས་དབང་བློ་གསུམ་ལས་དོན་གཞན་དུ་གྱུར་པའི་རྫས། བློ་ལ་སོགས་པའི་ཡོན་ཏན་དེ་རྣམས་ཀྱི་རྟེན་དུ་གྱུར་ཅིང༌། ཡོན་ཏན་དེ་རྣམས་རང་ལ་འདུ་བའི་རྒྱུ་བྱེད་པ། སེམས་མ་ཡིན་པའི་ངོ་བོ། མི་འཇིག་པ། ཐམས་ཅད་དུ་ཁྱབ་པར་འདོད་ལ། སྐྱེས་བུ་དང་གང་ཟག་ཀྱང་དེའི་རྣམ་གྲངས་སོ། །

    གཉིས་པ་ཡོན་ཏན་ལ་མཚན་ཉིད་ནི། རྫས་ལ་བརྟེན་པ། ཡོན་ཏན་གཞན་དང་མི་ལྡན་པ། འདུ་བའི་རྒྱུ་མི་བྱེད་པ། ལྟོས་པ་མེད་པའོ། ། དབྱེ་བ་ནི་ཉི་ཤུ་རྩ་བཞི་སྟེ། རྐང་མིག་གི་མདོ་ལས།གཟུགས་དང༌། རོ་དང༌། དྲི་དང༌། རེག་པ་རྣམས་དང༌། གྲངས་དང༌། ཚད་དང༌། སོ་སོ་བ་དང༌། ལྡན་པ་དང༌། རྣམ་པར་དབྱེ་བ་དང༌། གཞན་དང་གཞན་མ་ཡིན་པ་ཉིད་དང༌། བློ་རྣམས་དང༌། བདེ་བ་དང༌། སྡུག་བསྔལ་དག་དང༌། འདོད་པ་དང༌། སྡང་བ་དག་དང༌། འབད་པ་ནི་ཡོན་ཏན་དག་གོ། །ཞེས་འབྱུང་ཞིང༌། སློབ་དཔོན་ཀ་མ་ལ་ཤྰི་ལས། རང་གི་སྒྲ་ལས་ལྩི་བ་དང༌། སྣུམ་པ་དང༌། འདུས་བྱས་པ་དང༌། ཆོས་དང༌། ཆོས་མ་ཡིན་པ་དང༌། སྒྲ་རྣམས་གཟུང་ངོ༌། །ཞེས་གསུངས་ཤིང༌། སྐབས་གཞན་དུ་དྲོ་བ་དང་གཤེར་བ་ཡང་ཡོན་ཏན་དུ་བཤད་པས་དེ་ལྟར་ཉི་ཤུ་རྩ་བཞིའོ། །དེ་ལས་གཟུགས་དྲི་རོ་རེག་བཞི་ནི་འབྱུང་བ་བཞིའི་ཡོན་ཏན་ནོ། །སྒྲ་ནི་ནམ་མཁའི་ཡོན་ཏན་ནོ། །གྲངས་ནས་གཞན་མ་ཡིན་པའི་བར་བདུན་ནི་དུས་དང་ཕྱོགས་ཀྱི་ཡོན་ཏན་ནོ། ། བློ་ནས་འབད་པའི་བར་དྲུག་དང༌། ཆོས་ཆོས་མིན་གཉིས། འདུས་བྱས་དང་དགུ་ནི་བདག་གི་ཡོན་ཏན་ནོ། །ལྩི་སྣུམ་དྲོ་གཤེར་རྣམས་ནི་རགས་པའི་རྫས་འབའ་ཞིག་གི་ཡོན་ཏན་ནོ། །དེ་ལ་གཟུགས་རོ་དྲི་རེག་ནི་རིམ་པ་བཞིན་མིག་ལྕེ་སྣ་ལུས་ཀྱི་གཟུང་བྱ་སྟེ་ས་སོགས་ཀྱི་ཡོན་ཏན་ནོ། ། གྲངས་ནི་གཅིག་ལ་སོགས་པའི་ཐ་སྙད་ཀྱི་རྒྱུར་གྱུར་པ་དང༌། ཚད་ནི་ཆེན་པོ་ལ་སོགས་པའི་ཐ་སྙད་ཀྱི་རྒྱུར་གྱུར་པ་དང༌། སོ་སོ་བ་ནི་གཉིས་ཆོས་རྣམས་ལ་ཡོད་པའི་སོ་སོ་བའི་ཐ་སྙད་ཀྱི་ཡུལ་དང༌། ལྡན་པ་ནི་འཕྲད་པ་དང་བར་མེད་པར་བརྗོད་པའི་ཡུལ་དུ་གྱུར་པའོ། །རྣམ་དབྱེ་ནི་འཕྲད་པ་ཞིག་པའམ་ཕན་ཚུན་ཕྱེ་བར་འཛིན་པའི་ཤེས་པའི་སྣང་ཡུལ་དུ་གྱུར་པ་དང༌། གཞན་ནི་ལྷན་ཅིག་གནས་པའི་ཀ་བུམ་ལྟ་བུ་ལ་ཀ་བ་བུམ་པ་ལས་གཞན་དུ་འཛིན་པའི་ཤེས་པའི་རྒྱུ་དང༌། གཞན་མ་ཡིན་པ་ཉིད་ནི་བུམ་པ་ཉིད་བུམ་པ་ལས་གཞན་མ་ཡིན་པར་འཛིན་པའི་ཤེས་བའི་རྒྱུ་དང༌། བློ་ནི་ཤེས་པ་དང༌། བདེ་བ་ནི་སེམས་པ་དང༌། སྡུག་བསྔལ་ནི་གདུང་བ་དང༌། འདོད་པ་ནི་ཆགས་པ་དང༌། སྡང་བ་ནི་ཞེ་སྡང་དང༌། འབད་པ་ནི་རྩོལ་བ་སྟེ་བདེ་བ་མན་ཆད་འདི་དག་ཀྱང་བེམ་པོར་འདོད་དོ། །ལྩི་བ་ནི་ཐུར་དུ་འདྲེན་པའི་རྒྱུ་དང༌། གཤེར་བ་ནི་བརླན་པའི་ངོ་བོའི་རྒྱུའི་ཡོན་ཏན་དང༌། དྲོ་བ་ནི་མེའི་ཡོན་ཏན་དང་ སྣུམ་པ་ནི་མར་ལ་སོགས་པའི་ས་ཆུ་འཕྲད་པའི་རྫས་འགའ་ཞིག་གི་ཡོན་ཏན་དང༌། འདུས་བྱས་པ་ནི་ཤུགས་དང་བག་ཆགས་དང་གནས་པ་འཇིག་པ་གསུམ་སྟེ། ཤུགས་ནི་དཔེར་ན་མདའ་འཕངས་པ་མི་ལྟུང་བར་བྱེད་པའི་རྒྱུ་ལྟ་བུ་དང༌། བག་ཆགས་ནི་རྒྱུ་ཤེས་པ་ལས་སྐྱེས་ཤིང་འབྲས་བུ་ཤེས་པ་བསྐྱེད་པའི་ནུས་པའི་ངོ་བོར་གྱུར་པ་དང༌། གནས་པ་འཇིག་པ་ནི་ལུས་ཅན་གྱི་རྫས་ཀྱི་ཡོན་ཏན་གང་ཞིག་འབད་པས་གཞན་དུ་གནས་པར་བྱེད་ཀྱང་འབད་པ་བཏང་བ་ན་སྔ་མ་ཇི་ལྟ་བ་བཞིན་དུ་གནས་པར་བྱེད་པ་དང༌། ཆོས་ནི་ཁྲུས་དང་དབང་བསྐུར་བ་སོགས་མ་མཐོང་བའི་འབྲས་བུ་བདེ་བ་སྟེར་བའི་ལས་དང༌། ཆོས་མ་ཡིན་པ་ནི་དེ་ལས་ལྡོག་པ་མ་མཐོང་བའི་འབྲས་བུ་སྡུག་བསྔལ་སྟེར་བའི་ལས་ཏེ། ཡོན་ཏན་དེ་དག་ཀྱང་ཡོན་ཏན་ཅན་ལས་དོན་གཞན་དུ་གྱུར་པའི་དངོས་པོ་འབའ་ཞིག་ཏུ་འདོད་དོ། །གསུམ་པ་ལས་ནི། འདེགས་པ་དང༌། འཇོག་པ་དང༌། བརྐྱང་པ་དང༌། བསྐུམ་པ་དང༌། འགྲོ་བ་སྟེ་ལྔའོ། །དེ་ཡང་འདེགས་པ་ལ་མཚོན་ན་སྟེང་ཕྱོགས་ཀྱི་ལྡན་པ་དང་འོག་ཕྱོགས་ཀྱི་རྣམ་དབྱེ་ལས་སྐྱེས་ཤིང༌། འོག་ནས་སྟེང་དུ་འདྲེན་པའི་བྱ་བ། འདེགས་བྱ་འདེགས་བྱེད་གཉིས་ཀ་ལས་རྫས་ཐ་དད་དུ་གྱུར་པ་ཞིག་སྟེ་དེས་གཞན་ཡང་མཚོན་ནོ། །བཞི་པ་སྤྱི་ནི། གང་ལ་རང་ཉིད་རྗེས་སུ་འགྲོ་བའི་ཆོས་དེ་ལ་ཐུན་མོང་གི་སྒྲ་བློ་འཇུག་པའི་རྒྱུར་གྱུར་པ་སྟེ་དེ་ལ་ཡང་ཁྱབ་པའི་སྤྱི་དང་ཉི་ཚེ་བའི་སྤྱི་གཉིས་སོ། །དང་པོ་ནི་ཡོད་པ་ཉིད་ཞེས་བྱ་བ་ལྟ་བུའོ། ། གཉིས་པ་ནི་བ་ལང་ཉིད་དང་ཤིང་ཉིད་ཞེས་པ་ལྟ་བུ་སྟེ་དེ་ཡང་རྟག་པར་འདོད་དོ། །ལྔ་པ་བྱེ་བྲག་ནི། ཆོས་གང་གིས་རང་གི་རྟེན་དེ་གཞན་ལས་ཁྱད་པར་དུ་གོ་བར་བྱེད་པའི་ཆོས་དང༌། དྲུག་པ་འདུ་བ་ནི་ཡུལ་སོ་སོ་མ་ཡིན་པར་གྲུབ་པའི་རྟེན་དང་བརྟེན་པའི་ཆོས་རྣམས་ལ་དམིགས་ནས་འདི་ལ་འདི་ཡོད་པའོ་སྙམ་དུ་འཛིན་པའི་ཤེས་པའི་གཟུང་ཡུལ་དུ་གྱུར་ཅིང༌། རྟེན་རྫས་སོགས་དང་བརྟེན་པ་ཡོན་ཏན་གཉིས་ཕྲད་ཅིང་འབྲེལ་བའི་ཆར་གྱུར་པའི་ཆོས་རྟེན་དང་བརྟེན་པ་དེ་གཉིས་ཀ་ལས་རྫས་ཐ་དད་དུ་གྱུར་པའོ།།གཞན་ཡང་ཡོན་ཏན་ལ་ཡོན་ཏན་གཉིས་པ་མེད། རྫས་ལས་གཞན་ལ་ཡོན་ཏན་མི་བརྟེན། སྤྱི་ལ་སྤྱི་གཉིས་པ་རྗེས་སུ་མི་འགྲོ། ལས་ནི་མི་རྟག བྱེ་བྲག་དང་འདུ་བ་ནི་རྟག་པར་འདོད་དོ། །

    ལུགས་འདིས་ཐར་པ་འཐོབ་བྱེད་ཀྱི་ལམ་ནི། ཁྲུས་དང༌། དབང་བསྐུར་བ་དང༌། བསྙུང་བར་གནས་པ་དང༌། བླ་མའི་ཁྱིམ་དུ་གནས་པས་ཚངས་པར་སྤྱོད་པ་དང༌། ནགས་སུ་གནས་པ་དང༌།མཆོད་སྦྱིན་དང༌། སྦྱིན་པ་ལ་སོགས་པ་ཡིན་ཞིང་ནམ་ཞིག་བླ་མའི་མན་ངག་ལས་རྣལ་འབྱོར་བསྒོམས་ཏེ།བདག་དབང་སོགས་རྣམས་ལས་དོན་གཞན་དུ་ཤེས་ནས་བདག་གི་དེ་ཁོ་ན་ཉིད་མཐོང་ཞིང་ཚིག་གི་དོན་དྲུག་གི་རང་བཞིན་ཁོང་དུ་ཆུད་པ་ན། བདག་ནི་ཁྱབ་པའི་རང་བཞིན་ཡིན་ཡང་བྱེད་པ་མེད་པར་ཤེས་ཏེ། ཆོས་དང་ཆོས་མ་ཡིན་པའི་ལས་གང་ཡང་གསོག་པར་མི་བྱེད། ལས་གསར་པ་མ་བསགས་ཤིང་རྙིང་པ་ཟད་པས་སྔར་བླངས་པའི་ལུས་དང་དབང་པོ་དང་བློ་དང་བདེ་སྡུག་འདོད་སྡང་སོགས་བདག་དང་བྲལ་ཞིང༌། གསར་བའི་ལུས་དང་དབང་པོ་མ་བླངས་པས། བུད་ཤིང་ཟད་པའི་མེ་བཞིན་དུ་སྐྱེ་བའི་རྒྱུན་ཆད་དེ་བདག་འབའ་ཞིག་ཏུ་གནས་པར་གྱུར་པ་ན་ཐར་པ་ཐོབ་པ་ཡིན་ཞེས་ཟེར་རོ། །དེ་ལྟར་ན་སྤྱིར་མུ་སྟེགས་ཀྱི་གྲུབ་མཐའ་འདི་རྣམས་ལས་གྲངས་ཅན་པ་དང༌། བྱེ་བག་པ། རིག་པ་ཅན་པ་གསུམ་གྱི་འདོད་ཚུལ་ཅུང་ཟད་བརླིང་ཞིང༌། ཁྱད་པར་དུ་ཚད་མ་སྡེ་བདུན་སོགས་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོའི་གཞུང་རྣམས་སུ་འདི་དག་གི་འདོད་པ་འགོག་པའི་རིགས་པ་མང་དུ་གསུངས་པ་རྣམས་ཀྱི་ཕྱོགས་སྔ་མ་ལེགས་པར་མ་ཤེས་ན་དེ་འགོག་པའི་རིགས་པའི་གནོད་པ་འབབ་ཚུལ་ཀྱང་ཤེས་པར་དཀའ་བས་བདག་གིས་འདིར་ཅུང་ཟད་ཕྱེ་སྟེ་བཤད་པ་ཡིན་ཞིང༌། ད་དུང་ཞིབ་པར་ཤེས་འདོད་ན་འཕགས་ཡུལ་མཁས་པའི་གཞུང་དང༌། རྗེ་བདག་ཉིད་ཆེན་པོའི་སྲས་ཀྱི་ཐུ་བོ་རྣམ་གཉིས་ཀྱིས་མཛད་པའི་རྣམ་འགྲེལ་ངེས་ཀྱི་ཊིཀྐ་ཆེན་མོ་རྣམས་སུ་བལྟ་བར་བྱའོ ། །

    གཉིས་པ་དེ་དགག་པ་ནི། ཁྱོད་ཀྱིས་འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་རྣམས་སྤྱིར་བློ་སྔོན་དུ་སོང་བ་ཙམ་དུ་བསྒྲུབས་པ་ཡིན་ནམ། བློ་རྟག་པ་ཞིག་གིས་བྱས་པར་བསྒྲུབས་བ་ཡིན་ནམ། བྱེད་པ་པོ་དབང་ཕྱུག་སྔོན་དུ་སོང་བ་ཉིད་དུ་བསྒྲུབས་པ་ཡིན་གྲང༌། དང་པོ་ལྟར་ན་གྲུབ་པ་ལ་བསྒྲུབས་པ་ཉིད་དུ་གྱུར་ཏེ། རང་རྒྱུ་སེམས་པའི་ལས་ལས་སྐྱེས་པར་སངས་རྒྱས་པས་བསྒྲུབས་ཟིན་པའི་ཕྱིར། གཉིས་པ་ལྟར་ན་རྟགས་ཆོས་གཉིས་ལྡན་གྱི་དཔེ་མ་གྲུབ་ཏེ། བློ་རྟག་པ་ཡིན་པ་མི་སྲིད་པའི་ཕྱིར། གསུམ་པ་ལྟར་ན་དབང་ཕྱུག་ཉིད་ཀྱིས་མ་ངེས་ཏེ། འདི་ལྟར་དབང་ཕྱུག་ཆོས་ཅན། བྱེད་པ་པོ་གཞན་སྔོན་དུ་སོང་བར་ཐལ། སྡོད་ཅིང་འཇུག་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་ཁྱོད་ལ་ཡང་མཚུངས་པའི་ཕྱིར། དེ་ལ་འདོད་ན། དབང་ཕྱུག་རྟག་པ་མ་ཡིན་པར་ཐལ་ལོ། །དབང་ཕྱུག་བྱེད་པ་པོར་བསྒྲུབས་པ་ལ་དབྱིབས་ཀྱི་དོན་རྟགས་སུམིརུང་སྟེ། དབྱིབས་ཁྱད་པར་ཅན་ཡང་མི་རུང༌། དབྱིབས་ཙམ་ཡང་མི་རུང་བའི་ཕྱིར། དང་པོ་དེར་ཐལ། དད་བྱིན་གྱིས་རླབས་པའི་སྐྱེས་བུ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འཇུག་པ་ཅན་གྱི་དབྱིབས་ལྡན་དེ་དག་དཔེ་བུམ་སོགས་ཇི་འདྲ་བ་དེ་ལྟར་རབ་ཏུ་མ་གྲུབ་པས་ཕྱོགས་ཀྱི་ཆོས་མ་གྲུབ་པའི་ཕྱིར། གཉིས་པ་དེར་ཐལ། དེ་དག་གི་དབྱིབས་སྐྱེས་བུས་བྱས་པའི་དབྱིབས་དང་རྒྱུ་རིགས་ཐ་དད་པའི་དངོས་པོ་ལས་སྐྱེས་པར་རབ་ཏུ་གྲུབ་པའི་ཕྱིར། དེས་ན་དབྱིབས་ཙམ་དུ་མཚུངས་པས་དེ་ལྟར་བསྒྲུབ་མི་ནུས་ཏེ། སྐྱ་བོའི་རྫས་ལས་རང་ཡོང་པའི་གཞིར་མེ་དཔོག་པ་བཞིན་ནོ། །གཞན་དུ་ན་གྲོག་མཁར་ཡང་རྫ་མཁན་དེས་བྱས་པར་ཐལ། དེ་དང་རྫ་མཁན་གྱིས་བྱས་པའི་བུམ་པ་ལ་སོགས་པ་འཇིམ་པའི་རྣམ་འགྱུར་འགའ་ཞིག་མཚུངས་པའི་ཕྱིར། དབང་ཕྱུག་ཆོས་ཅན། མྱུ་གུའི་རྒྱུ་དང་རྒྱུ་མ་ཡིན་པ་གཉིས་ཀ་ཡིན་པར་ཐལ། མྱུ་གུའི་རྒྱུ་ཡིན་པའི་རང་བཞིན་ལས་མ་འཕོས་བཞིན་དུ་སྐབས་ལ་ལར་དེའི་རྒྱུ་མ་ཡིན་པའི་རང་བཞིན་དུ་འདོད་པའི་ཕྱིར། ཁྱབ་པ་མེད་ན་འབྲེལ་མེད་ཀྱི་སྡོང་དུམ་ཡང་རྨ་སོས་པ་ལ་སོགས་པའི་རྒྱུར་རྟོགས་རིགས་པར་ཐལ་ལོ། །ཞེས་པ་ནི་རིགས་པའི་དབང་ཕྱུག་གིས། སྡོང་འཇུག་དབྱིབས་ཀྱི་ཁྱད་པར་དང༌། དོན་བྱེད་པ་ལ་སོགས་པ་དག །འདོད་པ་གྲུབ་པའམ་དཔེ་མ་གྲུབ། ། ཡང་ན་ཐེ་ཚོམ་ཟ་བ་ཡིན། །ཞེས་སོགས་ཀྱིས་བསྟན་པའི་རིགས་པའོ། ། དབང་ཕྱུག་ཆོས་ཅན། ཀུན་ལ་མ་ཁྱབ་པར་ཐལ། ཆ་མེད་པའི་གཅིག་པུ་ཡིན་པའི་ཕྱིར། སྣོད་བཅུད་མཐའ་དག་ཆོས་ཅན། དུས་རྟག་ཏུ་སྐྱེ་བ་ཁོ་ནར་འགྱུར་བར་ཐལ། ཁྱོད་ཀྱི་རྒྱུ་དབང་ཕྱུག་རྟག་པ་དུས་རྟག་ཏུ་གནས་པའི་ཕྱིར། དབང་ཕྱུག་ཆོས་ཅན། སྣོད་བཅུད་ཐམས་ཅད་དུས་རྟག་ཏུ་བསྐྱེད་པའམ་ཡང་ན་ནམ་ཡང་མི་བྱེད་པ་ཉིད་ཡིན་པར་ཐལ། ཁྱོང་ཀྱི་རང་བཞིན་ནམ་ཡང་འགྱུར་བ་མེད་པའི་ཕྱིར། །ཞེས་པ་རྣམས་ནི་གཞུང་ཆེན་མོ་ཕལ་ཆེ་བ་ལས་འབྱུང་ངོ༌། །དབང་ཕྱུག་གི་ལུང་ལས་བཤད་པའི་དབང་བསྐུར་གྱི་ཆོ་ག་ཆོས་ཅན། སྲིད་པ་ལས་གྲོལ་བའི་ལམ་མིན་ཏེ། ཁྱོད་ཀྱིས་སྲིད་པར་སྐྱེ་བའི་རྒྱུ་ཕུང་པོ་ལ་ཆགས་པའི་སྲེད་པ་སོགས་གང་ཡང་ཉམས་པ་མེད་པའི་ཕྱིར། གཞན་དུ་ན། དབང་བསྐུར་ཐོབ་པའི་སྐྱེས་བུ་དེ་དག་ཆོས་ཅན། དབང་བསྐུར་ཐོབ་མ་ཐག་རང་རྒྱུད་ཀྱི་སེམས་པའི་དབང་གིས་མིག་སོགས་ཡུལ་ལ་འཇུག་པའི་བྱ་བ་རྣམས་རྒྱུན་འཆད་པར་འགྱུར་བར་ཐལ། དེ་ལྟར་བྱེད་པའི་སེམས་པའི་ནུས་པ་དབང་བསྐུར་གྱིས་བཅོམ་པའི་ཕྱིར། ཅི་སྟེ་དབང་བསྐུར་ཐོབ་པ་རྣམས་ཤི་བའི་ཚེ་བློ་མེད་པའི་ཕྱིར་དེ་དག་རྒྱུན་འཆད་པར་འགྱུར་རོ་ཞེ་ན། དེ་འདྲའི་འཆི་ཁ་མའི་གང་ཟག་གི་རྒྱུད་ཀྱི་དྲི་མ་རྣམས་ཆོས་ཅན། རིགས་འདྲ་ཕྱི་མ་འཚམས་སྦྱོར་ཏེ། དེའི་དངོས་རྒྱུ་ནུས་པ་ཐོགས་མེད་ཚང་བའི་ཕྱིར། བདག་རྟག་པར་སྨྲ་བ་ཁྱེད་རྣམས་ལ་བཅིང་གྲོལ་གང་ཡང་མི་འཐད་དེ། རྟག་པ་ནི་རང་བཞིན་འགྱུར་བ་མེད་པས་རྐྱེན་ལ་ལྟོས་པ་མེད་པའི་ཕྱིར། རྒྱུ་དང་འབྲས་བུའང་གཅིག་པར་འགྱུར་བར་ཐལ། བདག་རྟག་པ་དེ་ཉིད་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོ་ཡིན་པའི་ཕྱིར། ཅི་སྟེ་རྒྱུ་འབྲས་དེ་དག་བདག་ལས་ཐ་དད་པས་སྐྱོན་མེད་དོ་ཞེ་ན། བདག་རྟག་པ་དེ་ཆོས་ཅན། རྒྱུ་འབྲས་དེ་དག་བྱེད་པ་པོ་དང་ཟ་བ་པོ་མ་ཡིན་པར་ཐལ། ཁྱོད་དེ་དག་ལས་བདག་ཉིད་འབྲེལ་བ་མེད་པའི་ཐ་དད་ཡིན་པའི་ཕྱིར། ཞེས་པ་རྣམས་ནི་རྣམ་འགྲེལ་ལས། ལུང་ཙམ་གྱིས་ནི་གྲོལ་བར་ཡང༌། །སྨྲ་བ་ཡོངས་སུ་མགུ་བྱེད་མིན། །ཞེས་སོགས་ཀྱིས་བསྟན་པའི་རིགས་པའོ། ། གསལ་བྱེད་དངོས་པོ་ལས་རྫས་ཐ་དད་པའི་རིགས་སོགས་ཡོད་པ་མི་འཐད་དེ། མངོན་སུམ་གྱི་ཚད་མས་མ་མཐོང་བའི་ཕྱིར་དང༌། རྗེས་དཔག་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་མེད་པའི་ཕྱིར། ཕྱི་མ་དེར་ཐལ། དེ་བསྒྲུབ་ཀྱི་མཐུན་དཔེ་མེད་པའི་ཕྱིར། གལ་ཏེ་དཔེ་མེད་པ་མ་གྲུབ་སྟེ། སྐྱེས་བུ་དབྱུག་པ་ཅན་ཞེས་པའི་སྒྲ་ནི་སྐྱེས་བུ་ལས་དོན་གཞན་དུ་གྱུར་པའི་དབྱུག་པ་ཁོ་ན་རྒྱུར་གྱུར་པའི་ཕྱིར་ཞེ་ན། མི་འཐད་དེ། དབྱུག་པ་ཅན་ཞེས་པ་མི་སྐྱེས་བུ་དང་དབྱུག་པའི་འབྲེལ་པ་ཀུན་རྫོབ་པ་ལས་ཐ་སྙད་འདོགས་པ་ཡིན་གྱི་དབྱུག་པ་ཁོ་ནའི་རྒྱུ་མཚན་གྱིས་མ་ཡིན་པའི་ཕྱིར། གཞན་དུ་ན་དབྱུག་པ་ཡན་གར་བ་ལ་ཡང་དབྱུག་པ་ཅན་དུ་ཤེས་པར་ཐལ་ལོ །དུ་མ་ལ་སྒྲ་གཅིག་འཇུག་པ་རྒྱུ་མཚན་དོན་གཞན་གྱིས་ཁྱབ་པ་ཡང་མི་འཐད་དེ། ཚིག་གི་དོན་དྲུག་ལ་དངོས་པོ་ཞེས་པའི་སྒྲ་གཅིག་འཇུག་པ་ཡང་ཚིག་གི་དོན་དྲུག་ལས་གཞན་པའི་དངོས་པོ་ལ་ལྟོས་པར་ཐལ་བར་འགྱུར་པའི་ཕྱིར། ཅི་སྟེ་དེ་ཡང་དོ་ཞེ་ན། ཚིག་གི་དོན་དྲུག་ལས་གཞན་པའི་ཤེས་བྱ་མེད་པར་སྨྲས་པ་མི་འཐད་པར་འགྱུར་རོ། །འདི་ནི་རྣམ་འགྲེལ་ལེའུ་གསུམ་པའི་རིགས་པའོ། །

    ༥ གཅེར་བུ་པ་དགག་པ།

    ལྔ་པ་གཅེར་བུ་པ་དགག་པ་ལ། འདོད་པ་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ་ལ། སྟོན་པ་ནི་རྒྱལ་བ་དམ་པ་དང༌། དྲད་སྲོང་མཆོད་འོས་དང༌། ཁྱུ་མཆོག་དང༌། འཕེལ་བ་སོགས་སྟོན་པ་ཉི་ཤུ་རྩ་ལྔ་ཡོད་པར་བཤད་དོ། །མིང་གི་རྣམ་གྲངས་ནི་གོས་མེད་པས་གཅེར་བུ་པ་དང༌། ཕྱོགས་ཀྱི་གོས་ཅན་དང། ནམ་མཁའི་གོས་ཅན་དང༌། དཀའ་ཐུབ་ཀྱིས་སྡིག་པ་ཟད་པར་འདོད་་པས་ཟད་པ་བ་དང༌། རྒྱལ་བ་དམ་པའི་རྗེས་སུ་འབྲངས་པས་རྒྱལ་བ་པ། མཆོད་འོས་སྟོན་པར་འཛིན་པས་མཆོད་འོས་པ། སྲོག་བདག་ཏུ་སྨྲ་བས་འཚོ་བ་པ། གཅེར་བུ་ལ་ངོ་ཚར་མི་འཛིན་པས་འཛེམ་མེད་པ་དང་ཐལ་བ་པ། ཕྱོགས་སུ་ལྡོམ་བུ་བྱེད་པས་ཀུན་དུ་རྒྱུ་ཞེས་གྲགས་སོ། །ལུང་ནི་རྒྱས་བྱེད་སྐར་མའི་བསྟན་བཅོས་ལ་སོགས་པའོ། །འདོད་ཚུལ་ལ་འདིས་འདོད་པའི་ཚིག་གི་དོན་དགུ་ནི། སྲོག ཟག་པ། སྡོམ་པ། ངེས་པར་རྒ་བ། འཆིང་བ། ལས། སྡིག་པ། བསོད་ནམས། ཐར་པ་རྣམས་སོ། །དུས་འཁོར་ལས་ནི། སྲོག་ལྡན། སྲོག་ལྡན་མ་ཡིན་པ། ཟག་པ། སྡོམ་པ། སྤང་བ། བཅིངས་པ། འཕར་བ།འགྲོ་བ། འོང་བ་སྟེ་དགུར་འདོད་པར་བཤད་ལ། དེ་ལས་སྔ་མ་འཕགས་ཡུལ་གྱི་གཅེར་བུ་པ་དངཕྱི་མ་ཤམྦྷ་ལའི་གཅེར་བུ་པའི་ལུགས་སུ་མཁས་པ་དག་བཞེང་དོ། །རྫས་དང་རྣམ་གྲངས་ཀྱི་འདོད་ཚུལ་ནི་སྲོག་ལྟ་བུ་དེ་དག་ཕལ་ཆེར་གྱི་རྫས་དང་རྣམ་གྲངས་གཉིས་གཅིག་པ་དང་ཐ་དད་པའི་ཚུལ་ཡོད་དེ། དེ་གཉིས་ཡུལ་དུས་རང་བཞིན་ཐ་མི་དད་པས་དེའི་སྒོ་ནས་རྫས་གཅིག་དང་གྲངས་དང་མིང་གི་རྣམ་གྲངས་ཐ་དད་པའི་སྒོ་ནས་རྣམ་གྲངས་ཐ་དད་པར་བཞག་པའི་ཕྱིར། དཔེར་ན་གཟུགས་ལ་སོགས་པ་དག་བུམ་པ་ལས་ཡུལ་དུས་རང་བཞིན་ཐ་མི་དད་པས་རྫས་གཅིག་ཡིན་ལ། བུམ་པ་ནི་གཅིག་དང་གཟུགས་ལ་སོགས་པ་ནི་མང་པོ་ཡིན་པས་གྲངས་ཀྱིས་ཐ་དད་པར་འཇོག་པ་བཞིན་ནོ། །དེ་ཡང་རྫས་ནི་ནམ་ཡང་མི་འཇིག་པར་རྗེས་སུ་འགྲོ་བས་རྟག་པ་ཡིན་ལ། རྣམ་གྲངས་ནི་རྗེས་སུ་འགྲོ་བ་མེད་པའི་སྒོ་ནས་ལྡོག་པས་མི་རྟག་པས་སོ་ཞེས་ཟེར་རོ། །དེ་ལ་སྲོག་ནི། བདག་ཡིན་ལ། དེ་ཡང་སྐྱེས་བུ་རྣམས་ཀྱི་ལུས་ཀྱི་ཚད་ཇི་ལྟ་བ་བཞིན་དུ་ཡོད་པ་ཤེས་པ་ཡིན་ལ། ངོ་བོ་རྟག་པས་དུས་ཐམས་ཅད་དུ་རྗེས་སུ་འགྲོ་བའམ་འཇུག་པ་ཅན་དང༌། རྣམ་གྲངས་མི་རྟག་པས་གནས་སྐབས་ལྡོག་པའི་མཚན་ཉིད་ཅན་ཡིན་ནོ། །ཞེས་སྨྲའོ། གཞན་ཡང་དུས་ནི་གསུམ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བ་རྫས་སུ་ཡོད་པ་རྟག་པའོ། །

    རྫས་ནི་དྲུག་སྟེ། སྲོག་དང༌། གང་ཟག་དང༌། དུས་དང༌། ནམ་མཁའ་དང༌། བསོད་ནམས་དང༌། སྡིག་པའོ། །སྲོག་ཅན་གྱི་སྡེ་ནི་དགུ་སྟེ། དེ་ལ་ས་དང༌། ཆུ་དང༌། ཤིང་དང༌། མེ་དང༌།རླུང་དང༌། སྲིན་བུ་དང༌། གྲོག་མ་དང༌། བུང་བ་དང༌། མི་རྣམས་སོ། །དེ་ལ་ས་སོགས་ལྔ་ནི་དབང་པོ་གཅིག་ལྡན་ཏེ། རེག་པའི་དབང་པོ་དང་ལྡན་པའི་ཕྱིར་རོ། །སྲིན་བུ་དང་བུང་བ་དང་ཉ་ཕྱིས་དང་སྲིན་བུ་པདྨ་ལ་སོགས་པ་ནི་དབང་པོ་གཉིས་ལྡན་ཏེ། རིག་པ་དང་རོའི་དབང་པོ་དང་ལྡན་པའི་ཕྱིར་རོ། །གྲོག་མ་དང་སྲིན་གྱི་མེ་ལ་སོགས་པ་ནི་དབང་པོ་གསུམ་ལྡན་ཏེ། རེག་པ་དང་རོ་དང་སྣའི་དབང་པོ་དང་ལྡན་པའི་ཕྱིར། སྦྲང་བུ་མཆུ་རིང་ལ་སོགས་པ་ནི་དབང་པོ་བཞི་ལྡན་ཏེ། རིག་པ་རོ་སྣ་མིག་གི་དབང་པོ་དང་ལྡན་པའི་ཕྱིར་རོ། །མི་དང་རྐང་བཞི་པ་དང་བྱ་ལ་སོགས་པ་ནི་དབང་པོ་ལྔ་སྟེ།རེག་པ་དང་རོ་དང་སྣ་དང་མིག་དང་རྣ་བའི་དབང་པོ་དང་ལྡན་པའི་ཕྱིར་ཞེས་ཟེར་རོ། །དུས་འཁོར་ནས་སྲོག་ཅན་གྱི་སྡེ་དྲུག་ཏུ་འདོད་པར་ཡང་བཤད་དོ། །ཟག་པ་ནི་དགེ་བ་དང་མི་དགེ་བའི་ལས་ཀྱིས་ཟག་པར་བྱེད་པའོ། །སྡོམ་པ་ནི་ཟག་པ་འགོག་པ་ཉིད་དེ། ལས་གསར་དུ་མི་གསོག་པའི་ཕྱིར་རོ། །ངེས་པར་རྒ་བ་ནི་སྡོམ་པ་དེ་ཉིད་དང་ ། ཟས་མི་ཟ་བ་དང༌། སྐོམ་མི་འཐུང་བ་དང༌། བསམ་གཏན་ལ་སོགས་པ་དཀའ་ཐུབ་དང་བཅས་པས་སྔོན་ཉེ་བར་བསགས་པའི་ལས་རྣམས་ཟད་པར་བྱེད་པའོ། ། འཆིང་བ་ནི་ཉེས་པར་སྨྲ་བ་དག་གིས་བརྟགས་པའི་ལོག་པར་ལྟ་བའོ། ། ལས་ནི་ཕྱིས་མྱོང་བར་འགྱུར་བ་ལ་སོགས་པའོ། །སྡིག་པ་ནི་ཆོས་མ་ཡིན་པའོ། །བསོད་ནམས་ནི་ཆོས་སོ། །ཐར་པ་ནི་ལུས་གཅེར་བུ་དང་ངག་མི་སྨྲ་བ་ལ་སོགས་པའི་སྡོམ་པ་དང༌། མི་འཚེ་བ་དང་བདེན་སྨྲ་སོགས་བརྟུལ་ཞུགས་དང༌། བློ་གྲོས་དང་ཐོས་པ་སོགས་ཡེ་ཤེས་དང༌། མེ་ལྔ་བསྟེན་པ་ལ་སོགས་པའི་དཀའ་ཐུབ་ཀྱི་སྤྱོད་པ་ལ་བརྟེན་ནས་ལས་ཐམས་ཅད་ཟད་པ་ན་འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་ཁམས་གསུམ་ལས་འདས་པ་དབྱིབས་གདུགས་དཀར་བོ་གྱེན་ལ་བསླངས་པ་ལྟ་བུ། ཁ་དོག་ཀུ་མུད་ཀྱི་མདོག་ཅན་དཀར་པོ། །ཚད་དཔག་ཚད་འབུམ་ཕྲག་ཞེ་ལྔ་ཡོད་པ་འཇིག་རྟེན་འདུས་པ་ཞེས་བྱ་བ་སྲོག་ཡོད་པས་དངོས་པོ་ཡིན་པ་འཁོར་བ་ལས་གྲོལ་བས་དངོས་པོ་མེད་པ་ཡང་ཡིན་པ་དེར་འགྲོ་སྟེ། གནས་དེ་ལ་ནི་ཐར་པའི་འགྲོ་བ་ཞེས་བྱའོ། །དེ་ལྟར་ཡང་རྒྱལ་བ་དམ་པས། ཁ་བ་རྒྱ་སྤོས་མེ་ཏོག་མདོག །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་བཀན་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་སོ། ། དངོས་པོ་རྣམས་ཀྱི་རྒྱུ་འབྲས་ནི། །རང་བཞིན་གཅིག་ཅིང་གནས་སྐབས་ཐ་དད་པས་འབྲས་བུ་ཐམས་ཅད་བདག་གཞན་གཉིས་ཀ་ལས་སྐྱེ་བ་ཡིན་ནོ། ། ཞེས་ཟེར་རོ། །འདོད་པ་རྣམས་སྒྲུབ་བྱེད་ཀྱི་རིགས་པ་ནི། ལྗོན་ཤིང་ཆོས་ཅན། སེམས་ཡོད་དེ། མཐུན་པ་ལས་སྐྱེ་བའི་ཕྱིར། དཔེར་ན་རྟ་ལས་རྟ་སྐྱེ་བ་བཞིན་དང༌། དུས་སུ་ལྡན་པ་ལས་སྐྱེ་བའི་ཕྱིར། དཔེར་ན་རྟ་སོགས་དཔྱིད་དུས་དང་ཁྱི་སོགས་སྟོན་ཀ་སྐྱེ་བ་བཞིན་དང༌། དགུན་དུས་གཉིད་ལོག་ཅིང་དབྱར་དུས་སྨྱོ་བའི་ཕྱིར། རྐྱང་ལ་སོགས་པ་བཞིན། ཞེས་སོགས་ཟེར་ཞིང༌། འཇིག་རྟེན་ལ་ཆོས་ཀུན་མཁྱེན་པ་མེད་དེ། གཅིག་གིས་ཀུན་མཁྱེན་པ་ཚད་མས་མ་གྲུབ་པའི་ཕྱིར་དང༌། སྟོན་པ་སངས་རྒྱས་ནི་ཀུན་མཁྱེན་པ་མ་ཡིན་ཏེ་སྐར་མའི་བསྟན་བཅོས་སོགས་མ་བརྩམས་པའི་ཕྱིར་དང༌། དེ་ནས་བཤད་པ་སུན་འབྱིན་པའི་ཕྱིར་དང༌། དངོས་པོ་བཅུ་བཞི་ལུང་མ་བསྟན་པའི་ཕྱིར་དང༌། འཁོར་བའི་ཐོག་མའི་མཐའ་མ་ཤེས་པའི་ཕྱིར། ཞེས་སོགས་མང་དུ་སྨྲའོ། དེ་དག་རྒྱས་པར་མངས་པས་དོགས་ནས་མ་བྲིས་ཏེ། རྟོག་གེ་འབར་བར་བལྟ་བར་བྱའོ། །

    གཉིས་པ་དེ་དགག་པ་ནི། རྒྱུ་འབྲས་རང་བཞིན་གཅིག་པ་མི་འཐད་དེ། དོན་ལ་འཇུག་པ་འཚོལ་བར་ཐལ་བའི་ཕྱིར། གཞན་དུ་ན་ཞོ་འཐུང་བ་དོན་དུ་གཉེར་བས་རྔ་མོ་འཐུང་བ་ལ་འཇུག་པར་རིགས་ཏེ། རྒྱུ་དང་འབྲས་བུའི་རང་བཞིན་དབྱེར་མེད་པའི་ཕྱིར་རོ། །ཅི་སྟེ་ཞོ་ལ་རྔ་མོ་ལས་ཕུལ་དུ་གྱུར་པའི་ཁྱད་པར་ཡོད་པས་སྐྱོན་མེད་དོ་ཞེ་ན། འོ་མའི་རྣམ་འགྱུར་གྱི་ཁྱད་པར་གང་ལ་ཡོད་པ་དེ་ཉིད་ཁོ་ན་ཞོ་ཡིན་དགོས་པས་འོ་མའི་རྣམ་འགྱུར་དེ་རྔ་མོ་ལ་མེད་པའི་ཕྱིར། རྔ་མོ་ནི་ཞོ་རྔ་གཉིས་ཀ་མིན་གྱི་ཞོ་ལས་གཞན་ཡིན་པར་ཐལ་ལོ། །འདོད་ན། རང་བཞིན་གཅིག་པ་ཉིད་ཉམས་སོ། །གཞན་ཡང་དངོས་པོ་རྣམས་ལ་སྒྲ་བློ་ཐ་དད་པ་འཇུག་པར་མི་འགྱུར་བར་ཐལ། དངོས་པོ་ཐམས་ཅད་རང་དང་རང་མ་ཡིན་པ་ཀུན་གྱི་བདག་ཉིད་ཡིན་པའི་ཕྱིར། འདོད་ན། ཐ་དད་པ་དུ་མ་གཅིག་ཏུ་འདུས་པ་མི་སྲིད་པར་ཐལ་ལོ། །ཞེས་པ་ནི་རིགས་པའི་དབང་ཕྱུག་གིས། ཐམས་ཅད་གཉིས་ཀའི་ངོ་བོ་ཉིད། །དེ་ཡི་ཁྱད་པར་བསལ་བའི་ཕྱིར། །ཞོ་འཐུང་ཞེས་ནི་བསྐུལ་བ་ན། །ཅིའི་ཕྱིར་རྔ་མོ་ལ་མི་འཇུག །ཅེས་སོགས་ཀྱི་་རིགས་པའོ། །གཞན་ཡང་སྲོག་སོགས་མི་འཇིག་ཀྱང་འཇིག་པ་ཅན་ཡིན་པར་འདོད་ཅིང༌། བདག་དེའི་བདག་ཉིད་གང་ཡིན་པའི་རྫས་དེ་རྣམ་གྲངས་འབྲེལ་བར་འདོད་པ་མི་འཐད་པར་ཐལ། སྔར་ཡོད་མ་དོར་བའི་རང་གི་ངོ་བོ་དང་འབྲེལ་ན་ཡང་མི་འཐད། སྔར་གྱི་ངོ་བོ་དོར་བ་དང་འབྲེལ་ན་ཡང་མི་འཐད་པའི་ཕྱིར། དང་པོ་མ་གྲུབ་ན། བདག་གམ་སེམས་པ་ཅན་ཆོས་ཅན། འཇིག་པ་ཅན་མ་ཡིན་པར་ཐལ། སྔ་ཕྱིའི་གནས་སྐབས་ལ་ཁྱད་པར་འགྱུར་བ་མེད་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེ་རྟག་པ་མ་ཡིན་པར་ཐལ། སྔར་གྱི་རང་གི་ངོ་བོ་དོར་བའི་ཕྱིར། ཅི་སྟེ་རྫས་གཅིག་པས་སྐྱོན་མེད་བྱས་ན། དེ་གཉིས་ལ་འཇིག་མི་འཇིག་གི་ཁྱད་པར་མེད་པར་ཐལ། རང་བཞིན་ཆ་མེད་གཅིག་ཡིན་པའི་ཕྱིར། འདོད་ན་མཚན་ཉིད་ཐ་དད་པ་ཉམས་སོ། །ཞེས་པ་ནི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ལས་བཤད་པའི་རིགས་པའོ། །ཤིང་རྣམས་ལ་དབང་པོ་ཡོད་པའི་སྒྲུབ་བྱེད་རྣམས་ཀྱང་མ་ངེས་ཏེ། དབང་པོ་མེད་ཀྱང་ཡུལ་ལ་ཉེ་བར་དམིགས་པ་འཁྲུལ་བ་འབྱུང་བའི་ཕྱིར། དཔེར་ན་ཁབ་ལེན་གྱི་རྡོ་དང་ཉེ་བ་ལས་ལྕགས་གཡོ་བ་བཞིན། ལྗོན་ཤིང་ཆོས་ཅན། སེམས་ལྡན་མ་ཡིན་ཏེ། སྐྱེ་གནས་བཞིས་མ་བསྡུས་པའི་པའི་ཕྱིར་དང༌། དཀྱིལ་དུ་བཅད་ཀྱང་བཟོད་པའི་ཕྱིར། ཕག་དུམ་བཞིན། དུས་སུ་སྐྱེ་བ་དང༌། ཕན་པ་དང༌། གནོད་པ་ལ་སོགས་པའི་རྟགས་ཀྱང་སེམས་ལྡན་དུ་བསྒྲུབ་པ་ལ་མ་ངེས་པ་ཡིན་ཏེ། སེམས་དང་མི་ལྡན་ཀྱང་རིགས་མཐུན་པ་ལས་འབྲས་བུ་སྣ་ཚོགས་པ་མཐོང་བའི་ཕྱིར། གྲོག་མཁར་དང༌། བྱི་རུ་དང༌། གསེར་གྱི་མྱུ་གུ་ལ་སོགས་པ་བཞིན་ནོ། །ཞེས་པ་རྣམས་ནི་སློབ་དཔོན་ལེགས་ལྡན་གྱི་གཞུང་ལས་བྱུང་བའི་རིགས་པའོ། །ཀུན་མཁྱེན་ཀུན་མཁྱེན་མ་ཡིན་པར་བསྒྲུབ་པའི་རིགས་པ་རྣམས་ཀྱང་རིགས་པ་ལྟར་སྣང་འབའ་ཞིག་སྟེ། སྐར་རྩིས་ཀྱི་བསྟན་བཅོས་ལ་སོགས་པ་ནི་གྲོལ་བ་དོན་དུ་གཉེར་བ་རྣམས་ལ་དགོས་པའི་གཙོ་བོ་མ་ཡིན་པའི་ཕྱིར། ཐུན་མོང་གི་བསྟན་བཅོས་སུ་མ་གསུངས་པ་དང༌། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་མཁྱེན་ཡང་བསྟན་ན་དོན་མ་ཡིན་པ་ཆེན་པོ་བསྐྱེད་པར་དགོངས་ནས་མ་་གསུངས་པ་དང༌། འཁོར་བ་ལ་ཐོག་མའི་མཐའ་མེད་པས་གནས་ཚུལ་ཇི་ལྟ་བ་བཞིན་དུ་མཁྱེན་ནས་གསུངས་པ་ཡིན་པ་སོགས་ཁྱོད་ཀྱིས་སྐྱོན་དུ་གང་སྨྲས་པ་ཐམས་ཅད་སྟོན་པ་སངས་རྒྱས་ཀྱིས་གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་་ཉལ་ཇི་ལྟ་བ་བཞིན་མཁྱེན་ནས་གདུལ་བྱ་འདུལ་པའི་ཕྱིར་དུ་བསྟན་པའི་མཛད་པའི་རྣམ་གྲངས་ཁོ་ན་ཡིན་པས་ཀུན་མཁྱེན་ཉིད་དུ་བསྒྲུབ་པ་ལ་གཏན་ཚིགས་སུ་འགྱུར་གྱི་མ་ཡིན་པར་བསྒྲུབ་པ་ལ་མ་ཡིན་པའི་ཕྱིར་རོ། །འདི་དག་ཀྱང་རྒྱས་པར་དབུ༌མ་སྙིང་པོ་རྩ་འགྲེལ་སོགས་སུ་བལྟ་བར་བྱའོ། །

    གསུམ་པ་དེ་དག་གི་དོན་བསྡུ་བ་ནི། དེ་ལྟར་མུ་སྟེགས་རྣམས་ཀྱི་ཀུན་ཏུ་བཏགས་པའི་རྟག་པ་དང་ཆད་པའི་མཐའ་ཐམས་ཅད་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་དྲི་མ་མེད་པ་དག་གིས་འགོག་པའི་ཚུལ་རྒྱལ་བའི་གདུང་འཚོབ་ཤིང་རྟ་ཆེན་པོ་དག་གི་གཞུང་ལས་མང་དུ་འབྱུང་བ་ནི་དགོས་པ་ཁྱད་པར་ཅན་དུ་མ་དང་ལྡན་ཏེ། སྙིང་ནས་གྲོལ་བ་དོན་དུ་གཉེར་བ་རྣམས་ཀྱིས་རང་གི་ལུགས་ཀྱི་བསྟན་པ་དང་སྟོན་པ་སྐྱོན་མེད་པ་ལ་རིགས་པའི་ལམ་ནས་དྲངས་པའི་དད་པ་བཅོས་མ་མ་ཡིན་པ་བསྐྱེད་པར་བྱ་བའི་ཕྱིར་དང༌། འཁོར་བ་ལས་གྲོལ་བར་བྱེད་པའི་ལམ་ཡང་དག་པ་སྐྱེ་བའི་བགེགས་ཀྱི་གཙོ་བོ་སྡུག་བསྔལ་ལ་རྒྱུ་མེད་པར་འཛིན་པ་དང༌། རྒྱུ་ཡོད་ཀྱང་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་འབྱུང་བར་འཛིན་པ་དང༌། དོན་མ་ཡིན་པའི་དཀའ་ཐུབ་དང་དབང་ཕྱུག་གི་དབང་བསྐུར་བ་ལ་སོགས་པ་ལམ་མ་ཡིན་པ་ལ་ལམ་དུ་འཛིན་པ་དང༌། ཐར་པ་མ་ཡིན་པ་ལ་ཐར་པར་འཛིན་པ་ལ་སོགས་པའི་ལོག་པར་རྟོག་པ་མཐའ་དག་དྲུངས་ནས་འབྱིན་པའི་ཕྱིར་དང༌། གཞན་ཡང་སྐྱེ་བ་གཞན་དག་ཏུ་རྒྱང་འཕེན་སོགས་ཀྱི་གྲུབ་པའི་མཐའ་དང་གཞུང་ལུགས་ཐོས་པའི་སྟོབས་ཀྱིས་བག་ཆགས་བཞག་པ་རྣམས་ཀྱི་ས་བོན་ཉམས་སྨད་པར་བྱ་བའི་ཕྱིར་དང༌། སྐྱེ་བ་ཕྱི་མ་རྣམས་སུ་ཡང་ལོག་པར་ལྟ་བ་མཐའ་དག་ལས་ལྡོག་པའི་ཕྱིར་དང༌། ཡང་དག་པའི་ལྟ་བ་མྱུར་བ་མྱུར་བར་སྐྱེ་བའི་བག་ཆགས་བརྟན་པོ་གཞག་པར་བྱ་བའི་ཕྱིར་དུ་དགག་སྒྲུབ་ཀྱི་རྣམ་པར་བཞག་པ་དུ་མ་མཛད་པ་ཡིན་པའི་ཕྱིར་རོ། །དེས་ན་བདག་ལེགས་སུ་འདོད་པ་རྣམ་ས་ཀྱིས་ཡང་དག་པའི་རིགས་པའི་གཞུང་ལུགས་ཆེན་མོ་རྣམས་ལ་བཤད་ཆོས་ཙམ་དང་ཕྱིའི་གོ་རྒྱ་གཅོད་པའི་ཡན་ལག་ཙམ་ཡིན་གྱི་སྒྲུབ་པ་ཉམས་ལེན་བྱེད་པ་ལ་མི་མཁོའོ་སྙམ་པའི་ལྟ་བ་ངན་པ་དང༌། གཞན་དང་གཤགས་འགྱེད་པ་ཙམ་གྱི་ཕྱིར་དང༌། རྙེད་བཀུར་སོགས་འཐོབ་ཏུ་རེ་བའི་ཀུན་སློང་ངན་པ་མཐའ་དག་རྒྱང་རིང་དུ་བསྲིངས་ཏེ་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་པས་ཐོས་པ་དང་བསམ་པ་ལྷུར་ལེན་པ་གནད་ཀྱི་དོན་པོ་ཡིན་ནོ། །དོན་གྱི་དབང་འདི་གཟིགས་ནས་བདག་ཅག་རྣམས་ཀྱི་འདྲེན་པ་དམ་པ་རྒྱལ་བའི་གདུང་འཚོབ་ཆེན་པོ་རྒྱལ་བ་གཉིས་པས། སྨྲ་བའི་ཁྱུ་མཆོག་འཕགས་པ་ཡབ་སྲས་དང༌། །ལོག་སྨྲ་ཚར་གཅོད་ཕྱོགས་གླང་གྲགས་པ་ལས། །ལེགས་པར་འོངས་པའི་རིགས་ལམ་་བདུད་རྩིའི་ཆུས། །བློ་མིག་དྲི་མ་ཡང་ཡང་མ་བཀྲུས་ན། །ཤིན་ཏུ་ཟབ་གནས་མཐོང་བ་སྨོས་ཅི་དགོས། །རགས་པའི་ལུང་དོན་ལ་ཡང་དཔྱད་པ་ན། །ཕལ་ཆེར་ལོག་པར་རྟོག་པ་འཕེལ་འགྱུར་ཞིང༌། །གལ་ཏེ་ཡང་དག་དམ་བཅའ་ཙམ་ཞིག་གི། །ངེས་པ་རྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱི། །ཚད་མའི་སྟོབས་ཀྱིས་ཐེ་ཚོམ་མ་ཆོད་ཕྱིར། །འདམ་ལ་བཏབ་པའི་ཕུར་བ་བཞིན་འགྱུར་བས། །ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས། །ཅེས་དང༌། དེ་ཕྱིར་བློ་གྲོས་ཕྲ་ཞིང་མཛངས་པ་དང༌། །ཀུ་ཤའི་རྩེ་ལྟར་མ་གྱུར་དེ་སྲིད་དུ། །ངོམས་མི་སླ་བར་རིགས་པའི་གཞུང་ལུགས་ལ། ། མཁས་པའི་བཤེས་ལ་བསྟེན་ཏེ་ལེགས་པར་སྦྱངས། །ཅེས་གསུངས་པ་ཡིན་ནོ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག