མདུན་ཤོག- རིག་གནས་འཚོ་བ།- དགོན་སྡེ་གྲགས་ཆེན།

བྱམས་ཆེན་དགོན།

རྩོམ་པ་པོ། ཧོང་ཧའོ།    2014-04-22 15:47

    ༄༅།། བྱམས་ཆེན་དགོན།

    སྔར་དགོན་པ་དེ་ད་ལྟའི་པེ་ཅིན་དཔེ་མཛོད་ཁང་དང་། པེ་ཅིན་གསོ་རིག་སློབ་གྲྭ་ཆེན་མོའི་ཞོར་གཏོགས་སྨན་ཁང་དབར་གྱི་ཡང་ཧྥུང་ལམ་ཟེར་བའི་ཐོག་ཏུ་ཡོད་ཅིང་། སྔ་དུས་སུ་མིང་རྒྱལ་རབས་ཀྱི་ཆིང་ཧྥུའུ་ཏན་ཞེས་པའི་ཕོ་བྲང་ཡིན་ཏེ། གོང་མ་མན་ཇུ་ཁང་ཞི་ཁྲི་ལོ་ལྔ་པར་ད་གཟོད་དགོན་པར་བསྒྱུར། དེ་ནི་པེ་ཅིན་ཉེ་འདབས་རི་བོ་ཤིས་ཧྲན་གྱི་ཅིའུ་ཧྥུང་དགོན་གྱི་ཙན་དན་ལས་གྲུབ་པའི་ལྷ་སྐུ་དེ་འདིར་གནས་སྤོ་བྱས་རྐྱེན། དེ་ཞོར་ངག་རྒྱུན་དུ་ཙན་དན་དགོན་ཞེས་འབོད། བོད་ཡིག་ལ་ནི་བྱམས་ཆེན་དགོན་དུ་གྲགས། མ་ཟད་དགོན་དེའི་ལྷ་རྣམས་ཤིང་ཙན་དན་ལས་གྲུབ་ཅེས་ཟེར།།

    དགོན་པ་དེ་བོད་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་ཞིང་། སྔར་བོད་ཀྱི་གྲྭ་དགོན་ཟེར་བའི་གྲས་ཡིན། དེ་ཡང《ཟིན་ཐོ་རུས་སྦལ་གྱི་སྐྱུག་པ》ཞེས་བྱ་བའི་ནང“དགོན་དེ་ནུབ་ཕྱོགས་ཡུལ་གྲུའི་དགེ་འདུན་པས་དབང་བཟུང་ཞིང་། གནས་གཉིས་པའི་ཕོགས་ཐོབ་ཟོས”ཞེས་ཟེར། འདིར་ནུབ་ཕྱོགས་ཡུལ་གྲུའི་དགེ་འདུན་ཞེས་བྱ་བ་བོད་ཀྱི་དགེ་འདུན་ལ་ཟེར། བོད་ཀྱི་དེབ་ཐེར《ཙན་དན་ཆོས་འབྱུང》ནང“མཁན་པོ་ལྷ་རྒྱལ་སངས་རྒྱས་མཚན་དགོན་པ་དེའི་སློབ་དཔོན་དུ་བསྐོ་བཞག་མཛད། དགོན་ནང་ལྷ་སྐུ་དག་ལ་ཞིག་གསོ་རྒྱས་སྤྲོས་དང་། མཆོད་འབུལ་སོགས་ལ་མཁོ་བའི་རྒྱུ་དངོས་གྲངས་ཀྱིས་མི་ལང་བ་བཏང”ཞེས་བཤད།

    《ཧོར་བོད་ཆོས་འབྱུང》ནང་འཁོད་པར་གཞིགས་ན། མན་ཇུ་གོང་མ་ཡུང་ཀྲེང་ཁྲི་ལོ་གཉིས་པའི(སྤྱི་ལོ༡༧༢༥ལོ)སྐབས་ཙན་དན་དགོན་འདི་བཞིན་ལྕང་སྐྱ་ཧོ་ཐོག་ཐུ་སྐུ་ཕྲེང་བཅོ་ལྔ་མཆོག་གི་བསྟི་གནས་སུ་གྱུར་པ་དང་། གོང་མ་ཆན་ལུང་ཁྲི་ལོ་ཞེ་ལྔ་པར(སྤྱི་ལོ༡༧༨༠ལོ)ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་མཆོག་རེ་ཧོ་ཞིང་ཆེན་བརྒྱུད་པེ་ཅིན་ལ་ཕེབས་ཐོག གོང་མ་ཆན་ལུང་ངོ་མའི་ཕེབས་རོགས་འོག“དྲི་བཟང་ཙན་དན་ཤཱཀྱ་དགོན་དུ་བསངས་གསོལ་གནས་གཟིགས་ལ་གཤེགས”(མཆན། ཙན་དན་དགོན་ཉིད་ལ་ཟེར)རྗེས་སུ་སླར་ཡང“དྲི་བཟང་ཙན་དན་ཤཱཀྱ་དགོན་དུ་སྐྱེ་བོ་སྟོང་ཕྲག་འདུས་ཏེ་བཀའ་འགྱུར་གྱི་ལྗགས་ལུང་རྒྱས་པར་གནང་།”

    དགོན་པ་དེ་ནི་བོད་ཀྱི་ཚད་ལྡན་ཡིག་རིགས་བསྡུ་ཉར་བྱེད་ས་ཞིག་ཀྱང་ཡིན་ཞིང་། ཀྲུང་དབྱང་མི་རིགས་སློབ་གྲྭའི་དགེ་རྒན་ཆེ་མོ་སྐུ་ཞབས་ཡུས་ཏའོ་ཆོན་ལགས་ཀྱིས། ལོ་རབས་སུམ་ཅུ་པའི་སྐབས་སུའང་དགོན་དེར་སྔར་བཞིན་བོད་ཡིག་ཆོས་དཔེ་མཐོང་རྒྱུ་ཡོད་ཞེས་གསུངས། ད་ནི་དགོན་པ་དེ་མེད་དོ།།

    ༡༩༨༢ལོའི《བོད་ལྗོངས་ཞིབ་འཇུག》དེབ་གསུམ་པ་ལས་བཤུས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག