མདུན་ཤོག- རིག་གནས་འཚོ་བ།- རིག་གནས་འགྱུར་སྟངས།

བོད་ལྗོངས་ཀྱི་རིག་གནས་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས༩༡%ཡི་རྫོང་ལ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཡོད།

རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།  2014-02-26 10:58

    ༢༠༡༣ལོར། སྐབས་བཅུ་གཅིག་པའི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་གྱི་“སྐར་ཚོམ་བྱ་དགའ”ལ་གཟེངས་རྟགས་སྤྲོད་པའི་མཚན་ཚོགས་སྟེང་། རང་ལྗོངས་ཀྱིས་བདམས་མངགས་གནང་པའི་ཐང་ཆེན་ཞབས་བྲོ《ས་ཆེན་གྱི་ཞབས་བྲོ》དང་། ཞབས་བྲོ《ཡར་ཀླུང་གཙང་པོའི་བསྟོད་པ》《འོ་ཇའི་བརྩེ་བ》། སྒྲ་སྙན་རྡུང་དཀྲོལ《དྲང་སྲོང་ལགས》། ལྷ་མོའི་ཟློས་གར་གྱི་ཚན་པ《འགྲོ་བ་བཟང་མོ》སོགས་མང་ཚོགས་ཀྱི་རིག་གནས་གསར་རྩོམ་བརྩམས་ཆོས་དག་བདེ་བླག་ངང་འཁྲབ་སྟོན་མཛད་པ་དང་། མཐའ་མཇུག་རྒྱལ་ཡོངས་ཀྱི་གཟེངས་རྟགས་ཐོབ་པའི་བརྩམས་ཆོས༢༢༠ཁྲོད་དུ་གཟེངས་རྟགས༥རག་ནས་རང་ལྗོངས་ཀྱི་མང་ཚོགས་རིག་གནས་གསར་རྩོམ་བརྩམས་ཆོས་ལ་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་ཆེན་པོ་བྱུང་།

    དེ་ནི་བོད་ལྗོངས་ཀྱི་གཟི་བརྗིད་ཡིན་ལ། ལྷག་པར་དུ་བོད་ལྗོངས་ཀྱི་མང་ཚོགས་རིག་གནས་ཀྱིས་“གཞི་རིམ་གསར་རྩོམ་གྱི་རྨང་གཞིག་བརྟན་པོ་འཛིན་པ་དང་། རིག་གནས་ཁ་དབུགས་ལེགས་པོ་གསོ་སྐྱོང་བྱེད་པར”བཏོན་པའི་ནུས་ཤུགས་དེ་ཕྱོགས་བསྡུས་སྒོས་མཚོན་པར་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་ལྗོངས་ཀྱིས་རིག་གནས་ཐོན་ལས་རྣམ་གྲངས་ལ་རྒྱལ་ཁབ་རིམ་པའི་གཟེངས་རྟགས་རྣམ་གྲངས་ཁྱོན་བསྡོམས༢༧རག་པ་དང་། རིག་དངོས་ས་ཁུལ༢༠སྐབས་བདུན་པའི་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གཙོ་གྲས་སུ་ཚུད། “ལོ་ལྔ་ཚན་བཅུ་གཉིས་པའི”རིག་གནས་འཛུགས་བསྐྲུན་རྣམ་གྲངས་གཙོ་བོ་ཁྱོན་ཡོངས་སུ་ལག་བསྟར་བྱས་ནས་རིག་གནས་དམངས་ཕན་གོམ་སྟབས་བརྟན་པོས་སྐུལ་འདེད་བཏང་། རིག་རྩལ་གསར་རྩོམ་ཉིན་བཞིན་དར་སྤེལ་བྱུང་བ་དང་། མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་གྲུབ་འབྲས་མངོན་གསལ་ཡིན་ལ། རིག་གནས་ཐོན་ལས་འཕེལ་རྒྱས་ལ་ཡང་བསྟུད་མར་གྲུབ་འབྲས་གསར་པ་ཐོབ།

    རིག་གནས་དམངས་ཕན་གྱིས་མང་ཚོགས་ལ་རིག་གནས་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག་པ།

    རྨོ་ཞིང་གཅིག་ལས་ལོ་ལེགས་གཅིག་འབྱུང་པ་བཞིན། ལོ་ངོ་གསུམ་གྱི་གསར་རྩོམ་གྱི་སྦྱོང་བརྡར་དང་ལོ་ངོ་གཅིག་གི་ལེགས་ཐོག་ལེགས་འཚོལ། ཉིན་བཅུ་གསུམ་གྱི་བྲེལ་འཚུབ་གྱི་དཔྱད་བསྡུར་དང་ཛ་དྲག་གི་འགྲན་བརྩོད་བརྒྱུད་ཀྲུང་གོའི་སྐབས་བཅུ་གཅིག་པའི་སྒྱུ་རྩལ་དུས་ཆེན་སྟེང་། བོད་ལྗོངས་ཀྱི་འཐུས་ཚབ་པ་རྒྱལ་ཁའི་ངང་ཕྱིར་སླེབས་བྱུང་། སྐབས་བཅུ་པའི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་གྱི“མང་ཚོགས་རིག་གནས་ཀྱི་མི་སྣ་གྲགས་ཅན”ཞེས་པའི་མཚན་སྙན་ཐོབ་མཁན་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་འགོ་གཙོ་གཞོན་པ་རྡོ་རྗེ་ཡིས“རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་གར་སྟེགས་སྟེང་རྒྱལ་ཁའི་ངང་ཕྱིར་ལོག་ཡོང་པ་ནི་རང་ལྗོངས་ཀྱི་རྒྱ་ཆེ་བའི་མང་ཚོགས་རིག་གནས་ལས་ཀ་སྒྲུབ་མཁན་དག་གི་དོན་དག་དགའ་འོས་པ་ཞིག་ཡིན་ལ། དེ་ལས་ཀྱང་རང་ལྗོངས་ཀྱི་སྤྱི་པའི་རིག་གནས་ལས་ཀར་ཁས་ལེན་གང་ལེགས་མཛད་པའང་རེད”ཟེར།

    ༢༠༡༣ལོར། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་། ལྗོངས་དཔེ་མཛོད་ཁང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བཅས་ཀྱིས་མུ་མཐུད་དུ་རིན་མེད་ཞབས་ཞུ་གནང་པའི་སྣེ་ཁྲིད་རང་བཞིན་གྱི་ནུས་པ་བཏོན་ནས། ཁྱོན་ཡོངས་ནས་རིན་མེད་ཞབས་ཞུ་སྒྲུབ་པའི་ཆུ་ཚད་མཐོར་འདེགས་བཏང་། ལོ་ཧྲིལ་པོར་ཁྱོན་བསྡོམས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རིན་མེད་ཞབས་ཞུའི་མ་དངུལ་སྒོར་ཁྲི་༣༢༦༤ལག་བསྟར་གནང་པ་དང་། རིམ་པ་ཁག་གི་སྤྱི་པའི་རིག་གནས་སྒྲིག་ཆས་ཀྱིས་རིན་མེད་རིག་གནས་བྱེད་སྒོ་ཐེངས་ཁྲི༡.༢སྤེལ་བས། ཕན་ཁེ་རག་མཁན་གྱི་མི་གྲངས་ཁྲི༢༠༠སླེབས་པ་དང་། སྤྱི་ཡོངས་ལ་ཁྱབ་ཚད་༧༠%ཟིན།

    འདས་པའི་ལོ་གཅིག་རིང་། ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིག་གནས་འཛུགས་བསྐྲུན་རྣམ་གྲངས་གཙོ་བོ་ཁྱོན་ཡོངས་ནས་ལག་བསྟར་དང་། སྤྱི་པའི་རིག་གནས་མ་ལག་འཛུགས་བསྐྲུན་ལ་ཐོལ་བརྒལ་གསར་པ་ལོན་ཡོད། ལྗོངས་ཡོངས་ཀྱི་ཤང་དང་གྲོང་བརྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས༥༤༣དང་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ༣༩ཡི་སྦྱོང་བརྡར་ཁང་འཛུགས་བསྐྲུན་ཐད་མ་དངུལ་གཏོང་ཚད་ཚད་བརྒལ་གྱི་སྒོ་ནས་ཁྱོན་བསྡོམས་སྒོར་དུང་ཕྱུར་༥.༠༥༧༨༧བཏང་ལ། མིག་སྔའི་བར་དུ་བསྟུད་མར་སྒོར་དུང་ཕྱུར༣.༦༢༣༤གཏོང་རྒྱུ་ལེགས་འགྲུབ་བྱུང་ཟིན།

    རང་སྐྱོང་ལྗོངས་རིག་གནས་ཐིང་སྤྱི་ཚོགས་རིག་གནས་ཁྲུའུ་ཡི་ཁྲུའུ་ཀྲང་ཉི་མས་རང་ལྗོངས་ཀྱིས་རྫོང་རིམ་པའི་སྔར་ཡོད་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ༥༡གི་རྨང་གཞིའི་སྟེང་། ༢༠༡༣ལོར། ཡང་བསྐྱར་ཆོག་མཆན་གནང་ནས་རྫོང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་༡༦གསར་དུ་བཙུགས་ཏེ་ལྗོངས་ཡོངས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཁ་གྲངས༦༧ལ་སླེབས་ནས་༩༡%ཡི་རྫོང་ལ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཁྱབ་པའི་དམིགས་ཡུལ་མངོན་འགྱུར་བྱུང་བས། དེས་ “ལོ་ལྔ་ཚན་བཅུ་གཉིས་པའི”རིང་དུ་རྫོང་དང(གྲོང་ཁྱེར། ས་ཁུལ)༧༤ཚང་མར་དམངས་ཁྲོད་སྒྱུ་རྩལ་ཚོགས་ཡོད་པའི་དམིགས་ཡུལ་ཁྱོན་ཡོངས་ནས་མངོན་འགྱུར་ཁག་ཐེག་བྱེད་པར་རྨང་གཞི་བརྟན་པོ་བསྐྲུན་ཡོད་ཅེས་གསུངས།

    ལྗོངས་ཡོངས་ཀྱི་རིག་གནས་དམངས་ཕན་ལས་གཞི་གོམ་སྟབས་བརྟན་པོ་ཡོང་བར་སྐུལ་འདེད་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རིག་གནས་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་པ་བྱུང་། ལོ་ཧྲིལ་པོར་ཁྱོན་བསྡོམས་ཤང་དང་གྲོང་བརྡལ༣༨༤ཡི་རིག་གནས་ས་ཚིགས་ཀྱི་སྒྲིག་ཆས་མངགས་ཉོའི་མ་དངུལ་སྒོར་ཁྲི༥༧༦༠བཀོད་སྒྲིག་བྱས་ནས་རིག་གནས་ཆ་འཕྲིན་ཐོན་ཁུངས་ཐུན་མོང་དུ་སྤྱོད་པའི་ལས་གཞིའི་ཤང་དང་གྲོང་བརྡལ་ལ་ས་ཚིགས༥༢༥འཛུགས་བསྐྲུན་ལེགས་འགྲུབ་བྱུང་པ་དང་། གྲོང་ཚོ༡༠༠༠ལ་རིག་གནས་མཉམ་སྤྱོད་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ། ཉིང་ཁྲི་དང་ཆབ་མདོ་སོགས་ས་ཁུལ་དྲུག་གི་མང་ཚོགས་སྒྱུ་རྩལ་ཁང་རྒྱ་བསྐྱེད་པའི་རྣམ་གྲངས་དང་རྟེན་རྫས་བཤམས་མཛོད་ཁང་འཛུགས་བསྐྲུན་བྱེད་པའི་དུས་རིམ་སྔོན་པའི་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་རྒྱ་བསྐྱེད་འཛུགས་བསྐྲུན་རྣམ་གྲངས་དེ༢༠༡༣ལོའི་ལྗོངས་ཡོངས་ཀྱི་རྣམ་གྲངས་གཙོ་བོར་དངུལ་བུན་མ་དངུལ་ལག་བསྟར་གྱི་འཆར་གཞིའི་གྲས་སུ་ཚུད་ལ་མིག་སྔར་མ་དངུལ་སྒོར་ཁྲི༨༠༠བཏང་ཟིན་ལ། བོད་ལྗོངས་ཀྱི་ཕྱོགས་བསྡུས་སྒྱུ་རྩལ་ལྟེ་བ་འཛུགས་བསྐྲུན་རྣམ་གྲངས་ཀྱི་ས་གནས་བདམས་གསལ་གནང་། དེ་དང་མཉམ་དུ། ལྗོངས་ཡོངས་ཀྱིས་སྒྱུ་རྩལ་གསར་རྩོམ་ཉིན་བཞིན་དར་སྤེལ་བྱུང་པ་དང་། རིག་རྩལ་གྱི་གར་སྟེགས་ལ་སྔར་ལས་གསོན་ཤུགས་མངོན་ཡོད།《མཛེས་པའི་བོད་ལྗོངས》《བཅིངས་འགྲོལ། བཅིངས་འགྲོལ།》ལ་སྐབས་བཅུ་པའི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྟེང་གཟེངས་རྟགས་ཐོབ་པ་དང་། ལྷ་མོའི་ཟློས་གར་འཁྲབ་སྟོན་པ་དཔལ་ལྡན་དབང་ཕྱུག་ནི་རང་ལྗོངས་ཀྱི《དཔྱིད་འགོའི་མེ་ཏོག་གཟེངས་རྟགས》རག་མཁན་མི་སྣ་གཉིས་པར་གྱུར།

    རིག་གནས་ཤུལ་བཞག་གིས་བསམ་བློའི་འཇིག་རྟེན་ལ་ཡང་བསྐྱར་གཟི་མདངས་སྣ་ཚོགས་བསྣན།

    རིག་གནས་ནི་མི་རིགས་ཀྱི་ཁྲག་རྒྱུན་ཡིན་ལ། མི་དམངས་ཀྱི་བསམ་བློའི་ཁྱིམ་གཞིས་ཀྱང་རེད། བོད་ལྗོངས་ལ་དུས་རིམ་མི་འདྲ་བའི་དངོས་པོའི་ཤུལ་བཞག་རིག་གནས་དང་མངོན་མིན་ཤུལ་བཞག་རིག་གནས་ མང་པོ་ཡོད་པ་དེ་དག་ལ་དེང་གི་ཆར་ཡང་སྔར་བཞིན་མཛེས་སྡུག་དང་གཟི་མདངས་བཀྲ་འདུག

    རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་ཉི་མ་ཚེ་རིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་ལ། རང་ལྗོངས་ཀྱིས་ནན་ཏན་དང་གོ་ཆོད་པའི་སྒོ་ནས་རིག་དངོས་དང་མངོན་མེད་ཤུལ་བཞག་རིག་གནས་ཡོངས་བཤེར་སྔོག་འདོན་དང་། མྱུར་སྐྱོབ་སྲུང་སྐྱོབ། རྒྱུད་འཛིན་འཕེལ་རྒྱས་དང་ལུགས་མཐུན་སྒོས་བཀོལ་སྤྱོད་གཏོང་པའི་ལས་ཀ་གཙོ་བོ་དག་སྤེལ་ནས། ནུས་ཤུགས་ཡོད་རྒུས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་ཀ་དང་། མི་རིགས་ཀྱི་བསམ་བློའི་ཁྱིམ་གཞིས་ལ་ཁྱོན་ཡོངས་ནས་སྲུང་སྐྱོབ་བྱེད་པའི་ལས་ཀར་སྐུལ་འདེད་བྱས་ཡོད་ཅེས་གསུངས། ད་བར་དུ་ལོ་ངོ༡༠༠༠ལྷག་གི་ལོ་རྒྱུས་ལྡན་པའི་སྨིན་གྲོལ་གླིང་ནི་རང་རྒྱལ་གྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གཙོ་བོ་ཡིན་པ་མ་ཟད། བོད་ལྗོངས་སུ་གསོ་རིག་དང་། གནམ་རིག་སྐར་རྩིས། བོད་ཡིག་ཡིག་གཟུགས་སོགས་ལོ་རྒྱུས་རིག་གནས་མང་པོ་གཅིག་བསྡུས་ཡིན་པའི་སློབ་གླིང་རང་བཞིན་གྱི་དགོན་སྡེ་དཀོན་པོའི་གྲས་ཀྱི་གཅིག་ཀྱང་རེད། ༢༠༡༣ལོར། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་༡༠.༩བཏང་པའི“ལོ་ལྔ་ཚན་བཅུ་གཉིས་པའི”རིག་དངོས་གཙོ་བོ་ཞིག་གསོ་སྲུང་སྐྱོབ་ཀྱི་རྣམ་གྲངས་གཙོ་བོ་༤༦ཁྱོན་ཡོངས་ནས་འགོ་བརྩམས་ཤིང་། སྨིན་གྲོལ་གླིང་ཚུད་པའི་རྣམ་གྲངས༢༨སྔར་གཞུག་ཏུ་འཛུགས་བསྐྲུན་བྱས་ཤིང་དེས་རྣམ་གྲངས་ཡོངས་ཀྱི༦༦%ཟིན་ཡོད། མིག་སྔར། མ་དངུལ་སྒོར་དུང་ཕྱུར༤.༣༨༨༨བཏང་ཟིན་ལ། མ་དངུལ་དོན་ཐོག་ཏུ་འཁྱོལ་ཚད་ཀྱང་༢༠༡༢ལོའི་དུས་མཉམ་དང་བསྡུར་ན༦༠%འཕར་ཡོད།

    ༢༠༡༣ལོར། བོད་ལྗོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་བྱེད་ཐབས་ཁག་ཅིག་ལག་བསྟར་བྱེད་སྒང་ཡིན་ཏེ། རིག་གནས་པུའུ་ཡིས་ཆེད་སྤྱོད་གསབ་དངུལ་སྒོར་ཁྲི༧༦༧༠བརྩོན་ལེན་བྱས་ནས་མྱུར་སྐྱོབ་རང་བཞིན་རྣམ་གྲངས༡༠ལག་བསྟར་བྱས་ཤིང་། དམངས་ཁྲོད་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་སྟེ་བོད་ལྗོངས་གཡག་བཤམས་མཛོད་ཁང་དེ་ཕལ་ཆེར་འཛུགས་བསྐྲུན་ལེགས་འགྲུབ་བྱུང་། སྤོ་སྒུལ་རིག་དངོས་ཡོངས་བཤེར་ལས་ཀ་ཐོག་ཁྱོན་ཡོངས་ནས་འགོ་བརྩམས་པ་དང་། འབྱུང་འགྱུར་ལོ་ངོ་གསུམ་རིང་ལྗོངས་ཡོངས་ཀྱི་སྤོ་སྒུལ་རིག་དངོས་ཀྱི“རྟིང་གཞི”གཙང་བཤེར་གནང་ནས་སྤྱི་བདེ་སོགས་སྡེ་ཁག་ལ་མཉམ་འབྲེལ་ཀྱིས་ལྗོངས་ཡོངས་སུ་དུས་ཡུན་ལོ་ཕྱེད་རིང་གི་རིག་དངོས་དག་སྒྲིག་ཆེད་སྤྱོད་བྱེད་སྒོར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལོན།

    དེ་དང་མཉམ་དུ། མངོན་མེད་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་ཀ་ཡང་གེགས་མེད་ངང་སྐུལ་འདེད་བྱས་ཡོད་དེ། “བོད་ལྗོངས་ཐང་ཀ་ལྷ་རིས་གླིང”དང“ལྷ་མོའི་ཟློས་གར་འགྲེམས་སྟོན་ཁང་”གཉིས་ལ་དངོས་སུ་སྒོ་བྱང་བཀལ་ནས་གཟིགས་མོ་བ་སྣེ་ལེན་བྱས་ཤིང་། དེ་ནི་རང་ལྗོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་ཀའི་སྒེའུ་ཁུང་གཙོ་བོ་དང་བརྗེ་རེས་ཀྱི་སྟེགས་བུ་གཙོ་བོར་གྱུར། བོད་ལུགས་གསོ་རིག་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི“མིའི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་འཐུས་ཚབ་བརྩམས་ཆོས”ཀྱི་མིང་བྱང་ཚུད་རྒྱུའི་སྙན་ཞུ་ཕུལ་བ་དང་། རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པ་ཉི་མ་ཚེ་རིང་དང་། སྐལ་བཟང་རྡོ་རྗེ་གཉིས་ལ་“ཤིང་ཁྲོན་གཟེངས་རྟགས”ཐོབ་།

    མིག་སྔའི་བར་དུ། རང་ལྗོངས་སུ་འཛམ་གླིང་རིག་གནས་ཤུལ་བཞག་ཁུལ༣དང་། མིའི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་རྣམ་གྲངས༢། རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གཙོ་བོ༥༥། རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་སྤྱི་གྲངས༤༥༠ལ་བརྒལ། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་རྣམ་གྲངས༣༢༣བཅས་ཡོད་པས། ལྗོངས་ཡོངས་སུ་གཅིག་གྱུར་དོ་དམ་དང་རིམ་དབྱེ་སྲུང་སྐྱོབ་བྱེད་པའི་ལས་ཀའི་སྒྲིག་འཛུགས་ལེགས་པོ་ཆགས་ཡོད།

    མི་རིགས་རིག་གནས་ཀྱིས་རིག་གནས་ཐོན་ལས་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་བ།

    “ངས་ནི་ཐོག་དང་པོར་འཁྲབ་སྟོན་པ་འདི་འདྲའི་མང་པོས་ཕྱི་རོལ་ནས་འཁྲབ་སྟོན་བྱེད་པ་མཐོང་དུས། འཁྲབ་སྟོན་དེ་དངོས་གནས་ཁྱད་མཚར་པོ་འདུག།” ༢༠༡༣ལོའི་ཟླ༨པའི་ཚེས༡ཉིན་གྱི་དགོང་མོར།རང་ལྗོངས་ཀྱི་དངོས་ལྗོངས་ཟློས་གར་ཐོག་མ《རྒྱ་བཟའ་ཀོང་ཇོ》དེ་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་ཁུལ་དུ་དངོས་སུ་འཁྲབ་སྟོན་གནང་། འཁྲབ་སྟོན་ཐོག་མ་མཇུག་རྫོགས་རྗེས་བགྲེས་སོང་ཚེ་རིང་གིས་སེམས་འགུལ་ཐེབས་པའི་སྒོ་ནས་དེ་སྐད་ཟེར།

    འཁྲབ་ཚན་ལྔ་རུ་དགར་ཞིང་ཁྱོན་བསྡོམས་དུས་ཡུན་སྐར་མ༩༠ཡོད་པའི་དངོས་ལྗོངས་ཟློས་གར《རྒྱ་བཟའ་ཀོང་ཇོ》ཡིས་ཕྱོགས་བསྡུས་སྒོས་ཐང་ཆེན་མོའི་གླུ་གར་དང་བོད་ལྗོངས་སུ་དར་ཡུན་རིང་པའི་ཞབས་བྲོ་དང་། ལྷ་མོའི་ཟློས་གར། ཆོས་ལུགས་དབྱངས་རྟ་བཅས་ཀྱི་སྒྱུ་རྩལ་གྱི་རྣམ་པ་སྤྱད་ནས། ཟློས་གར་དང་། གླུ་དབྱངས། ཞབས་བྲོ། དེང་རབས་ཞབས་བྲོའི་གྲུབ་ཆ་གཞི་གཅིག་ཏུ་བསྡུས་པའི་ལམ་གྱིས་རྒྱ་བཟང་ཀོང་ཇོས་ལེ་དབར་ཁྲི་ཕྲག་གི་ལམ་དུ་དཀའ་ངལ་ཁྱད་བསད་དང་འགྱོད་གདུང་མེད་པར་བོད་དུ་ཕེབས་པ་དང་གཉེན་སྒྲིག་པའི་གོ་རིམ་འཁྲབ་སྟོན་བྱས་ཡོད། དུས་ཡུན་ཟླ་གཅིག་གི་འཁྲབ་སྟོན་རིང་ལྟད་མོ་བ་ཁྲི༧ལྷག་ལ་སླེབས་ཡོད།《རྒྱ་བཟའ་ཀོང་ཇོ》ནི་ས་གནས་རང་གི་གྲོང་མི་དང་ཡུལ་སྐོར་པས་ཐུན་མོང་གི་བདམས་གསེས་སུ་གྱུར་པ་མ་ཟད། བོད་ལྗོངས་ཀྱི་འཐུས་ཚབ་རང་བཞིན་གྱི་རིག་གནས་མཚོན་རྟགས་གསར་པ་ཞིག་ཏུའང་གྱུར་ཡོད།

    ༢༠༡༣ལོར། རང་ལྗོངས་ཀྱིས་ཐུན་མིན་གྱི་རིག་གནས་ཐོན་ཁུངས་ཀྱི་དགེ་མཚན་དང་བསྟུན་ནས། ཐུན་མིན་གྱི་རོགས་སྐྱོར་གཟེངས་རྟགས་གནང་ཐབས་སྤྱད་དེ་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱས། 《རྒྱ་བཟའ་ཀོང་ཇོ》དང་འདྲ་བར《ཡར་ཀླུང་གཙང་པོའི་བརྩེ་བ》《ཤམ་བྷ་ལ་འཚོལ་བ》བཅས་ཀྱི་རིག་གནས་ཐོན་རྫས་ཀྱང་ལོ་འདིར་བསྟུད་མར་རང་ལྗོངས་ཀྱི་རིག་གནས་ཐོན་ལས་འཁྲབ་སྟོན་གྱི་གྲུབ་འབྲས་གསར་པ་ཞིག་ཏུ་གྱུར།

    “ཀྲུང་གོའི་འོད་མདངས་ལས་དོན་བོད་ལྗོངས་སུ་བསྐྱོད་པའི”ཚོང་འདྲེན་བྱེད་སྒོ་ཆེན་མོར་ཧུར་ཐག་ངང་ཞུགས་པའི་ཁྲོད། རང་ལྗོངས་ཀྱིས་རིག་གནས་ཐོན་ལས་༢ལདངོས་སུ་ཆིངས་ཡིག་བཞག་ནས་སྒོར་དུང་ཕྱུར༥༧ནང་འདྲེན་བྱེད་ཐུབ་པ་བྱུང་། ཆིངས་ཡིག་འཇོག་འདོད་ཡོད་པའི་རྣམ་གྲངས༡སྟེ་འཆར་གཞི་ལྟར་ན་མ་དངུལ་སྒོར་ཁྲི༣༠༠༠གཏོང་རྩིས་ཡོད། “སྐབས་གསུམ་པའི་བོད་ལྗོངས་ཐང་ག་སྒྱུ་རྩལ་འགྲེམས་སྟོན་ཚོགས་འདུ”བདེ་ལེགས་ངང་ཚོགས་ཤིང་། ཐང་ག་རྩ་ཆེན་རིགས༢༣༠འགྲེམས་སྟོན་གནང་པ་དང་། ཐང་ག༢༦ཉོ་ཚོང་གནང་སྟེ་རིན་གོང་ཁྱོན་བསྡོམས་སྒོར་ཁྲི༢༧༩ལ་སླེབས་ཡོད།

    ཉི་མ་ཚེ་རིང་གིས་༢༠༡༣ལོར་རང་ལྗོངས་ཀྱིས་ཐང་གའི་ལྷ་རིས་པའི་ལག་རྩལ་འགྲན་བསྡུར་དང་ཐང་གའི་ཐོན་ལས་གོང་སྤེལ་སྐོར་གྱི་གླེང་སྟེགས་སྤེལ་བས། ཐང་གའི་དངོས་མང་བཤམས་སྟོན་གྱི་ཚོང་རྟགས་གྲགས་ཅན་ལ་རིམ་བཞིན་ཕན་འབྲས་ཐོན་ཟེར། པེ་ཅིང་གི་རིག་གནས་གསར་གཏོད་ཐོན་ལས་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བརྒྱད་པའི་སྟེང་། རང་ལྗོངས་ཀྱི་རིག་གནས་ཁེ་ལས་ཀྱིས་ཚོགས་འདུར་ཉོ་ཚོང་གི་འབོར་གྲངས་དེ་ལོ་རྒྱུས་ཀྱི་ཆེས་མཐོར་ཟིན་ནས་སྒོར་ཁྲི༦༠༠ལས་བརྒལ། རང་ལྗོངས་ཀྱི་འཐུས་ཚབ་ཚོགས་པར་ཆེས་ལེགས་པའི་ངོམ་སྟོན་བྱ་དགའ་དང་། ཕུལ་བྱུང་སྒྲིག་འཛུགས་ཀྱི་བྱ་དགའ་ཐོབ།

    མིག་སྔར། ལྷ་སའི་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་ཁུལ་དང་། ཡར་ཀླུང་རིག་གནས་གཟིགས་མོ་ར་བ་སོགས་རིག་གནས་ཐོན་ལས་རྣམ་གྲངས་གཙོ་བོ་དག་གིས་སྐུལ་སྤེལ་བྱས་པས། 《བོད་ཆའང་དབྱིས་རིག་གནས་ཐོན་ལས་འཁྱམ་ར་སྟེ་བོད་རང་སྐྱོང་ལྗོངས་ཀྱི་ཆེད་དོན་འཆར་འགོད》སྒྲིག་བཟོ་ཡར་ཞུ་དང་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་སྐོར་ཁག་དང་པོའི་ལོ་རེའི་དམིགས་འབེན་ཞིབ་བཤེར་ལས་དོན་བཅས་ལེགས་འགྲུབ་བྱུང་།

    རྒྱ་གར་གྱི《གཟའ་གཅིག་》(TheWeek)ཞེས་པའི་དུས་དེབ་ཀྱི་རྡི་ལིའི་ཡན་ལག་ཁང་གི་འགོ་གཙོ་ཕུ་ལ་ས་ནན•ལ་ཏ་ཁེ་ཞར་ན་ཡིས་༢༠༡༣ལོར་བོད་ལྗོངས་སུ་འཚམས་འདྲི་ཕེབས་དུས་མྱོང་བ་ཟབ་མོས་ངང་། བོད་ཀྱི་ལོ་རྒྱུས་རིང་པོའི་གནའ་བོའི་རིག་གནས་དེ་དུས་རབས་མང་པོ་ཞིག་གི་ནང་གནས་ཐུབ་ཡོད་ནའང་། ད་ལྟ་དེ་དག་རྟེན་རྫས་བཤམས་མཛོད་ཁང་གི་བཤམས་དངོས་སུ་གྱུར་ཡོད་བསམས་མོད། རང་ཉིད་བོད་ལ་དངོས་སུ་འབྱོར་ནས་ལྟ་དུས། སྲོལ་རྒྱུན་གྱི་རིག་གནས་དེ་དག་དེང་རབས་རིག་གནས་མཉམ་བསྲེས་ཐོག་གསོན་ཉམས་ཀྱིས་འགྱིང་བ་མཐོང་ཞེས་བཤད་པ་ལྟར། དེ་རིང་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་དཔལ་ཡོན་གཉིས་མཉམ་སྡེབ་ཀྱིས་དཀྲག་མདངས་མཚར་བས། གཞན་དྲང་མི་འཇོག་པའི་མཛེས་པ་ཤིག་ངང་གིས་མངོན་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག