མདུན་ཤོག- རིག་གནས་འཚོ་བ།- དགོན་སྡེ་གྲགས་ཆེན།

རོང་བོ་དགོན་ཆེན།

    2014-04-23 13:23

    རོང་བོ་བདེ་ཆེན་ཆོས་འཁོར་གླིང་ངམ་རོང་བོ་དགོན་ཆེན་ནི་མདོ་སྨད་རེབ་གོང་གི་རོང་བོ་གྲོང་རྡལ་དུ་ཆགས་ཤིང་། མདོ་སྨད་ས་ཁུལ་གྱི་ལོ་རྒྱུས་རིང་ཞིང་མིང་གྲགས་ལྡན་པའི་ནང་བསྟན་དགོན་པ་ཞིག་ཡིན། ལོ་རྒྱུས་ཡིག་ཆར་འཁོད་པ་ལྟར་ན། ཡོན་གོང་མའི་དུས་སུ། གཉན་ཆེན་ཐང་ལྷའི་འདབས་རོལ་གྱི་འདམ་ཁོག་རོང་བོ་ཞེས་བྱ་བའི་སར་བོད་ཀྱི་གསོ་དཔྱད་ལ་མཁས་པའི་རྣམ་འབྱོར་པ་ཆེན་པོ་རོང་ཆེན་ལྷ་རྗེ་ཞེས་འབོད་པ་ཞིག་ཡོད་པ་དེ་ས་སྐྱར་འགྲོ་མགོན་འཕགས་པ་རིན་པོ་ཆེར་མཇལ་དུ་ཕྱིན་པར། འགྲོ་མགོན་འཕགས་པས་གུར་མགོན་ཆོས་སྐྱོང་དུ་གཏད། ས་སྐྱའི་གསེར་མགོན་དང་ཕག་མཁར་གནང་། ཁྱོད་ཨ་མདོར་སོང་། རི་རྡོ་རྗེའི་དབྱིབས་འདྲ་བའི་རྐེད་པར་ཁྱོད་ཀྱི་རིགས་རྒྱུད་ཀྱིས་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་དགོས་པ་ཡོད་གསུངས་ཏེ་ལུང་བསྟན་པ་བཞིན་མདོ་སྨད་རེབ་གོང་དུ་བྱོན་ནས་རྒྱལ་ཐང་དང་ཧོར་སྙན་བཟང་གཞིས་སུ་གཞི་བཏབ། ས་སྐྱའི་གྲུབ་མཐའ་སྤེལ། གསོ་རིག་གིས་འགྲོ་ཕན་ཤིན་ཏུ་ཆེ་བ་བྱུང་། དེའི་སྲས་མདོ་སྡེ་འབུམ་གྱིས་ས་དེའི་སྤྱི་དཔོན་གྱི་འགན་བཞེས་ཤིང་ས་སྐྱའི་སྲིད་དབང་དང་རྗེས་སུ་མཐུན་པའི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་བཙུགས་ཏེ་ཆོས་སྲིད་གཉིས་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ་བས་རིམ་བཞིན་རྨ་ཆུའི་ལྷོ་ཕྱོགས་ཀྱི་ས་ཁྱོན་ཡངས་པོར་དབང་སྒྱུར་པའི་ས་གནས་སྲིད་དབང་ཆེན་པོ་ཞིག་ཏུ་གྱུར། དེའི་སྲས་རོང་བོ་བླ་མ་བསམ་གཏན་རིན་ཆེན་ནི་ཆུང་དུས་ནས་རབ་ཏུ་བྱུང་། ཤར་ཕྱོགས་རིག་པའི་དཔའ་བོ་ཞེས་བྱ་བ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་ལ་གཏུགས་ཤིང་ཟབ་ཆོས་མང་དུ་གསན། ས་དཀྱིལ་ཏཱ་བེ་ཧུ་དང་མཆོད་ཡོན་དུ་འབྲེལ་ནས་རྒྱལ་ཐང་གི་དབུས། ས་རྡོ་རྗེ་འདྲ་བའི་ལྟེ་བར་རབ་བྱུང་དྲུག་པའི་ཆུ་རྟ(1342)ལོར་རོང་བོ་བདེ་ཆེན་ཆོས་འཁོར་གླིང་གི་གཞི་དང་པོ་བཏིངས་ཏེ་ལྷ་ཁང་དང་དུས་གསུམ་སངས་རྒྱས་བཞེངས། དེའི་སྤུན་མཆེད་བློ་གྲོས་སེང་གེ་ནི་རིག་པའི་གནས་སོ་སོར་སྦྱངས་པ་ཆེ་ཞིང་འཕྲིན་ལས་ཤིན་ཏུ་རྒྱས་པ་ཞིག་ཡིན་པས། ཏཱ་མིང་ཟོན་ཏེ་རྒྱལ་པོས་རྒྱལ་ནང་དུ་སྤྱན་དྲངས། རྒྱལ་པོ་འཁོར་བཅས་ལ་རྣམ་འཇོམས་དཀར་པོའི་རྗེས་གནས་ཕུལ་ཞིང་། སྐུ་ཆོས་ཉི་ཟེར་ལ་འགེལ་བའི་གྲུབ་རྟགས་བསྟན་པས།རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་ཏེ་ཁོང་ལ“ཧུང་ཟིའུ་དམེའུ་ཀོཤྲཱིའི”ལས་ཀའི་གསེར་ཐམ་གནང་། ཏཱ་མིང་ཝན་ལིའི་དུས་སུ། དགེ་ལུགས་པའི་གྲུབ་མཐའ་མདོ་སྨད་ཡུལ་དུ་རྒྱ་ཆེར་སྤེལ་བ་དང་བསྟུན་དགོན་པའི་ཆོས་ཀྱི་གྲུབ་མཐའ་དགེ་ལུགས་པར་བསྒྱུར། འདུ་ཁང་ཆེན་མོ་གསར་དུ་བཞེངས། སྤྱི་ལོ1625ལོར་ཏཱ་མིང་ཤིན་ཙུང་རྒྱལ་པོས“ནུབ་ཕྱོགས་ཡིད་དགའི་ཞིང་ཁམས”ཞེས་པའི་སྒོ་བྱང་ཞིག་ཕག་བྲིས་མཛད་དེ་གནང་། དེ་ནས་བོད་རབ་བྱུང་བཅུ་པའི་མེ་ལུག(1607)ལོར་གསེར་ལྗོངས་ཡུལ་གྱི་སྐྱབས་མགོན་གྲུབ་ཆེན་སྐལ་ལྡན་རྒྱ་མཚོས་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱི་སྐྱེ་བ་མངོན་དུ་བཞེས་པས་ཀུན་གྱིས་གཙུག་གི་རྒྱན་དུ་བཀུར། ཉིད་ཀྱི་ཁུ་བོ་ཆོས་པ་རིན་པོ་ཆེས་ཡང་ཡང་བསྐུལ་ངོར་དགུང་ལོ་ཉེར་བཞིའི་སྟེང་རོང་བོའི་གདན་ས་ཆེན་མོར་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གསར་དུ་བཙུགས་ཤིང་ལུགས་གཉིས་ཀྱི་སྒོ་ནས་བསྐྱངས་པས་འཆད་ཉན་རྒྱ་ཆེར་འཕེལ། རྗེ་འདི་ཉིད་ཀྱིས་སྐུ་ཚེ་གང་བོར་མདོ་སྨད་ཀྱི་དབེན་གནས་བརྒྱ་ཕྲག་དུ་མར་བྱོན་ཏེ་སྒྲུབ་པ་རྩེ་གཅིག་ཏུ་གཞོལ་བས། ཡོངས་ཀྱིས་མདོ་སྨད་སྒྲུབ་བརྒྱུད་ཀྱི་བསྟན་པའི་ཤིང་རྟ་པ་ཆེན་པོར་བསྔགས་ཤིང་། ཡབ་རྗེ་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོས་སྤྱི་ལོ1734ལོར་རྒྱུད་པ་གྲྭ་ཚང་བཙུགས་ཤིང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྲོལ་བཏོད། སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱིས་སྤྱི་ལོ1773ལོར་དུས་འཁོར་གྲྭ་ཚང་བཙུགས། སྐུ་ཕྲེང་བཞི་པ་བློ་བཟང་ཆོས་གྲགས་རྒྱ་མཚོས་ཤར་བླ་བྲང་རྒྱ་ཆེར་བསྐྱེད། སྐུ་ཕྲེང་དྲུག་པ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་གྱིས་མཚན་ཉིད་གྲྭ་ཚང་གི་འདུ་ཁང་ཆེན་མོ་རྒྱ་བསྐྱེད་དེ་སླར་ཡང་བཞེངས་ཤིང་གོས་སྐུ་ཆེན་མོ་བཞེངས་གྲུབ་བྱུང་བ་བཅས་ལ་བརྟེན་ནས། སྐུ་ཕྲེང་བདུན་པ་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོའི་སྐབས་དགོན་པའི་བཟོ་བཀོད་རྟེན་དང་བརྟེན་པ་དང་། གྲྭ་པའི་ཞལ་གྲངས་སོགས་དགོན་པ་ཆེན་པོར་གྱུར་ཅིང་འཆད་ཉན་གྱི་འཕྲིན་ལས་ཤིན་ཏུ་རྒྱས་པར་བརྟེན་མདོ་སྔགས་རབ་འབྱམས་གཞུང་བརྒྱ་སྨྲ་བ་བགྲང་གིས་མི་ལང་བ་བྱོན་མྱོང་བས་ཀུན་གྱིས་སྨོན་པ་ཤོར་བའི་ནང་བསྟན་རིག་གནས་ཀྱི་ལྟེ་གནས་ཤིག་ཏུ་གྲུབ།། 《བོད་ཀྱི་དགོན་སྡེ་གྲགས་ཅན》ལས་བཏུས་ནས་བསྒྲིགས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག