མདུན་ཤོག- རིག་གནས་འཚོ་བ།- གསུང་འབུམ།

གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་གླེང་གཞིའི་ཚིགས་བཅད།

རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།    2014-03-18 14:46

    ༄༅།།གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་གླེང་གཞི་ཚིགས་བཅད་དུ་བསྡེབས་པ།

    གླེང་གཞི་ཚིགས་བཅད་དུ་བསྡེབས་པ།སྲིད་པའི་གཅོང་རོང་ཟབ་མོ་རུ། །བྱེ་བ་ཕྲག་བརྒྱའི་ངལ་བ་ཡིས། །རྣམ་པར་གཙེས་པའི་ངང་ཚུལ་ལ། །ལྷག་པར་སུན་པའི་བློ་ལྡན་དག །འདི་ལས་ཐར་པའི་ཐབས་ནི་ཅི། །ཐབས་མ་ཡིན་པ་གང་ཞིག་ཡིན། །ཡང་དང་ཡང་དུ་སེམས་པ་ནི། །ལས་སུ་བྱ་བ་དམ་པ་ལགས། །ལྟོ་བ་འགེངས་པའི་ཆོ་ག་ཙམ། །སྙིང་པོར་རློམས་པའི་བགྱི་བ་ལ། །འབད་པས་བརྩོན་པ་ལྷུར་ལེན་པ། །དེ་དག་ཕྱུགས་དང་བྱེ་བྲག་ཅི། །དེ་ལྟ་ལགས་ན་ལམ་དང་ལམ་མིན་པ། །ཇི་བཞིན་འབྱེད་པ་ཡང་དག་རིགས་པའི་ལམ། །མ་ནོར་ཇི་བཞིན་ཤེས་ལ་རག་ལས་པས། །ཚུལ་འདི་འཆད་ལ་བདག་ནི་སྤྲོ་བར་གྱུར། །སྔོན་དུས་ནོར་འཛིན་བུ་མོའི་ལྟོ་བ་རུ། །མཁས་མཆོག་བྱེ་བའི་པད་ཚལ་བཞད་པའི་ཚེ། །སྐལ་ལྡན་བུང་བའི་ཚོགས་རྣམས་སྤྲོ་བཞིན་དུ། །དེ་དག་མདུན་སར་ལེགས་བཤད་སྦྲང་རྩིས་ངོམས། །ད་ནི་དུས་ཀྱི་འགྱུར་བ་ནི། །སྙིགས་མར་སྤྱོད་པའི་སྲིན་མོ་ཡི། །ཁྲོས་པའི་བཞད་གད་བསྒྲགས་པ་བཞིན། །བློ་ལྡན་སྙིང་ལ་འཇིགས་བསྐྱེད་གྱུར། །དེ་ཕྱིར་བློ་ཡི་ནུས་པ་དམན་པ་དག །རང་གི་ཉེས་པས་ནོངས་པའི་བཙོག་ཆུ་ཡིས། །དམ་པའི་ལེགས་བཤད་ཡན་ལག་བརྒྱད་ལྡན་ཆབ། །རྣམ་པར་སློད་ལ་རིངས་པ་བཞིན་དུའང་གྱུར། །ཕྱོགས་ལྟུང་འཁྱོག་པོའི་ཡིད་ལྡན་དག །ཇི་སྲིད་རང་དང་མ་མཐུན་པ། །དེ་སྲིད་དྲང་སྲོང་མཆོག་ཉིད་ཀྱི། །གསུང་ལའང་མོས་པའི་སྐབས་མ་མཆིས། །དེས་ན་ཡང་དག་པ་དང་ལྟར་སྣང་གི །དབྱེ་བ་ཇི་བཞིན་ཕྱེད་པ་དཀོན་པས་ན། །དམ་པ་རྣམས་ཀྱང་བས་མཐའི་ནགས་ཚལ་དུ། ། སྙིང་ལས་ཆུང་ངུར་གཞེས་པ་ཉིད་ལ་སྤྲོ། །དེ་ཡི་ཕྱིར་ན་བདག་གིས་འདིར། །གཞན་ལ་ཕན་བསམ་རེ་བ་མེད། །བདག་ཉིད་ལེགས་པར་བཤད་པ་ལ། །གོམས་པ་ལྷུར་ལེན་ཙམ་དུ་ཟད། །ཅི་སྟེ་རང་གི་སྟོན་དང་བསྟན་པ་ལ། །རིགས་པའི་ལམ་ནས་དྲངས་པའི་དད་པ་ནི། །ཚིག་ཙམ་མིན་པ་སྙིང་ནས་བསྐྱེད་འདོད་པའི། །རྣམ་དཔྱོད་ཅན་འགའ་ཡོད་ན་ཚུལ་འདིར་ཉོན། །བདག་ཅག་རྣམས་ཀྱི་སྟོན་པ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ། །སེང་གེའི་ང་རོས་སྒྲོགས་མཛད་པ། །ཐུབ་པའི་དབང་པོ་ཞེས་བྱར་གྲགས། །མགོན་དེས་གྲོལ་བ་དོན་དུ་གཉེར་རྣམས་ལ། །གང་དུ་ཇི་ལྟར་མནར་བའི་སྡུག་བསྔལ་དང༌། །གང་གིས་དེ་ལྟར་མནར་བའི་དེ་ཡི་རྒྱུ། །ཅི་ཞིག་དེ་ལས་ཐར་པའི་ངོ་བོ་དང༌། །ཅི་ཡིས་དེ་ལས་ཐར་པའི་ཐབས་རྣམས་ནི། །ཡང་དག་རིགས་པའི་ལམ་ནས་འདོམས་མཛད་པས། །ཞི་བའི་ལམ་ནི་དྲང་པོ་རབ་གསལ་བ། །བདག་ཅག་རྣམས་ལ་མངོན་སུམ་བཞིན་དུ་གྱུར། །རྨོངས་པའི་འཁྲུལ་བས་དབྱེན་སྤྱོས་པས། །རང་གི་བློ་གྲོས་ཆེས་འཁྲུལ་བ། །སེར་སྐྱ་གཟེགས་གཟན་རྐང་མིག་སོགས། །ལོག་པའི་འདམ་དུ་བྱིང་བ་ཡི། །སྟོན་པ་དེ་དང་དེ་དག་གི །གཞུང་ལུགས་རྣམས་ནི་ཚུལ་འདི་ཡིས། །བརྟབས་པོར་བསྐྲགས་པའི་ཅ་ཅོ་དང༌། །མཚུངས་པའི་གནས་སུ་གསལ་བར་བཀོད། །དེ་ཚེ་ཚངས་པ་ཡིས་ཀྱང་བསྐྲུན་དཀའ་བའི། །བསོད་ནམས་སྐལ་བར་ལྡན་པའི་སྐྱེ་བོ་རྣམས། །ཐུབ་པའི་ཞལ་གྱི་སྒོ་ལས་ལེགས་འོངས་པའི། །བདུད་རྩི་མཆོག་གི་རོ་ནི་མྱོང་བས་ངོམས། ། ནམ་ཞིག་མགོན་པོ་མཆོག་དེ་ནི། །ཞི་བའི་དབྱིངས་སུ་གཟིམས་པ་ན། །དེ་ཡི་བདུད་རྩིས་རབ་བསྐྱངས་པའི། །འཕགས་པའི་ཚོགས་རྣམས་དེ་དང་དེས། །བསྟན་པ་དམ་པའི་རྒྱལ་མཚན་ནི། །སྐྱེ་བོ་དག་གི་རྩ་ལག་ཏུ། །འགྱེལ་བ་མེད་པར་བཟུང་བ་ཡིས། །ས་འདི་སྐལ་བ་བཟང་པོར་བསྒྲུབས། །གང་ཚེ་སྟོན་པའི་གསུང་ལ་རབ་ཞུགས་ཀྱང༌། །ཐེག་པ་མཆོག་གི་བགོ་སྐལ་དམན་པ་འགས། །ཤིན་ཏུ་ཟབ་པའི་མདོ་དོན་མ་ལྩིགས་པར། །བློ་གྲོས་དམན་པས་བཤུང་བ་དེ་ཡི་ཚེ། །རྒྱལ་བ་ཉིད་ཀྱིས་བདག་ཉིད་ཀྱི། །གསུང་རབ་འབྱེད་ལ་ཚད་མའོ་ཞེས། །བསྔགས་པའི་མེ་ཏོག་འཐོར་མཛད་པ། །དཔལ་མགོན་ཀླུ་ཡི་དབང་པོ་ཡིས། །གསུང་རབ་ཀུན་གྱི་དྲང་དང་ངེས་པའི་དོན། །རིགས་ལམ་བྱེ་བའི་སྒོ་ནས་ལེགས་པར་ཕྱེ། །ཡོད་དང་མེད་པའི་མཐའ་བྲལ་ཟབ་མོའི་དོན། །གཞན་དུ་དྲང་དུ་མེད་པའི་བཀའ་དྲིན་མཛད། །དེ་ཚེ་རྒྱལ་བ་ཉི་མའི་གཉེན། །རང་གི་བསྟན་ལ་བགྱི་བ་ནི། །བསྒྲུབ་ལ་སླར་ཡང་འོང་བ་བཞིན། །ཐེག་མཆོག་ཚུལ་ནི་གསལ་གྱུར་ཏོ། །དེ་ནས་སྔོན་གྱི་རྒྱལ་བ་ལ། །ལྷག་པར་བྱ་བ་བྱས་པ་ཡིས༌། །དམ་ཆོས་འཛིན་པའི་སྨོན་ལམ་མཐུ། །ཆེས་ཆེར་གྲུབ་པའི་ཐོགས་མེད་ཀྱིས། རྒྱལ་བའི་གསུང་རབ་ཉིད་ལ་བརྟེན་པ་ཡི། །རྨད་བྱུང་རིགས་པའི་ལམ་ནི་གཉིས་པ་ཡིས། །གཟུང་འཛིན་གཉིས་སུ་མེད་པའི་རྣམ་རིག་གི །ཤིང་རྟའི་སྲོལ་ཆེན་ལེགས་པར་ཕྱེ་ཞེས་གྲགས། །ཉི་མ་ཟླ་བར་རབ་མཚུངས་པའི། །ཤིང་རྟའི་སྲོལ་ཟུང་མཚོ་ཆེན་ལས། །ལེགས་འོངས་པཎ་གྲུབ་པད་དཀར་འཕྲེང༌།།འཕགས་ཡུལ་མཛེས་རྒྱན་ཚར་དུ་དངར། །ནམ་ཞིག་ལུགས་བཟང་འོ་མའི་མཚོ། །ཀཻ་ལ་ཤ་ལྗོངས་རྫིང་བུའི་ངོགས། །སྐལ་ལྡན་བསོད་ནམས་བསེར་བུ་ཡིས། །རྣམ་པར་བསྐྱོད་ཅིང་ལུད་པ་ན། །མཁས་མཆོག་ཞི་བ་བསྲུང་བ་དང༌། །གྲུབ་པའི་རྗེ་བོ་མཚོ་སྐྱེས་ཞབས། །མི་རྗེ་ཟུར་ཕུད་ལྔ་པ་ཡི། །རྣམ་འདྲེན་ངང་པའི་དེད་དཔོན་གསུམ། །དེར་ནི་སྐལ་ལྡན་བྱེ་བའི་བསོད་ནམས་ཀྱི། །ཀྱོ་བས་ཉེ་བར་བཀུག་བཞིན་ལྷན་ཅིག་གཞེས། །དེ་ལས་དྲང་སྲོང་དམ་པའི་སྤྱོད་ཚུལ་ལ། །རྣམ་པར་གཞོལ་བའི་རྣམ་སད་གཞོན་ནུའི་ཚོགས། །ཇི་ལྟར་ཆོས་བཟང་མདུན་ས་ན། །མི་ཕམ་གསུང་སྐྱེས་དམ་པའི་ཚོགས། །སྙེམས་པར་རོལ་བཞིན་དེ་ན་ཡང༌། །དེ་ལྟའི་དགའ་བས་ཡ་མཚན་འཛིན། །རེ་ཞིག་ཅིག་ན་ཚུལ་དེ་ལ། །རྣམ་པར་འཁུ་བའི་ཡིད་ལྡན་པ། །ཆུ་སྲིན་རྒྱལ་མཚན་གྱིས་མངགས་པའི། །སྐྱེ་བོ་མཁའ་འགྲོའི་གདོང་ཅན་འགས། །དྲང་སྲོང་གསུང་ཉིད་གཞན་དུ་འདྲེན་པ་ཡི། །ལྟ་ངན་མི་གཙང་འབགས་པའི་མཆུ་རིང་པོ། །མི་རིགས་ཐན་སྐད་སྒྲོགས་བཞིན་ལུགས་བཟང་འདིའི། །ནོར་འཛིན་འགྲམ་པར་འཕྱིད་པས་རྣམ་པར་བསླད། །དེར་ཡང་གངས་ཅན་སྐྱེ་བོ་ཡི། །བསོད་ནམས་རྟ་བདུན་གྱིས་དྲངས་པའི། །པདྨའི་ངང་ཚུལ་ཉིན་བྱེད་ནི། དེ་ཉིད་བསལ་ཕྱིར་དེར་ནི་ཆས། །རིགས་ཚུལ་རྡོ་རྗེའི་ཚ་ཟེར་གྱིས། །ལོག་སྨྲ་འབྱུང་པོའི་བྱ་ཚོགས་ཀྱི། །ཀླད་པའི་བུམ་པ་དྲལ་བྱས་ཤིང༌། །ཐུབ་བསྟན་འདབ་བརྒྱ་བཞད་པར་མཛད། །དེ་ནས་དུས་རིང་ཞིག་ན་དེ་ལྟའི་ཡ་མཚན་དགེ་ལེགས་ནོར་བུའི་དཔྱ། །སྐྱེས་བུའི་བསོད་ནམས་ཟོང་གིས་འགུགས་པའི་དུས་ཀྱི་དཔལ་ནི་རྟུལ་བ་ན། །རིག་པའི་སྔགས་ནི་བརླང་པོར་འཛིན་པའི་སྤྱོད་ཚུལ་དྲི་མའི་ར་རི་ཡིས། །ཡང་དག་ལྟ་སྤྱོད་ཤེལ་གྱི་གོང་བུ་རྙོག་པོར་བགྱིད་ལ་མངོན་དུ་ཕྱོགས། །སླར་ཡང་དུས་དམན་གཤོང་བུ་རུ། །འགྱེལ་བའི་ལུགས་བཟང་ཧ་རིའི་ལྗོན། །གྱེན་དུ་སློང་བའི་རིགས་སྔགས་མཁན། །སྨོན་ལམ་མཐུ་གྲུབ་ལྷའི་བླ་མས། །དད་པའི་བ་དན་འཕྱང་འཕྲུལ་ནི། །སྙིང་སྟོབས་བརྟན་པོས་བཟུང་བ་གང༌། །རྣམ་གནོན་ཚུལ་གྱི་ངོས་དག་ཏུ། །ལན་གཅིག་མིན་པར་གཡབ་པ་ལས། །ལྔ་རིག་ནོར་བུའི་དྲ་བ་བྱང་ཆུབ་ཐུགས་ཀྱི་སྨན་མཆོག་དང༌། །ལྷན་ཅིག་ཐུགས་གསང་དཔལ་གྱི་བེའུར་ཡོངས་གཏམས་ཕུལ་བྱུང་ཞབས། །བདག་གིས་འདིར་ནི་རྒྱལ་བའི་མཛད་པ་ངེས་པར་བསྒྲུབ་སྙམ་དུ། །བཀྲ་ཤིས་རྐང་པ་དལ་གྱིས་བགོམས་པས་དེར་ནི་ལྷགས་ཅེས་གྲགས། །ཤིན་ཏུ་ཞི་བའི་སྤྱོད་ཚུལ་གོས། །རྣམ་པར་བགོས་པའི་དམ་པ་དེས། །དྲང་པོར་སྨྲ་བའི་ལམ་གསུམ་འབབ། །ཞལ་གྱི་སྒོ་ལས་རྣམ་པར་སྐྱུགས། །ལོག་པའི་ཚང་ཚིང་དྲུངས་ཕྱུང་ནས། །དྲང་སྲོང་ལམ་བཟང་པདྨོའི་ཚལ། །མྱུར་བར་སྐྱེད་བསྲིངས་དགའ་སྟོན་གྱིས། །རྫོགས་ལྡན་དཔལ་མོ་སླར་ཡང་བཀུག །འཇིག་རྟེན་བླང་དོར་སྟོན་པའི་མིག་གཅིག་པུ། ། སྐྱེས་མཆོག་རིན་ཆེན་བཟང་པོའི་དཔལ་མངའ་དང༌། །གསང་བ་བླ་མེད་ཆོས་ཀྱི་རྡོ་རྗེའི་མཛོད། །བློ་གྲོས་སྙིམ་པར་ཐོགས་པའི་སྒྲ་སྒྱུར་སོགས། །འཁོར་ལོ་བཞི་ལྡན་དམ་པ་འགས། །འཕགས་ཡུལ་ཆོས་ཀྱི་བང་མཛོད་ལས། །བློ་ཡི་ནུས་པས་ཅི་ཐེགས་ཀྱིས། །དམ་ཆོས་ནོར་བུ་རྣམ་པར་བླངས། །ཐུབ་བསྟན་དཔྱིད་ཀྱི་དཔལ་མོ་ནི། །དབུས་འགྱུར་ཚལ་ལས་རྣམ་འཕོས་པ། །ཁ་བ་རི་པའི་ས་ཕྱོགས་སུ། །གཏན་དུ་འཁྱིལ་བའི་རྩེ་དགའ་བཟུང༌། །རྣམ་པར་དགེ་བའི་རྨད་བྱུང་ཟུར་མིག་མ། །ལོག་པར་བགོམས་པའི་སྐྱེས་བུའི་གོམས་སྟབས་ལ། །རངས་པར་མ་གྱུར་ད་ནི་འདི་ཉིད་ལས། །གཞན་དུ་འགྲོ་སྙམ་འཁྱོག་པོར་བགྲོད་པ་ན། །སྟོབས་བཅུ་མངའ་བའི་རྗེ་བོར་གྱུར་པའི་ཡབ་གཅིག་མཁྱེན་པའི་གཏེར་དེ་ནི། །མྱུར་བ་མྱུར་བར་དབང་སྔོན་ཟུར་ཕུད་གསེར་ཞུན་ཁུ་བས་རབ་བྱུགས་ནས། །ཐུབ་བསྟན་མཛེས་དགའ་མ་ཡི་ཡིད་ཀྱི་བརྟན་པ་ཉམས་པར་མི་འགྱུར་སླད། །དག་པའི་ཞིང་གི་མཁའ་ལས་གངས་རིའི་སྨན་ལྗོངས་ངོགས་སུ་ལྡིང་བཞིན་གཤེགས། །གང་གི་མཁྱེན་པའི་ལྟུན་པོ་ཡིས། །ཤེས་བྱའི་དཀྱིལ་འཁོར་མཐའ་དག་ནི། །ཉུངས་འབྲུའི་ཚད་དུ་བྱས་པ་ཡིས། །རྒྱལ་བ་རྣམས་ཀྱང་སྐྱེངས་ཞེས་གྲགས། །བདེ་བར་གཤེགས་གཞུང་ཆུ་ཀླུང་བྱེ་བ་ནི། །དེ་ཡི་བློ་གྲོས་རྫིང་བུ་འགེངས་པའི་སླད། །ཉིན་མཚན་ཀུན་དུ་འབད་པས་བབས་གྱུར་ཀྱང༌། །གང་ཐུགས་ར་བར་དོག་པའི་སྐབས་མ་མཆིས། །དེ་ཡི་ཞལ་གྱི་པདྨོ་ལས། །ལེགས་འོངས་ལེགས་བཤད་སྦྲང་རྩི་ཡིས། །ངོམས་པའི་མཁས་གྲུབ་རྐང་དྲུག་ཚོགས། །རིགས་པའི་དར་དིར་སྒྲོགས་པ་ཡིས། །ཛ་ཏིའི་རྐང་འཐུང་འཁྲིགས་པ་ནས། །ཆུ་ཡི་མཛོད་འཛིན་སྔོ་བསངས་མའི། །རལ་པ་རྣམ་པར་འགོངས་བའི་བར། །བར་འཚམས་མེད་པར་འགེངས་པར་བྱས། །ཅིར་ཡང་མི་སེམས་ཆུ་ཤིང་ལ། །སྙིང་པོར་རེ་བའི་བྱིས་པ་ཡིས། །རང་མཚང་སྒྲོགས་པའི་ཅ་ཅོ་རྣམས། །མིང་གི་ལྷག་མཉིད་དུ་གྱུར། །ཐབས་ཤེས་གཤོག་ཟུང་རྣམ་པར་བསྐྱོད་པ་ཡིས། །སྲིད་པའི་རྒྱ་མཚོའི་ཕ་རོལ་ཕྱིན་བྱེད་པ། །རྒྱལ་སྲས་ངང་པའི་ཁྱུ་ཚོགས་འདི་མཐོང་བས། །བདུད་སྡེའི་ཡིད་ལ་མྱ་ངན་དཀའ་ཐུབ་བསྟེན།།ཐུབ་པའི་དབང་པོ་ཀླུ་ཡི་ཞབས། །འཇམ་དཔལ་དབྱངས་ཅེས་གྲགས་རྣམས་ཀྱིས། །གསང་བའི་གཏམ་ནི་མ་ལུས་པ། །འདི་ཉིད་སྲས་དང་བཅས་ལ་བསྟན། །གནའ་དུས་མཁས་གྲུབ་གསེར་རིའི་འཕྲེང༌། །ཡ་མཚན་བརྗིད་བག་ཆེ་རྣམས་ཀྱང༌། །ཉི་མའི་དྲུང་ན་མེ་ཁྱེར་དང༌། །མཚུངས་པའི་གནས་ལ་འདི་ཡིས་བཀོད། །འདུལ་བ་འབུམ་སྡེའི་གཞུང་གི་དོན། །ལག་ཏུ་ལེན་པའི་རིམ་པ་ཡང༌།།འདི་ཉིད་ཁོ་ནའི་བཀའ་དྲིན་གྱིས། །གངས་རིའི་ཁྲོད་དུ་རྫོགས་པར་གསལ། །རིགས་པའི་དབང་ཕྱུག་ལས་འོངས་པའི། །རིགས་པའི་གློག་འཕྲེང་སྟོང་དག་ཀྱང༌། །འདི་ཡི་ཞལ་གྱི་ཆུ་འཛིན་ལས། །ཉམས་འགྱུར་བྱེ་བས་རྫོགས་པར་འཁྱུག །ཕྱི་ནང་གྲུབ་མཐའི་ཁྱད་པར་གྱི། །ཕྲ་བའི་གནས་རྣམས་རེ་རེ་བཞིན། །རིགས་ལམ་བརྒྱ་ལས་ལེགས་དྲངས་པ། །མ་འདྲེས་བཞིན་དུ་གསལ་བར་བཀྲ། །རྒྱལ་ཡུམ་སྦས་དོན་སྙིང་པོའི་བཅུད་བཟང་པོ། །རིམ་པ་བདུན་གྱི་རྒྱ་ཡིས་བཅིངས་པ་ཡང༌། །འདི་ཡིས་དཀའ་བ་མེད་པར་ལེགས་བཀྲོལ་ནས། །བློ་ལྡན་སྙིང་གི་བདུད་རྩི་ཉིད་དུ་མཛད། །མཐའ་དང་བྲལ་བའི་ལྟ་བ་ཟབ་མོ་དང༌། །དཔགས་པར་དཀའ་བའི་གསང་སྔགས་བླ་མེད་ཚུལ། །སུས་ཀྱང་གསལ་བར་མ་ནུས་གནས་དེ་ནི། །འདི་ཡིས་མངོན་སུམ་བཞིན་དུ་འགྲོ་ལ་བསྟན། སྙིགས་མ་ལས་ཀྱང་ཆེས་སྙིགས་མའི། །ངང་ཚུལ་མངོན་པར་བརྟས་གྱུར་ཀྱང༌། །ཐུབ་པའི་གསུང་གི་གསང་བ་ནི། །ད་དུང་མ་ཉམས་འདི་ཡི་དྲིན། །དེ་ཕྱིར་འདི་ཡི་རིང་ལུགས་ནི། །ཐུབ་པའི་གཏམ་གྱི་ཚུལ་ཡིན་ཏེ། །འདི་ལས་གཞན་དུ་གྱུར་པ་དག །བྱིས་པ་འདྲིད་པའི་ཟློས་གར་ཡིན། །དེ་ལྟ་ལགས་ན་ད་དུང་ཚུལ་འདི་ལ།།ཚུལ་བཞིན་སྤྱོད་པའི་བགོ་སྐལ་སྨོས་ཅི་དགོས། །ལེགས་པར་མོས་པའི་སྐལ་བའང་ཕྲ་བ་རྣམས། །ངེས་པར་རང་གི་ལས་ཀྱིས་ནོངས་ལས་ཅི། །དེ་ཕྱིར་གང་ཞིག་མཁས་པའམ། །འོན་ཏེ་མི་མཁས་པ་ཡང་རུང༌། །རང་རང་ནུས་པ་ཅི་ཡོད་ཀྱིས། །ཚུལ་འདི་ཉིད་ལ་འཇུག་པར་རིགས། །རིགས་པས་ལེགས་པར་གྲུབ་པའི་ལུགས། །བློ་ལྡན་རྣམས་ཀྱི་འཇུག་ངོགས་ཏེ། །མི་རིགས་པའམ་ཐེ་ཚོམ་གྱི། །གནས་ལ་དཔྱོད་ལྡན་སུ་ཞིག་འཇུག །སྡེ་སྣོད་གསུམ་གྱི་དགོངས་པའི་དོན། །འགལ་བ་མེད་ཅིང་ལེགས་གནས་པ། །གང་དུ་ངེས་པར་ཡོད་པ་དེ། །དྲང་སྲོང་ཆེན་པོའི་བསྟན་པ་ཡིན། །བསླབ་པ་གསུམ་གྱི་སྒྲུབ་པ་ནི། །སྐྱོན་དང་བྲལ་བར་ལེགས་གནས་པ། །གང་གི་ཕྱོགས་ལ་མཆིས་གྱུར་པ། །དེ་ནི་སངས་རྒྱས་བསྟན་པ་ཡིན། །ཐབས་དང་ཤེས་རབ་ལེགས་འབྲེལ་ཞིང༌། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན།།གང་དུ་ལེགས་པར་གནས་གྱུར་པ། །དེ་ནི་ཐེག་ཆེན་བསྟན་པ་ཡིན། །མཐའ་དང་བྲལ་བའི་ལྟ་བ་དང༌།།དཔྱད་འཇོག་ཆ་མཉམ་སྒོམ་པ་དང༌། །མདོ་སྔགས་བཤད་སྒྲུབ་འགལ་མེད་སྤྱོད། །དེ་ནི་བསྟན་པ་སྐྱོན་མེད་ཡིན། །ཐོས་བསམ་ཕྱོགས་སུ་མ་སོང་ཞིང༌། །གཞུང་ལུགས་གདམས་པར་ཤར་བ་ཡིས། །མཉན་འོས་རིགས་པའི་ལམ་སྨྲ་བ། །དེ་ཉིད་ལ་ནི་མཁས་པ་ཟེར། །ཉོན་མོངས་དཔལ་ནི་ཆོགས་པ་དང༌། །རང་དང་གཞན་རྒྱུད་འདུལ་བར་ནུས། །ལྟ་སྒོམ་འཁྲུལ་བྲལ་གདེང་ལྡན་པ། །དེ་ཉིད་ལ་ནི་གྲུབ་པ་ཟེར། །མཁས་པས་གྲུབ་པ་མ་བཅོམ་ཞིང༌། །གྲུབ་པས་བཙུན་པ་མ་བཅོམ་པར། །བསྟན་ལ་ཕན་པ་སྒྲུབ་པ་ལ། །སྐྱེས་བུ་དམ་པ་ཞེས་ཀྱང་ཟེར། །དེ་ཕྱིར་གང་ལ་འཇུག་པར་བྱ་བའི་གནས། །དེ་ལ་ཇི་ལྟར་འཇུག་པར་བྱ་བའི་ཚུལ། །ཞུགས་ལས་འབྲས་བུ་ཇི་ལྟར་འབྱུང་བ་རྣམས། །མ་ནོར་ཤེས་པ༌འདུན་མའི་གཙོ་བོ་ཡིན། །དེ་ལྟར་རྒྱལ་བའི་བསྟན་པ་ཡི། །རིམ་པ་ཅུང་ཟད་བརྗོད་པ་འདི། །འཆད་པར་འགྱུར་བའི་བསྟན་བཅོས་ཀྱི། །ངོ་མཚར་གཏམ་གྱི་གླེང་གཞི་ཡིན། །གང་གི་ཟབ་བརླིང་ངམས་གནག་བློ་ཡི་རྒྱ་མཚོ་གཏིང་མཐའ་བྲལ་བཞིན་སྣང་བའི་འཇུག་ངོགས་སུ། །མཐའ་ཡས་ལེགས་བཤད་བྱེ་བའི་ཆུ་ཀླུང་རིགས་ལམ་དབུ་བའི་འཛུམ་པ་ཅི་ཡང་རྒོད་བཞིན་དུ། །རྒྱུན་ཆད་མེད་པར་འབབ་པའི་དགའ་བ་སྙིང་ལ་གནས་པ་དེ་ཡི་ཁ་ཡི་སྒོ་དག་ལས། །དུས་མཐའ་འདིར་ཡང་ལེགས་བཤད་འོད་འཕྲེང་བྱེ་བ་འགྱེད་པའི་ཡ་མཚན་འདི་ལ་ད་ལྟོས་ཤིག །གང་ཡང་བདག་ལེགས་སུ་འདོད་པའི་བློ་གྲོས་གྱི་ནོར་དང་ལྡན་པ་རྣམས་ནི་ཇི་ལྟར་ན་བདག་ཉིད་སྙིང་དུ་མི་སྡུག་པའི་དངོས་པོ་རྣམ་པ་སྣ་ཚོགས་པ་ཉམས་སུ་མྱོང་བའི་སྲིད་པའི་འབྲོག་དགོན་པ་ཆེན་པོ་འདི་ཉིད་ལས་ཡོངས་སུ་ཐར་བར་འགྱུར་བ་དང༌། དེའི་ཐབས་ཡང་དག་པ་ནི་གང་ཐབས་མ་ཡིན་པ་ནི་གང་སྙམ་དུ་སོ་སོར་རྟོག་ཅིང་དཔྱོད་པ་ལ་འཇུག་པར་རིགས་ཏེ། གྲོལ་བ་དོན་དུ་གཉེར་བ་རྣམས་ཀྱི་ལས་སུ་བྱ་བའི་གཙོ་བོ་ནི་འདི་འབའ་ཞིག་དུ་ཟད་པའི་ཕྱིར་རོ། །དེ་བས་ན་ཐུབ་པ་ཉི་མའི་གཉེན་གྱི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་བླ་ན་མེད་པ་ཡིན་པར་ངེས་པ་གཏིང་ནས་རྙེད་པ་ལ་ལུགས་འདི་ཉིད་གང་ལས་ཁྱད་པར་དུ་འཕགས་པའི་གྲུབ་པའི་མཐའ་དག་གི་ཚུལ་དང༌། དེ་ལས་ཇི་ལྟར་ཁྱད་པར་དུ་འཕགས་པའི་ཚུལ་རྣམས་འོལ་སྤྱི་ཙམ་མ་ཡིན་པར་ཤེས་དགོས་ཏེ། གཞན་དུ་ན་བདག་ཅག་གི་སྟོན་པའི་ལུགས་ནི་ཆེས་ཁྱད་པར་དུ་འཕགས་པའོ་ཞེས་སྨྲས་ཀྱང་ཚིག་ཙམ་དུ་ཟད་པར་འགྱུར་བའི་ཕྱིར་དང༌། རང་གི་སྟོན་པ་དང་བསྟན་པ་ལ་ཡང་རིགས་པའི་ལམ་ནས་དྲངས་པའི་དད་པ་བརྟན་པོ་མི་སྐྱེ་བའི་ཕྱིར་རོ། །དོན་གྱི་དབང་འདི་གཟིགས་ནས་དབུ་མ་རྒྱན་ལས། བློ་ནོར་ལྡན་པས་ལུགས་གཞན་ལ། །ཇི་ལྟར་སྙིང་པོ་མེད་མཐོང་བ།།དེ་ལྟར་དེ་དག་སྐྱོབ་པ་ལ། །གུས་པ་ཤིན་ཏུ་སྐྱེ་བར་འགྱུར། །ཅེས་དང༌། ཁྱད་པར་འཕགས་བསྟོད་ལས། མུ་སྟེགས་གཞན་གྱི་གཞུང་ལུགས་ལ། ཇི་ལྟ་ཇི་ལྟར་རྣམ་བསམ་པ། །དེ་ལྟ་དེ་ལྟར་མགོན་ཁྱོད་ལ། །བདག་གི་ཡིད་ནི་དང་བར་གྱུར། །ཅེས་སོ། ། དེས་ན་རང་གཞན་གྱི་གྲུབ་པའི་མཐའ་རྣམས་ཀྱི་རྣམ་པར་བཞག་པ་ཆེ་ལོང་ཙམ་ཞིག་འདིར་བྲི་བར་བྱའོ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག