མདུན་ཤོག- རིག་གནས་འཚོ་བ།- དགོན་སྡེ་གྲགས་ཆེན།

ཇོ་ཇོའི་ལྷ་ཁང་།

    2014-04-23 13:22

    ཇོ་ཇོའི་ལྷ་ཁང་ངམ་ཁྲི་ཀའི་ཇོ་བོ་ཞེས་པ་ནི་མདོ་སྨད་ཁྲི་ཀ་རྫོང་ཐོག་ཏུ་ཆགས་ཤིང་། ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་དང་བྱིན་རླབས་མཉམ་པར་གྲགས་པའི་ཇོ་སྐུ་དེ་ཉིད་ནི་རབ་བྱུང་གསུམ་པའི་ཆུ་སྟག1182ལོར་ཧོར་རྒྱལ་གོ་ཏན་གྱིས་འཇམ་མགོན་ས་པཎ་ཀུན་དགའ་རྒྱལ་མཚན་གདན་དྲངས་ཏེ་མཚོ་སྔོན་དུ་ཕེབས་སྐབས་ཁྲི་ཀའི་རྒྱ་མཁར་མཆོད་རྟེན་རྩད་གཅོད་མཛད་དེ་གནས་འདིར་ཕེབས། རྒྱལ་པོས་དད་འབུལ་གྱི་མུ་ཏིག་དྲེའུ་ཁལ་གཅིག་བསྐུར་བ་འབྱོར་བས་དེ་ལ་གཞི་བྱས་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། རབ་གནས་མཛད་དུས་སངས་རྒྱས་བྱང་སེམས་མང་པོ་ཐིམ་པའི་གཟིགས་སྣང་ཤར། མུ་ཏིག་གི་རྒྱ་སྐད་ཀྲེན་གྲུའི་ཟུར་ཆག་པས་ཇོ་ཇོའི་ལྷ་ཁང་དུ་གྲགས། ཕྱིས་སུ་གཙུག་ལག་ཁང་གི་སྒོ་ཆེན་དང་བཅས་པ་གོང་འོག་གི་ལྡེབས་བྲིས་ལ་ཐུབ་དབང་དང་གནས་བརྟན་བཅུ་དྲུག བསྐལ་བཟང་སངས་རྒྱས་སྟོང་། རྒྱུད་སྡེ་བཞིའི་ལྷ་ཚོགས། རྗེ་ཙོང་ཁང་པ་སོགས་རྒྱ་བོད་ཀྱི་པཎ་གྲུབ་མང་པོའི་སྣང་བརྙན། བཀའ་བསྟན། མཆོད་རྫས་སྣ་ཚོགས་དང་བཅས་པ་ལེགས་པར་གྲུབ་མོད། རབ་བྱུང་བཅུ་དྲུག་པའི་ས་ཁྱི1958ལོར་བསྟན་པ་འཕེལ་འགྲིབ་ཀྱི་དབང་གིས་འདུས་བྱས་མི་རྟག་པའི་རང་བཞིན་དུ་མངོན་ཏེ་རྨེག་མེད་དུ་གྱུར། 1987ལོར་ཆོས་སྒོ་ཕྱེ་རྗེས་དགེ་བའི་བཤེས་གཉེན་ལྷ་སྡེ་ཀུན་བཟང་ཞེས་པས་ཇོ་བོའི་སྐུ་ལི་མ་བྱིན་ཅན་ཁྲི་གང་ཙམ་བཞག་ནས། གོང་བ་གྲྭ་ཚང་གི་དགེ་འདུན་རྣམས་ཞུས་ནས་ཁྲུས་གསོལ་གནང་སྟེ་རྟེན་འབྲེལ་གྱི་ཐོག་མར་གྱུར། རབ་རྒྱལ་ལྕགས་རྟ1990ལོའི་ཐ་སྐར་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོར་ཤཱཀྱའི་རྒྱལ་པོ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཅན་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པ་ཅན་ལྟ་བས་ཆོག་མི་ཤེས་པ་འདི་ཉིད་ལེགས་པར་གྲུབ་ཅིང་རྗེ་དགེ་འདུན་ལེགས་བཤད་བསྟན་པ་རྒྱ་མཚོ་ཉིད་ཀྱིས་རྡོ་རྗེ་སློབ་དཔོན་མཛད་དེ་དགེ་འདུན་བཅུ་ཕྲག་ཟུང་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་ཞི་རྒྱས་སྦྱིན་བསྲེགས་དང་བཅས་སྦྱོར་དངོས་མཇུག་གསུམ་ཐམས་ཅད་དམ་པ་གོང་མའི་ཕག་ལེན་བཞིན་མཛད། ཇོ་ཇོ་ལྷ་ཁང་ཆེན་མོ་ཁང་པ་གྱན་བདུན་ཅུ། འདུ་ཁང་མདུན་གྱི་བར་ཁང་ནང་དུ་སངས་རྒྱས་སྨན་བླའི་ཞིང་བཀོད་གཅིག་དང་སྒྲོལ་མའི་ཞིང་བཀོད་གཅིག མཛད་བཅུའི་གྱན་ཐང་བཞི། བར་སྐོར་གྱི་སྐོར་ལམ་དུ་མ་ཎི་འཁོར་ལོ་བརྒྱ་དང་བརྒྱད། མ་ཎི་གྲངས་ཀ་དུང་ཕྱུར་བཅོ་བརྒྱད། མདུན་གྱི་སྒོ་ཆེན་ནང་དུ་རྒྱལ་ཆེན་སྡེ་བཞི་སོགས་མཆིས་པ་དང་།1996ལོར་འདུ་ཁང་གི་ལྟག་རྒྱབ་ཏུ་དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་གྱན་ལྔ་ཅན་ཞིག་ཀྱང་བཞེངས་ཡོད། །     《བོད་ཀྱི་དགོན་སྡེ་གྲགས་ཅནལས་བཏུས་ནས་བསྒྲིགས།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག