མདུན་ཤོག- རིག་གནས་འཚོ་བ།- དགོན་སྡེ་གྲགས་ཆེན།

སྟག་ཚང་ལྷ་མོ་དགོན།

རྩོམ་པ་པོ། བདེ་ཆེན་མཚོ།    2014-04-23 10:09

    ༄༅།། སྟག་ཚང་ལྷ་མོ་དགོན། སྟག་ཚང་ལྷ་མོ་དགོན་ནི་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་སྨར་ཁམས་སྒང་གི་ཕྱོགས་སམ་མདོ་སྨད་ཀླུ་ཆུའི་ཁོངས་སུ་མངའ་བའི་བོད་བརྒྱུན་ནང་བསྟན་གྱི་ཆོས་སྡེ་ཆེན་མོ་ཞིག་ཡིན། གནས་མཆོག་འདི་ནི་ཀིརྟི་སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་པ་རབ་རྒྱས(སྤྱི་ལོ་༡༥༦༤ལོ་ནས་སྤྱི་ལོ་༡༦༤༣ལོའི་བར)མཆོག་གི་སྒྲུབ་གནས་ཡིན་ཞིང་། ཕྱིས་སུ་ཀིརྟི་སྐུ་ཕྲེང་ལྔ་བ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྐབས་སུ(སྤྱི་ལོ་༡༧༣༡ལོ)ཐ་ལ་ངག་དབང་དཔལ་བཟང་མཆོག་གིས་རི་ཁྲོད་བཙུགས་པ་རྨང་གཞི་བྱས་ཐོག བོད་རབ་བྱུང་བཅུ་གསུམ་པའི་ས་འབྲུག་ལོར(སྤྱི་ལོ་༡༧༤༨ལོ)དགའ་ལྡན་གསེར་ཁྲི་ཁྲི་རབས་ང་གསུམ་པ་རྒྱལ་མཚན་སེང་གེ་མཆོག་གིས་གནས་ཕུལ་དུ་བྱུང་བར་གཟིགས་ནས་ཆོས་སྡེ་ཆེན་མོ་འདི་ཉིད་བཞེངས་པ་རེད།

    ཆོས་སྡེ་འདི་རུ་འཕགས་ཡུལ་དང་། བལ་བོ། རྒྱ་ནག ནང་སོག བོད་ལྗོངས་སོགས་ནས་གདན་འདྲེན་བྱས་པའི་ལྷ་སྐུ་སྟོང་བཞི་ལྷག་མཆིས་ཤིང་། དེ་ལས་ཆེས་ཆེ་བ་ནི་ཁང་བརྩེགས་གཉིས་ཀྱི་མཐོ་ཚད་ཡོད་པའི་བྱམས་སྐུ་ཆེན་མོ་ཡིན་ཏེ། གཟུངས་རྟེན་ལ་གསེར་ཁྲི་རྒྱལ་མཚན་སེང་གེ་མཆོག་གིས་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་འཁྱེར་ཡོང་བའི་རྗེ་ཙོང་ཁ་བའི་ཆོས་གོས་དང་ཆོས་སྡེ་འདི་ཉིད་བཞེངས་དུས་སའི་འོག་ནས་བྱུང་བའི་གསེར་གྱི་རྡོ་རྗེ་སོགས་རྟེན་བྱིན་རླབས་ཅན་མང་དུ་བཞུགས་ཤིང་། ཆོས་ཀྱི་བསྟན་བཅོས་ལ་གསེར་ཆུའི་དཔར་མའི《བཀའ་འགྱུར》དང《བསྟན་འགྱུར》། རྗེ་ཙོང་ཁ་བ་ཆེན་པོ་དང་། རྒྱལ་དབང་སྐུ་ཕྲེང་རིམ་བྱོན། པཎ་ཆེན་སྐུ་ཕྲེང་རིམ་བྱོན་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱི་གསུང་འབུམ་ཁྲི་གཉིས་དང་སྟོང་བརྒྱད་ལྷག་བཞུགས་ཡོད་པར་མ་ཟད། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་གསེར་ཁྲི་ཁྲི་རབས་རིམ་བྱོན་ལ་གནང་བའི་ཐམ་ག་དང་དབུ་ཞྭ་སོགས་རྟེན་བྱིན་ཅན་ཆེ་ཆུང་སྣ་ཚོགས་བརྗོད་ཀྱིས་མི་ལངས་པ་བཞུགས་འདུག དེ་མིན་གསེར་ཁྲི་རྒྱལ་མཚན་སེང་གེའི་སྐུ་གདུང་མཆོད་རྟེན་བཞེངས་འདུག་པས་སྐྱེ་བོའི་ཚོགས་ཀྱི་རྒྱུད་ལ་བྱིན་མཐུ་འཇུག་པའི་གནས་མཆོག་ཅིག་ཡིན་ནོ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག