མདུན་ཤོག- རིག་གནས་འཚོ་བ།- གསུང་འབུམ།

གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དགེ་བ་གཞུང་གི་དོན།

རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།    2014-03-17 10:31

    ༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་བར་དུ་དགེ་བ་གཞུང་གི་དོན།

    དགེ་བ་གཞུང་གི་དོན།

    དེ་ལ་གཉིས། སྤྱིའི་རྣམ་པར་བཞག་པ་དང༌། །སོ་སོའི་རྣམ་པར་བཞག་པའོ། །དང་པོ་ལ། །གྲུབ་མཐའི་སྒྲ་དོན། ངོ་བོ། ཕྱི་ནང་གི་ཁྱད་པར། མིང་གི་རྣམ་གྲངས། གྲངས་ངེས་དང་ལྔ།

    གྲུབ་མཐའི་སྒྲ་དོན་སོགས་བཤད་པ།

    དང་པོ་ནི། སྤྱིར༌གྲུབ་མཐའི་ཐ་སྙད་མདོ་ལས་ཀྱང་གསུངས་ཤིང༌། སིངྔྷྱནྟ་ཞེས་པའི་སྐད་ཀྱི་བྱིངས་ལས་བསྟན་བཅོས་དང་དམ་ཚིག་དང་ཡང་དག་པ་རྟོགས་པ་སོགས་ལ་འཇུག་པར་བཤད་ཀྱང་འདིར་ནི་རང་གི་བློ་ངོར་ཡང་དག་པའི་གནས་ལུགས་སམ་དོན་གྱི་གནས་ཚུལ་ནི་འདི་ཉིད་ལས་གཞན་དུ་མེད་དོ་སྙམ་དུ་རིགས་པས་གྲུབ་པའམ་ཐག་བཅད་པའི་ཆ་ལ་བྱ་སྟེ། སིངྔྷི་གྲུབ་པ་དང༌། ཨནྟ་མཐའ་ཡིན་ནོ། །གཉིས་པ་ནི། རྣམ་རྟོག་གིས་སྒྲོ་བཏགས་པའི་ཆ་གཞན་བཟློག་ནས་རང་གི་བློ་ངོར་རིགས་པས་དོན་གྱི་གནས་ཚུལ་ཡང་དག་པར་གྲུབ་པ་ཉིད་གྲུབ་མཐའི་ངོ་བོའོ། ། ཚུལ་དེ་རིགས་པའི་ལམ་ནས་སྨྲ་བས་ན་གྲུབ་མཐའ་སྨྲ་བའོ། །

    དེ་ཡང་སེམས་ཅན་གྱི་རིས་ནི་གཉིས་ཏེ། གྲུབ་པའི་མཐའ་ལ་མ་ཞུགས་པ་དང་ཞུགས་པའོ། །དང་པོ་ནི། རིགས་པས་སྦྱར་བའི་གཞུང་ལུགས་ལ་མ་བརྟེན་པར་རང་དགར་ཚེ་འདིའི་བདེ་བ་ཙམ་དོན་དུ་གཉེར་བའོ། །ཕྱི་མ་ནི་དེ་ཙམ་གྱིས་ཆོག་པར་མི་འཛིན་པར་རང་གི་བློ་ངོར་འཐད་པས་སྦྱར་བའི་གཞུང་ལུགས་ལ་བརྟེན་ནས་དངོས་པོའི་གནས་ཚུལ་ལ་དཔྱད་ནས་བླང་དོར་བྱེད་པ་རྣམས་ཡིན་ཏེ། ཕྱི་ནང་གི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ཐ་ཤལ་བ་མུ་སྟེགས་རྒྱང་འཕེན་པས་ཀྱང་ཕྱི་ནང་གི་རྒྱུ་འབྲས་རྣམས་ཡོད་མེད་དཔྱོད་པ་ལ་ཞུགས་ནས་རིགས་པ་ལྟར་སྣང་ལ་ཡང་དག་པའི་རིགས་པར་རློམས་ནས་རང་གི་གཞུང་འཛུགས་པའི་ཕྱིར་རོ། ། གསུམ་པ་ནི། །ཕྱི་ནང་གི་ཁྱད་པར་ཙམ་ནི་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པ་ལ་ཆོས་འདི་པ་དང་དེ་ལྟར་ཁས་མི་ལེན་པ་ལ་ཆོས་འདི་པ་མ་ཡིན་པར་འཇོག་པ་ཡིན་ལ། ཁས་ལེན་ཚུལ་ཡང་བྱང་ཆུབ་ལམ་རིམ་ལས་འབྱུང་བ་ལྟར་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ། གཞན་དུ་མི་སྨྲ་བ་བཞིའི་སྒོ་ནས་སྐྱབས་སུ་འགྲོ་བའོ། །ཕྱི་ནང་གི་ཁྱད་པར་སྐྱབས་འགྲོས་འབྱེད་པ་འདི་ནི་དཔལ་ཤནྟི་པ་དང་མཉམ་མེད་ཇོ་བོ་ཆེན་པོ་དང་རྗེ་བདག་ཉིད་ཆེན་པོའི་བཞེད་པ་ཡིན་ཏེ་གནད་ཤིན་ཏུ་ཆེའོ། །འོ་ན་སངས་རྒྱས་འཕགས་པའི་ཐུགས་རྒྱུད་ན་སྐྱབས་སུ་འགྲོ་བའི་བློ་ཡོད་དམ་ཞེ་ན།རང་ཉིད་འཇིགས་པ་མཐའ་དག་ལས་གྲོལ་ཟིན་མོད་ཀྱང་སྤྱིར་མི་གནས་པའི་མྱང་འདས་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པའི་སྐྱབས་ཡང་དག་པར་གྲུབ་པའི་ཚད་མ་ནི་ཡོད་པས་མི་འགལ་ལོ། །འོན་ཀྱང་ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་ཁྱད་པར་ནི་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པར་མ་ཟད་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ནི་རང་སྡེ་དང༌། དེ་ལྟར་ཁས་མི་ལེན་པའི་གྲུབ་མཐའ་སྨྲ་བ་ནི་གཞན་སྡེར་འཇོག་པ་ཡིན་ཏེ། རང་སྡེ་གནས་མ་བུ་བས་བརྗོད་དུ་མེད་པའི་གང་ཟག་ཁས་ལེན་ཚུལ་དང་དེ་གྲུབ་མཐའ་གང་དུ་གཏོགས་པའི་ཚུལ་དཔྱད་པ་ནི་འོག་ཏུ་འཆད་པར་འགྱུར་རོ། །

    གཞན་དག་ན་རེ། གང་སྐྱབས་སུ་འགྲོ་བ་དེས་ནི་ངེས་པར་ཕྱག་རྒྱ་བཞི་ཁས་ལེན་དགོས་ཏེ་མྱ་ངན་ལས་འདས་པའི་ངོ་བོ་དང་དེ་ཐོབ་བྱེད་ཀྱི་ཐབས་རྣམས་ཚད་མས་ངེས་ནས་སྐྱབས་སུ་འགྲོ་དགོས་པའི་ཕྱིར་རོ། །དེས་ན་ཁྱད་པར་ཕྱི་མ་སྦྱར་བས་ཅི་ཞིག་བྱ། གང་གསུམ་ལ་སྐྱབས་སུ་འགྲོ་བ་དེ་ནི་གྲུབ་མཐའ་སྨྲ་བ་པོར་ཡང་འགྱུར་བར་ངེས་སོ་ཞེ་ན། མ་ཡིན་ཏེ། དད་པ་ཙམ་གྱི་དབང་དུ་བྱས་ནས་སྐྱབས་སུ་འགྲོ་བ་དང་འཁོར་བ་མཐའ་དག་ལ་ཡིད་འབྱུང་བ་མ་ཡིན་པས་ཀྱང་རང་ཉིད་ངན་འགྲོའི་འཇིགས་པ་ལས་སྐྲག་ནས་སྐྱབས་སུ་འགྲོ་བ་ཙམ་འཛིན་པའི་དགེ་བསྙེན་དུ་གྱུར་པ་ཡོད་པའི་ཕྱིར་དང༌། ཇི་སྲིད་ཕྱག་རྒྱ་བཞིའི་ཚུལ་རིགས་པའི་ལམ་ནས་སྨྲ་བ་མ་ཡིན་པ་དེ་སྲིད་དུ་ཆོས་འདི་པའི་གྲུབ་མཐའ་སྨྲ་བར་མི་འཇོག་པའི་ཕྱིར་་རོ། །ཟུར་ཕྱི་མ་ནི་འཇམ་དཔལ་གྲགས་པས། བྱེ་བྲག་སྨྲ་དང་མདོ་སྡེ་པ། །རྣལ་འབྱོར་སྤྱོད་པ་དབུ་མ་པའི། །གྲུབ་མཐའ་གང་ཞིག་ཆོས་སོགས་ཀྱི། །ཚིགས་བཅད་སངས་རྒྱས་ཕྱག་རྒྱས་བཏབ། །ཞེས་སོ། །དེ་བཞིན་དུ་མདོ་རྒྱུད་དུ་མ་ཞིག་ལས་ཕྱི་ནང་གི་གྲུབ་མཐའི་ཁྱད་པར་ལྟ་བས་འབྱེད་པར་གསུངས་ཏེ་མ་སྤྲོས་སོ། །

    བཞི་པ་ནི། གཞན་སྡེ་དང༌། ཕྱི་རོལ་པ་དང༌། ཆོས་འདི་པ་མ་ཡིན་པ་དང༌། མུ་སྟེགས་བྱེད་རྣམས་ནི་རྣམ་གྲངས་ཏེ། ཆོས་འདི་པ་དང༌། རང་སྡེ་དང༌། ནང་བ་དང༌། སངས་རྒྱས་པ་རྣམས་ནི་རྣམ་གྲངས་སོ། །མུ་སྟེགས་ཀྱི་སྒྲ་དོན་ནི། ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་ལས། མུ་སྟེགས་ནི་ཐརཔ་དང་མཐོ་རིས་ཀྱི་ལམ་སྟེ། དེ་སྟོན་པར་བྱེད་པའི་བསྟན་བཅོས་ལ་མུ་སྟེགས་ཞེས་བྱ་ལ། དེ་བྱེད་པས་ན་མུ་སྟེགས་བྱེད་དོ། །ཞེས་རང་ངོར་ཐར་པ་དང་མཐོ་རིས་ཀྱི་ལམ་མམ་འཇུག་ངོགས་སམ་ཐབས་སུ་འདུ་ཤེས་པའི་ཚུལ་དེ་སྟོན་པའི་བསྟན་བཅོས་འཛིན་པ་དང་སྤེལ་བ་ལ་མུ་སྟེགས་བྱེད་དུ་བཤད་དེ་སྒྲ་བཤད་པ་ཙམ་ཡིན་གྱི་ཁྱབ་པ་ནི་མིན་ནོ། །ལ་ལ་དག གཞི་འགྲེལ་ལས། གང་དག་ལ་ཆུ་ཀླུང་དུ་འཇུག་པའི་ཐར་པའི་ལམ་ཡོད་པ་འདི་དག་ནི་མུ་སྟེགས་ཅན་ནོ། །ཞེས་པའི་དོན་དུ་བསམས་ནས།འཇུག་ངོགས་ཁྲུས་དང་སྟེགས་བུ་བྱས་ཏེ། དེར་ཞུགས་པ་ཐར་པ་སྟེ་བདེ་འགྲོའི་རྒྱུར་སྨྲ་བ་དེ་བྱེད་པས་མུ་སྟེགས་བྱེད་ཅེས་བྱ་གསུངས་ཡང༌། གཞི་འགྲེལ་གྱི་ལུང་དེ་མུ་སྟེགས་ཅན་གྱི་སྒྲ་བཤད་ཡིན་མིན་བརྟགས་ཤིང་གང་དག་ཐར་པ་མུ་དང་དེའི་སྟེགས་ཁད་ཉེ་བའི་ལམ་བྱེད་པས་མུ་སྟེགས་པ་ཞེས་ཟེར་བ་ཡང་འཐད་པར་མ་མཐོང་ཏེ། ཏིརྠ་ཀའི་སྒྲ་འཇུག་ངོགས་སུ་འཇུག་པར་སྒྲ་སྦྱོར་བམ་གཉིས་ལས་བཤད་མོད་ཀྱང་དེ་ཙམ་གྱིས་སྒྲ་བཤད་པ་ལ་གོ་དོན་ཅི་ཡང་མེད་དོ། །

    ལྔ་པ་ནི།གཞན་སྡེ་ལ་རིགས་པའི་དབང་ཕྱུག་གིས། ལོག་པའི་ལམ་ལ་མུ་མེད་ཕྱིར། །ཞེས་གསུངས་པ་ལྟར། ལམ་དང་ལམ་མ་ཡིན་པ་རྣམ་པར་འབྱེད་པའིབློ་གྲོས་དང་བྲལ་བ་རྣམས་ཀྱི་ལྟ་བ་ངན་པ་ལ་འདི་འབྱུང་དང་འདི་མི་འབྱུང་ཞེས་པའི་ཁ་ཚོན་གཅོད་དཀའ་བས་མཐའ་ཡས་མོད། མདོ་སྡེ་ལས་ཡ་མཚན་ཅན་གྱི་ལྟ་བ་དགུ་བཅུ་རྩ་དྲུག་དང༌། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི། ལྟ་ངན་དྲུག་ཅུ་རེ་གཉིས་དང༌།དམ་པ་མིན་པའི་ལྟ་བ་ཉེར་བརྒྱད་དང༌། ལྟ་ངན་ཉི་ཤུ་སོགས་བཤད་ལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བ་ལས། དེ་ཡང་ལྟ་བའི་དབྱེ་བ་བརྒྱ་རྩ་བཅུར་གྱུར་ལ་དེའི་ཐད་ཀྱི་དབྱེ་བ་ནི་སངས་རྒྱས་པ་དང༌། འཛིན་པ་མེད་པ་དང༌། འཚོ་བ་པ་དང༌། ལོ་མ་ཅན་དང༌། གཙང་སྦྲ་ཅན་དང༌། ཁྱབ་འཇུག་པ་དང༌། ཁྱབ་འཇུག་སེམས་པ་བ་དང་། དབྱི་གུ་གསུམ་པ་དང༌། ཀོ་ལྤགས་དུམ་བུ་ཅན་དང༌། མཉམ་པར་དཔྱོད་པ་དང༌། ལྷ་མཆོག་པ་དང༌། ཆོས་ཀྱི་མཆོག་སྦྱིན་ཅན་དང༌། གདུང་བ་ཅན་དང༌། ལག་པ་གདུང་བ་ཅན་དང༌། རྒྱལ་པོར་སྨྲ་བ་དང༌། རྒན་པོར་སྨྲ་བ་དང༌། མེ་ཡོ་ཨ་ཏི་རི་དང༌། རིགས་དང་རྗེས་སུ་མཐུན་པ་དང༌། བཅིངས་ནས་འདུག་པ་དང༌། འཁོར་ལོ་སྐྱོང་པ་དང༌། རི་ལ་གནས་པ་དང༌། རྒྱལ་པོའི་བསོད་སྙོམས་ཅན་དང༌། གླང་པོའི་རྒྱལ་མཚན་ཅན་དང༌། ཀློག་ཅན་དང༌། ནང་ཅན་དང༌། རྟ་འདུལ་བ་དང༌། ཀ་ལན་ཏ་ཀ་པ་དང༌། སྣོད་གཙང་མ་ཅན་དང༌། སློང་མོས་རྒྱུ་བ་དང༌། ཡན་ལག་ཐམས་ཅད་རལ་ཀའི་ནང་དུ་གཏུམ་པ་དང༌། སྒྲོན་མ་ལྷག་པ་ཅན་དང༌། གསེར་ཅན་དང༌། གྲུབ་པར་སྨྲ་བ་དང༌། དབང་པོ་ཆེན་པོ་དང༌། ཞ་ཉེ་ཅན་དང༌། ནམྭ་མཁའ་འབྱུང་བ་དང༌། ཤིང་རྟ་མང་པོ་ཅན་དང༌། དོན་ཐམས་ཅད་པ་དང༌། བསམ་གཏན་ལ་དགའ་བ་དང༌། ཆོས་ཅན་པ་དང༌། ཟས་གྲང་མོ་ཅན་དང༌།ཕྲག་པའི་གོས་ཅན་དང༌། ཕྲུ་བ་གཅིག་པ་དང༌། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང༌། ལྷོ་ཕྱོགས་ཀྱི་འགྲམ་ན་གནས་པ་དང༌། དུང་གི་སྒྲ་ཅན་དང༌། ལྷ་རྟེན་སྦྱིན་མའི་བུ་དང༌། ལུས་ལ་གནོད་པ་མེད་པ་དང༌། ཀུན་ཏུ་གནོད་པ་མེད་པ་དང༌། སྣ་ཚོགས་ལྟ་བ་དང༌། ཀ་ཀན་འདའ་བ་དང༌། གཅོད་པ་དང༌། ལྷའི་གྲོང་པ་དང༌། གོས་མེད་པ་དང༌། ས་ཁུང་ན་གནས་པ་པ་དང༌། ཟླ་བ་ཕྱེད་པ་པ་དང༌།ཆོས་སེམས་པ་དང༌། མ་ལ་གུས་པ་པ་དང༌། ཕ་ལ་གུས་པ་པ་དང༌། ཟླ་བ་ཤར་བ་པ་དང༌། ཉི་མ་ཤར་བ་པ་དང༌། ལག་པར་ཟ་བ་པ་དང༌། སྙིང་གིས་འཚོ་བ་དང༌། འདས་པར་གྱུར་པ་པ་དང༌།ཕུང་པོ་གསུམ་པ་དང༌། གཉིས་པ་དང༌། གསུམ་གྱིས་འཚོ་བ་དང༌། འཇུག་པ་པ་དང༌། གྲངས་ཅན་གྱི་རྣལ་འབྱོར་ཅན་དང༌། འུག་པ་པ་དང༌། ནགས་ན་གནས་པ་དང༌། བོའི་ཁ་ནས་པ་དང༌། བ་ལང་ཁྱི་ལུགས་དང༌། ཚངས་པར་སྤྱོད་པ་དང༌། སྤྱོད་པ་པོ་དང༌། ཕྱུགས་བདག་པ་དང༌། གོ་ཏ་མ་པ་དང༌། ཞིབ་མ་ཅན་དང༌། ཤིན་ཏུ་ཁྲུས་བྱས་པ་དང༌། མཚེའུ་ཡི་འགྲམ་ན་གནས་པ་དང༌། འཚོ་བ་པ་དང༌། འཁོར་བ་ལས་གྲོལ་པ་དང༌། ཐོག་མ་པ་དང༌། འཐོར་བྱེད་པ་དང༌། བ་ར་དྭ་ཙ་པ་དང༌། བ་ཤའི་གྲངས་ཅན་པ་དང༌། པ་དན་འཇའ་ལ་པ་དང༌། ལྷ་མཆོད་པ་དང༌། གཞན་ལ་མི་འདུད་པ་དང༌། གོས་ཀྱི་དུམ་བུ་ཅན་དང་༌། འུག་པའི་གཤོག་པ་ཅན་དང༌། ལག་གསུམ་དུ་ཆུར་འཇུག་པ་དང༌། འགལ་བར་མི་བྱེད་པ་དང༌། མེས་པོ་ཅན་དང༌། མཁའ་ལྡིང་བ་དང༌། ཁྱིམ་གྱི་ར་བ་ན་གནས་པ་པ་དང༌། མཆོག་གིས་མཆོག་པ་དང༌། གཅེར་བུ་གཉེན་གྱི་བུ་པ་པ་དང༌། འགེངས་བྱེད་པ་དང༌། དགེ་སྦྱོང་བ་དང༌། ཀ་ཏ་ཡའི་བུ་དང༌། ལྷག་སྤྱོད་ཀྱི་བུ་དང༌། བ་ལང་གི་བརྟུལ་ཞུགས་ཅན་དང༌། རི་དྭགས་ཀྱི་བརྟུལ་ཞུགས་ཅན་དང༌། རྟའི་བརྟུལ་ཞུགས་ཅན་དང༌། ཁྱིའི་བརྟུལ་ཞུགས་ཅན་དང༌། གསོལ་བ་མི་འདེབས་པའི་བརྟུལ་ཞུགས་ཅན་དང༌། ཞིབ་པོའི་བརྟུལ་ཞུགས་ཅན་དང༌།མེའི་བརྟུལ་ཞུགས་ཅན་དང༌། གཞོན་ནུའི་བརྟུལ་ཞུགས་ཅན་དང༌། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དང༌། ཆུ་ལས་སྐྱེ་པའི་ཕྲེང་བ་ཅན་དང༌། སོའི་རྟུན་བརྡུངས་ཅན་དང་།རྡོ་འཐག་་པ་པ་དང༌། ཡང་དག་པར་ཁྲུས་བྱེད་པ་དང༌། ཆུས་ཡང་དག་པར་ལྟ་བ་དང༌། སྐྱེད་གནས་དག་པ་པ་དང༌། ལས་ཀྱིས་དག་པ་པ་དང༌། ཆུ་ལ་བྱི་འཛུལ་བྱེད་པ་དང༌། དགོན་པ་པ་དང་། ས་དང་ཆུ་དང༌།མེ་དང་རླུང་དང་། ནམ་མཁའ་སེམས་ཡོད་པར་ལྟ་བ་ལ་སོགས་པ་ལྟ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་པོ་ཐམས་ཅད་ཀྱང་རྒྱུད་ནས་འོངས་པ་རྒྱུན་ཆད་པ་མེད་པས་ཐམས་ཅད་ཀྱང་རང་གི་དམ་ཚིག་ལས་གྲགས་པའི་ལུང་གི་བསྔགས་པར་བརྗོད་པ་ལ་ཤིན་ཏུ་དཔའ་པས་རྒོལ་བར་བྱེད་དོ། །ཞེས་འབྱུང༌། ལེགས་ལྡན་ཕྱི་མར་གྲགས་པའི་དབུ་མ་རིན་ཆེན་སྒྲོན་མ་ལས་ཀྱང་ལྟ་བའི་དབྱེ་བ་སུམ་བརྒྱ་སོགས་ཡོད་ཚུལ་བཤད་མོད། དེ་ཐམས་ཅད་ཀྱང་རྟག་པ་དང་ཆད་པར་སྨྲ་བ་གཉིས་སུ་འདུ་བར་མདོ་རྒྱུད་དུ་མ་ལས་གསུངས་ཤིང་ཤིང་རྟ་ཆེན་པོ་དག་གིས་བཞེད་དོ།།

    བོད་ཀྱི་མཁས་པ་སྔ་མ་ཕལ་ཆེ་བའི་གཞུང་ལས་གྲངས་ཅན་པ། ཕུར་བུ་པ། བྱེ་བྲག་པ། རིག་པ་ཅན་པ། གཅེར་བུ་པ་སྟེ་རྟག་པར་སྨྲ་བའི་རྟོག་གེའི་སྡེ་ལྔ་དང༌། ཆད་པར་སྨྲ་བ་རྒྱང་འཕེན་པ་སྟེ་སྡེ་དྲུག་ཏུ་བཤད་ལ། ཁ་ཅིག་ནི་རྒྱང་འཕེན་པ། གྲངས་ཅན་པ། ཁྱབ་འཇུག་པ། དབང་ཕྱུག་པ།གཅེར་བུ་པ་སྟེ་ལྔར་མུ་སྟེགས་པ་ཀུན་འདུས་སོ་ཞེས་ཟེར་རོ། །ཕྱིས་ཀྱི་རང་རེའི་མཁས་པ་དག་དེ་རྣམས་བཀག་ནས་སྤྱིར་གཞན་སྡེ་ཉེར་ལྔ་ཡོད་པ་དང་བོད་དུ་འགྱུར་པའི་གཞུང་རྣམས་སུ་གསལ་བར་བཤད་པ་བཅུ་གཉིས་སུ་བཞེད་ཅིང༌། སློབ་དཔོན་ཞི་བ་འཚོའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་ཀུན་བཏུས་རྩ་འགྲེལ་སོགས་ལ་བརྟེན་ནས་ཆད་སྨྲ་གཅིག་དང་རྟག་སྨྲ་བཅུ་གཅིག་གི་རྣམ་བཞག་གསུངས་སོ། །སྔོན་དང་ཕྱིས་ཀྱི་མཁས་པ་དེ་དག་ཕལ་མོ་ཆེས་མུ་སྟེགས་པའི་ལུགས་དེ་དག་ཐམས་ཅད་ཀྱི་རྩ་བ་ནི་གྲངས་་ཅན་པ་དང་གཞན་རྣམས་དེ་ལས་གྱེས་པར་འདོད་ཅིང་།དེ་ཡང་འཇུག་པ་ལས། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས། །དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །ཞེས་པ་རྩ་འགྲེལ་གྱི་དགོངས་པར་འདོད་དོ།།

    འོན་ཀྱང་འཇུག་པ་རྩ་འགྲེལ་གྱི་དོན་ནི་གྲངས་ཅན་པས་བཏགས་པའི་བདག་དེའི་ཁྱད་པར་ཅུང་ཟད་བསྣོན་བྲིའི་ཚུལ་མི་འདྲ་བ་ཐ་དད་པ་ལ་བརྟེན་ནས་མུ་སྟེགས་པ་གཞན་རྣམས་ཀྱི་བདག་གི་སྒྲོ་འདོགས་ལུགས་མི་འདྲ་བ་སྣ་ཚོགས་ཡོད་པར་གསུངས་པ་ཡིན་གྱི་གྲངས་ཅན་ལས་མུ་སྟེགས་ཀྱི་ལུགས་གཞན་མཐའ་དག་གྱེས་པར་འཆད་པ་མིན་ལ། དེ་ཡང་གྲངས་ཅན་གྱིས་བཏགས་པའི་བདག་རིགས་པས་འགོག་ཚུལ་ཤེས་ན་མུ་སྟེགས་གཞན་རྣམས་ཀྱིས་བདག་གི་ཁྱད་པར་བཏགས་པ་རྣམས་འགོག་ཚུལ་ཤེས་སླ་བར་དགོངས་ནས་དེ་ལྟར་གསུངས་པ་ཡིན་ནོ། །དེ་ཡང་འཇུག་པ་རང་འགྲེལ་ལས་བདག་གི་ཁྱད་པར་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ཀྱི་ལུགས་ཕན་ཚུན་ཐ་དད་པར་འགྱུར་རོ། །ཞེས་གསུངས་པ་དང༌། རྗེ་བདག་ཉིད་ཆེན་པོས་འཇུག་པའི་རྣམ་བཤད་དུ་རང་འགྲེལ་གྱི་ལུང་དེ་དྲངས་ནས་དེའི་མཇུག་ཐོག་ཏུ་ཞེས་གསུངས་པས་གཞུང་དེའི་ལུགས་ཀྱིས་གྲངས་ཅན་དེའི་དབྱེ་བ་ལ་བརྟེན་ནས་མུ་སྟེགས་ཀྱི་ལུགས་སོ་སོར་གྱེས་པར་འཆད་པ་ནི་དོན་མ་གོ་བའོ། །ཞེས་གསུངས་སོ། །དེས་ན་གྲངས་ཅན་གྱི་ལུགས་ལས་མུ་སྟེགས་གཞན་རྣམས་གྱེས་པར་འདོད་པ་འཇུག་པ་རྩ་འགྲེལ་དང། རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་དགོངས་པར་འཆད་པ་ནི་ཞིབ་ཏུ་མ་བརྟགས་པའོ། །འཇུག་པ་རྩ་འགྲེལ་དང་རྗེ་ཡབ་སྲས་ཀྱིས་གྲངས་ཅན་པས་ཤེས་བྱ་ཉེར་ལྔ་འདོད་ཚུལ་བཤད་ཀྱི་མུ་སྟེགས་པའི་ལུགས་ཉེར་ལྔ་ཡོད་པར་མ་བཤད་ལ། ལང་ཀར་གཤེགས་པའི་མདོ་ལས་གཞན་སྡེ་ཉེར་ལྔར་བཤད་ཅེས་གསུངས་པ་ཡང་མདོ་དེར་མུ་སྟེགས་པའི་འདོད་པ་བརྗོད་པའི་སྐབས་སུ་ཁ་ཅིག་ཅེས་པ་ཉེར་གཉིས་ལས་མ་བྱུང་ཞིང་དེའི་དང་་་པོ་ལ་གསུམ་དུ་ཕྱེ་ཡང་ཉེར་ལྔ་མ་ཚང་བར་འདུག་པས་འགྲིགས་དཀའོ། །རྩ་ཤེས་ཊིཀ་ཆེན་དང་སྟོང་ ཐུན་ཆེན་མོར་གྲངས་ཅན་ལས་གྱེས་པ་ཉེར་ལྔ་ཡོད་པའི་ཚིག་གཅིག་བྱུང་མོད་ཀྱང་མུ་སྟེགས་པའི་ལུགས་ཐམས་ཅད་གྲངས་ཅན་ལས་གྱེས་པ་དང་སྤྱིར་མུ་སྟེགས་པའི་ལུགས་ཉེར་ལྔར་གྲངས་ངེས་པར་མ་གསུངས་སོ། །

    དེས་ན་སྤྱིར་མུ་སྟེགས་པའི་ལུགས་མང་དུ་ཡོད་པ་རྣམས་ཀྱི་གཞུང་མང་པོ་བོད་དུ་མ་འགྱུར་པ་དང་གོང་དུ་བཤད་པ་ལྟར་ལྟ་བ་ངན་པ་གྲངས་ཀྱིས་མི་ལངས་པ་ཡོད་པས་ན་གཞན་སྡེ་ལ་མཐའ་གཅིག་ཏུ་གྲངས་ངེས་ཚུལ་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་གསུང་རབ་རྣམས་སུ་མ་བྱུང་བས་གྲངས་ངེས་གཟུང་དུ་འཆད་པར་མི་འདོད་ལ། མུ་སྟེགས་ཀྱི་ལུགས་བྱུང་བའི་རིམ་པ་ནི་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་ལས་བསྐལ་བ་དང་པོའི་དུས་ཀྱི་ཚེ་ལོ་ཚད་མེད་པ་ན་བྲམ་ཟེ་སེར་སྐྱ་ཞེས་བྱ་བ་ཞིག་གིས་གྲུབ་པའི་མཐའ་རྣམ་པར་བཞག་པའི་བསྟན་བཅོས་བརྩམས་པར་བཤད་པ་དང༌།

    སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བ་ལས། དེ་ཡང་འདི་སྐད་གྲག་གོ །མཆོད་འོས་ཀྱིས་རང་གི་འཁོར་འདུས་ཤིང་ཚོགས་པ་གྲངས་ཅན་ལ་སོགས་པ་མུ་སྟེགས་བྱེད་རྣམས་ལ་རང་གི་བློས་བརྟགས་པའི་གྲུབ་པའི་མཐའ་ཐམས་ཅད་བྱིན་ཟིན་པ་དང་། དེ་ནས་ཕྱིས་ཚངས་པ་ཡང་ཕྱིན་པར་གྱུར་པ་ན། དེས་དེ་ལ་སྨྲས་པ། ཚངས་པ་ཆེན་པོ་བདེ་བར་བྱོན། །ཤིན་ཏུ་འཕྱི་བར་འདིར་འོངས་སོ། །བསྟན་བཅོས་ཐམས་ཅད་བྱིན་ཟིན་པས། །ཁྱོད་ཀྱིས་རིག་བྱེད་འདི་ལོངས་ཤིག །ཞེས་བྱ་བ་དང་ཞེས་གསུངས་པས་སེར་སྐྱ་དང་མཆོད་འོས་ཀྱི་གཞུང་སྔ་བར་མངོན་ཞིང་འོན་ཀྱང་མུ་སྟེགས་གཞན་རྣམས་དེ་དག་ལས་གྱེས་པའི་ཁྱབ་པ་ནི་མེད་དེ། དྲང་སྲོང་རྣམས་ཀྱིས་རང་རང་གི་བློས་སྙོམས་འཇུག་དང་རྟོག་གེ་ལ་བརྟེན་པའི་གྲུབ་པའི་མཐའ་སོ་སོར་བཤད་པར་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་ལས་འབྱུང་བས་སོ། །

    བདག་ཅག་གི་སྟོན་པའི་དུས་སུ་ནི། རིངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་སོགས་པ་སྙོམས་འཇུག་པ་དྲུག བྲམ་ཟེ་རྒྱུས་རྒྱལ་ལ་སོགས་པ་རྗེས་སྒྲོགས་པ་དྲུག འོད་སྲུངས་རྫོགས་བྱེད་ལ་སོགས་པ་རྟོག་གེ་པ་དྲུག་སྟེ། མུ་སྟེགས་ཀྱི་སྟོན་པ་བཅོ་བརྒྱད་ཡོད་པར་བཤད་དོ། །དེས་ན་འདིར་ནི་དེ་དག་ལས་གྲགས་ཆེ་བ་རྣམས་ཀྱི་ལུགས་འཕགས་ཡུལ་པཎ་ཆེན་རྣམས་ཀྱིས་འགོག་ཚུལ་མདོ་ཙམ་འཆད་པར་འདོད་པས། ཆད་པར་སྨྲ་བ་ནི་རྒྱང་འཕེན་པ་དང་། རྟག་པར་སྨྲ་བ་ནི་གྲངས་ཅན་པ། ཚངས་པ་པ། ཁྱབ་འཇུག་པ།དཔྱོད་པ་པ། དབང་ཕྱུག་པ། བྱེ་བྲག་པ། རིག་པ་ཅན་པ། གཅེར་བུ་པ་སྟེ་བརྒྱད་དུ་བསྡུ་བར་བྱ་སྟེ། གཞུང་ལ་ལར་སེར་སྐྱ་པ་དང་གྲངས་ཅན་པ་སོ་སོར་བཤད་ཀྱང་ནང་གསེས་ཀྱི་དབྱེ་བ་ཡིན་པས་མི་འགལ་ཞིང་མཁས་པའི་དབང་པོ་ཀ་མ་ལ་ཤི་ལ་སོགས་ཀྱིས་དེ་གཉིས་དོན་གཅིག་ཏུ་བཤད་པའི་ཕྱིར་དང༌།བརྡ་སྤྲོད་པ། རིག་བྱེད་མཐའ་བ། གསང་བ་པ་རྣམས་ནི་ཚངས་པ་པའི་འདོད་པ་དང་ཕྱོགས་མཐུན་པ་དང་ཚངས་པ་སྟོན་པར་བྱེད་པ་དང་ཚངས་པའི་ལུང་ལ་བརྟེན་པར་མཚུངས་པའི་ཕྱིར་ལོགས་སུ་མ་བགྲང་ངོ༌།།

    རང་གི་སྡེ་བ་ནི། བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ་དང༌། སེམས་ཙམ་པ་དང༌། དབུ་མ་པ་སྟེ་བཞིར་གྲངས་ངེས་པར་མདོ་རྒྱུད་དུ་མ་ནས་བཤད་ཅིང་ཁྱད་པར་རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ཡི་བཞི་བ་དང་༌། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་གྲངས་ངེས་པར་བཤད་ཅིང་སློབ་དཔོན་འཕགས་པ་ལྷས། སངས་རྒྱས་ཆོས་ནི་རྣམ་པ་བཞིར། །ཡིད་འདོད་རྣམས་ཀྱིས་མངོན་མཐོང་སྟེ། །བྱེ་བྲག་སྨྲ་ལ་སོགས་པའི་ལམ། །བཤད་པའི་དེ་ཉིད་སྒྲུབ་པ་པོ། །ཞེས་གསུངས་སོ། །བྱུང་བའི་རིམ་པ་ནི་ལ་ལ་དག་བཀའ་བསྡུ་བ་གསུམ་པའི་རྗེས་སུ་བྱེ་བྲག་སྨྲ་བ་དང་མདོ་སྡེ་བ། སློབ་དཔོན་ཀླུ་སྒྲུབ་ཀྱི་དུས་སུ་དབུ་མ་པ། འཕགས་པ་ཐོགས་མེད་ཀྱི་དུས་སུ་སེམས་ཙམ་པ་བྱུང་བ་ཡིན་ལ་དེའི་སྔོན་དུ་གྲུབ་མཐའ་བཞིའི་ཐ་སྙད་མེད་པར་འདོད་པ་ནི་མི་འཐད་དེ། མཁའ་འགྲོ་རྒྱ་མཚོ། དགྱེས་རྡོར་གྱི་རྒྱུད་བརྟག་གཉིས། དུས་འཁོར་གྱི་རྒྱུད། རྡོ་རྗེ་ཨར་ལླའི་རྒྱུད་སོགས་ལས་གྲུབ་མཐའ་བཞིའི་ཐ་སྙད་གསུངས་པའི་ཕྱིར་རོ། །འོན་ཀྱང་གྲུབ་མཐའ་བཞི་ཀའི་བདག་མེད་ཕྲ་རགས་འདོད་ཚུལ་གྱི་རིམ་པ་དང་མདོ་སྡེའི་དགོངས་པ་ལེན་ཚུལ་སོགས་སངས་རྒྱས་ཞལ་བཞུགས་དུས་ནས་ཡོད་ནའང་གྲུབ་མཐའི་ནང་གསེས་ཀྱི་འདོད་ཚུལ་ཕྲ་མོ་མང་པོ་ཞིག་ནི་རང་རང་གི་སློབ་དཔོན་རྣམས་ཀྱིས་གཞུང་བརྩམས་པའི་རྗེས་ནས་བྱུང་་་་་བར་བྱས་ན་ལེགས་པར་མངོན་ཏེ་ཞིབ་པར་མ་སྤྲོས་སོ།།

    དེ་ལྟར་གྲུབ་མཐའ་བཞི་ལས་བྱེ་མདོ་གཉིས་ཐེག་དམན་གྲུབ་མཐའ་སྨྲ་བ་དང་དབུ་སེམས་གཉིས་ནི་ཐེག་ཆེན་གྲུབ་མཐའ་སྨྲ་བ་ཡིན་ལ། བོད་སྔ་མ་ཁ་ཅིག་ཐེག་དམན་གྲུབ་མཐའ་སྨྲ་བ་དང་ཐེག་དམན་གང་ཟག་གཉིས་དོན་གཅིག་པ་དང། ཐེག་ཆེན་གྲུབ་མཐའ་སྨྲ་བ་དང་ཐེག་ཆེན་གང་ཟག་གཉིས་དོན་གཅིག་པར་འདོད་པ་ནི་མི་འཐད་དེ། ནང་བའི་གྲུབ་མཐའ་སྨྲ་བ་ཡིན་ན་ལམ་ཞུགས་ཀྱི་གང་ཟག་ཡིན་པས་ཁྱབ་པར་ཐལ་བ་དང༌། ཉན་ཐོས་འཕགས་པ་རྣམས་ཀྱིས་ཀྱང་ཐེག་པ་ཆེན་པོའི་ལམ་དང་འབྲས་བུའི་ཆོས་མང་པོ་ཞིག་ལ་སྐུར་བ་འདེབས་པར་ཐལ་བ་སོགས་ཉེས་པ་དུ་མ་ཡོད་པའི་ཕྱིར། དེ་ལྟར་གྲུབ་མཐའ་སྨྲ་བ་བཞིར་ངེས་པ་ཡང༌། སློབ་དཔོན་དང༌། བསྟན་བཅོས་དང༌། བདག་མེད་ཕྲ་རགས་ཀྱི་ལྟ་བ་ཁས་ལེན་ཚུལ་གྱིས་རབ་ཏུ་ཕྱེ་བ་ཡིན་པས་གྲུབ་མཐའ་བཞིར་ངེས་པ་ཡིན་གྱི་ནང་བའི་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་ན་གྲུབ་མཐའ་སྨྲ་བ་བཞི་པོ་དེ་གང་རུང་ཡིན་པས་མ་ཁྱབ་ཏེ་གྲུབ་མཐའ་སྨྲ་བ་འོག་མ་ཁ་ཅིག་གིས་གྲུབ་མཐའ་གོང་མའི་རིགས་པའི་ཚུལ་ལ་བློ་སྦྱངས་ནས་རང་གི་ཐུན་མོང་མ་ཡིན་པའི་གྲུབ་པའི་མཐའ་ལ་རིགས་པའི་གནོད་པ་བབས་པར་ཤེས་ནས་སྔར་གྱི་ངེས་ཤེས་ལོག་ནའང་གྲུབ་མཐའ་གོང་མའི་ལྟ་བ་ལ་ངེས་ཤེས་མ་སྐྱེས་པའི་གནས་སྐབས་ཡོད་པའི་ཕྱིར་རོ། །དེ་ནི་ནང་བའི་གྲུབ་མཐའ་སྨྲ་བའི་གང་ཟག་ནི་ཡིན་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་ཕྱིར་རོ། །དེ་ལྟ་ན་ཡང་གྲུབ་མཐའ་བཞིར་མ་ངེས་པར་མི་འགྱུར་ཏེ། བློ་ཕུང་པོ་གསུམ་པ་ལ་གནས་པའི་གང་ཟག་དེས་གྲུབ་མཐའ་བཞི་པོ་གང་ཡང་མ་ཡིན་པའི་གྲུབ་པའི་མཐའ་གཞན་ཞིག་རང་དབང་དུ་བྱས་ཏེ་དམ་མི་འཆའ་བའི་ཕྱིར་རོ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག