མདུན་ཤོག- རིག་གནས་འཚོ་བ།- མཁས་པ་གྲགས་ཆེན།

རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོ།

    2014-05-06 09:12

རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོ་ཡེ་ཤེས་བརྩོན་འགྲུས་གྲགས་པ་ནི། རུས་ལྡོང་རིགས་དང་ཡབ་གཅན་ཚའི་དཔོན་པོ་ངག་དབང་རྣམ་རྒྱལ་དང་ཡུམ་རྣམ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་སྤྲེལ་(སྤྱི་ལོ་༡༧༢༨)ལོའི་ཧོར་ཟླ་གསུམ་པའི་ཚེས་བརྒྱད་ཉིན་མདོ་སྨད་ས་ཡི་ཐིག་ལེ་སྣང་རའི་གསེར་ཁང་གི་ཉེ་འདབས་སུ་(མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་སྣང་རའི་གྲམ་པ་ནང་གྲོང་སྡེ)སྐུ་བལྟམས། མཁའ་སྤྱོད་གྲུབ་ཆེན་པ་བྱོན་ནས་ཀུན་མཁྱེན་མཆོག་གི་ཐུགས་ཀྱི་སྤྲུལ་བ་ཡིན་པར་ལུང་བསྟན་ཅིང་སྐུ་སྲུང་མཛད། དགུང་ལོ་ལྔའི་སྟེང་ཏོག་ནོར་བུ་རྒྱལ་མཚན་ལས་དགེ་བསྙེན་དང་། དྲུག་པ་ལ་དགེ་ཕྱུག་ཆོས་རྗེ་ལས་རབ་ཏུ་བྱུང་། དགུང་ལོ་བདུན་ནས་བཟུང་ཕུ་བོ་སྟོང་འཁོར་རིན་པོ་ཆེའི་དྲུང་དུ་བཅར་ཏེ་ཟབ་ཆོས་མང་དུ་གསན། མཚན་ལ་སྒོ་བླ་ཞེས་བཏགས། སྐུ་ཞང་དགེ་སློང་བློ་གྲོས་རྒྱ་མཚོ་ལས་ཡི་གེ་འབྲི་ཀློག་དང་། སུམ་རྟགས། སྔགས་ཀྱི་བཀླགས་ཐབས་སོགས་བསླབས་པས་དཀའ་ཚེགས་མེད་པར་ཐུགས་སུ་ཆུད། དགུང་ལོ་བཅུ་གསུམ་པར་སྟོང་འཁོར་རིན་པོ་ཆེ་ལས་དགེ་ཚུལ་བསྒྲུབས། དཔེ་གཟིགས་འཛིན་སྐྱོར་གྱིས་དུས་འདའ་བར་མཛད། དགུང་ལོ་བཅུ་བཞི་བར་མཆོད་རྟེན་ཐང་དུ་བཞུགས་སྐབས་རྒྱན་དྲུག་མཆོག་གཉིས་འཇམ་དབྱངས་སྨྲ་སེང་གི་བསྟོད་པ་ལྗགས་རྩོམ་མཛད། གཞན་ཡང་སྐུ་ན་ཕྲ་དུས་དམ་ཅན་ཆོས་རྒྱལ་གྱི་བསྟོད་པ་དང་། ལམ་ཁྲིད་ཟིན་བྲིས་བཅས་དེབ་ལྔ་བཅུར་ལོང་བརྩམས། དགུང་ལོ་བཅོ་དྲུག་བཞེས་པ་ཆུ་ཕག་(སྤྱི་ལོ་༡༧༤༣)ལོའི་ཧོར་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ནས་ཚོགས་དབུས་སུ་རྗེ་གོང་མའི་ཁྲི་ལ་མངའ་གསོལ་བ་དང་ཁྲི་སྟོན་རྒྱ་ཆེར་མཛད། ཉིན་བཞི་ལྔའི་རིང་གྲལ་སྟོན་ཆེན་མོ་བྱེད་དུས་རིགས་པ་སྨྲ་བའི་ཁྱུ་མཆོག་རྣམས་དང་ཆོས་ཀྱི་བགྲོ་གླེང་གནང་སྐབས་སུ་གང་གིས་ཀྱང་རིགས་ལུང་མ་སོང་བས། སེར་སྐྱ་ཐམས་ཅད་ངོ་མཚར་ཏེ། ཀུན་མཁྱེན་གོང་མ་ཉིད་དང་དངོས་སུ་རྩོདཔ་བྱས་ན་འདི་ལས་ལྷག་ཡོད་དམ་ཞེས་ལབ་གླེང་མང་དུ་བྱུང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འགྱང་རོ་སྤྲུལ་བའི་སྐུ་ངག་དབང་བསྟན་འཛིན་དགེ་རྒན་དུ་བསྟེན། བསྡུས་གྲྭའི་རྟགས་གསལ་གྱི་འགྲོ་ལུགས་ཐེངས་རེ་རེ་གསན་པ་ཙམ་གྱིས་ཐོགས་མེད་དུ་མཁྱེན་པས་རིང་པོར་མ་ཐོགས་པར་རྟོག་གེའི་གསང་ཚིག་མཐའ་དག་ཐུགས་སུ་ཆུད། དེ་ནས་དགུང་ལོ་བཅོ་བརྒྱད་པར་གནས་ལྔ་རིག་པའི་དབང་ཕྱུག་དབྱིག་ཀྱྰ་རབ་འབྱམས་པར་བསྟེན་ནས་དབྱངས་ཅན་སྒྲ་མདོ་དང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་རིག་པའི་གནས་དུ་མར་གསན་སྦྱོང་མཛད་པས་སྒྲ་རིག་རྒྱ་མཚོའི་དགོངས་དོན་མཐའ་དག་དང་། སྡེབ་སྦྱོར་གྱི་གནད་རྣམས་ཀྱང་མ་ལུས་པར་ཐུགས་སུ་ཆུད། སྟོན་དགུན་ཕལ་ཆེར་རྩོད་པ་གཙོར་འདོན་དང་། ལོ་མཇུག་ཏུ་བཅད་རྒྱ་རྒྱུན་རིང་ཙམ་གནང་དུས་རྟག་ཏུ་མཚན་ཕྱེད་ཡོལ་བར་ཆོས་སུ་དཀའ་སྤྱད་དྲག་པོ་ལྷུར་བཞེས། དགུང་ལོ་བཅུ་དགུ་བར་རོང་པོ་མེ་རྒེན་ཆོས་རྗེ་ངག་དབང་རྒྱ་མཚོ་ལས་སྙན་དངགས་མེ་ལོང་གི་འགྲེལ་བ་དབྱངས་ཅན་དགྱེས་གླུའི་སྟེང་ནས་བཤད་པ་ཚར་གཅིག་གསན། ཕྱག་ལེན་བཞིན་ལེའུ་དང་པོའི་ལམ་རྣམ་པར་དབྱེ་བ་ནས་བཟུང་སྟེ་སྐྱོན་བཅུ་སྤོང་བའི་བར་གྱི་དཔེར་བརྗོད་ཆ་ཚང་བའི་རྩོམ་རྒྱུགས་ཀྱང་ཕུལ། དེ་དུས་རྩོམ་ལ་དོན་གཉེར་ཤིན་ཏུ་ཆེ་བས་མཚན་ཐོག་ཐག་སྦྱངས་ཏེ་ནམ་ལངས་བ་མང་ཞིང་། འགྲེལ་བ་མཁས་པའི་དགོངས་རྒྱན་བཀའ་རྩོམ་མཛད། གཞན་ཡང་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་གནས་བསྟོད་ཨུཏྤལ་མཐིང་ཁའི་རྩེད་དགའ་ཞེས་བྱ་བ་སྙན་དངགས་ཀྱི་ཉམས་བླ་ན་མེད་པ་འདི་ཡང་ལྗགས་རྩོམ་མཛད། དགུང་ལོ་ཉེར་བདུན་པ་རབ་བྱུང་གསུམ་པའི་ས་མོ་སྤྲུལ་(སྤྱི་ལོ་༡༧༤༩)གྱི་ལོའི་ཧོར་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་ཆ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པ་ལ་ཡོངས་རྫོགས་བསྟན་པའི་མངའ་བདག་ལྕང་སྐྱ་རོལ་བའི་རྡོ་རྗེ་ཡེ་ཤེས་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་ཞལ་སྔ་ནས་མཁན་སློབ་སྦྲགས་མ་དང་། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་བློ་བཟང་དོན་གྲུབ་པའི་ཞལ་སྔ་ནས་གསང་སྟེ་སྟོན་པའི་སློབ་དཔོན། འབྲས་ཡུལ་སྐྱེད་ཚལ་མཁན་པོ་གནས་ལྔ་གཟིགས་པའི་མཁས་དབང་དགེ་ལེགས་རྒྱ་མཚོ་སོགས་ཀྱིས་ལས་ཀྱི་ཁ་སྐོང་མཛད་དེ་། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ལྕང་སྐྱ་རོལ་བའི་རྡོ་རྗེ་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས་ཏེ། མཚན་དཀོན་མཆོག་འཇིགས་མེད་དབང་པོ་ཡེ་ཤེས་བརྩོན་འགྲུས་གྲགས་པའི་སྡེར་གསོལ། ལྕང་སྐྱ་རྡོ་རྗེ་འཆང་གི་ཐུགས་སྲས་གཅིག་པུར་གྱུར་ཏེ། ཕྱིས་སུ་བླ་མ་ཞིག་ལ་སྤྲུལ་སྐུ་འཁྲུངས་ན་འཇམ་དབྱངས་བཞད་པ་ཚང་འདྲ་བ་རེ་འཁྲུངས་དགོས་ཞེས་ཡང་ཡང་བསྔགས་བརྗོད་མཛད། དགུང་ལོ་ཉེར་ལྔ་བར་དབུས་སུ་ཕེབས་ཏེ། རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་སྐལ་བཟང་རྒྱ་མཚོ་དང་པཎ་ཆེན་སྣང་བ་མཐའ་ཡས་བློ་བཟང་དཔལ་ལྡན་ཡེ་ཤེས་གཉིས་ལ་འབྱོར་ཕྱག་དང་དངོས་འབུལ་རྒྱ་ཆེན་མཛད། དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོར་གྲྭ་ཚང་བཞི་ཡོད་པའི་ཡ་གྱལ་མཁས་མཆོག་གདེངས་ཅན་བྱེ་བའི་རོལ་མཚོ་བཀྲ་ཤིས་སྒོ་མང་གི་ཆོར་གྲྭར་ཞུགསས། གཞུང་བརྒྱ་སྨྲ་བའི་ཁྱུ་མཆོག་ཀླུ་འབུམ་བློ་བཟང་དར་རྒྱས་དང་རྒྱ་སེང་གེ་གཉིས་དགེ་རྒན་དུ་བསྟེན་ཅིང་། རྒྱལ་དབང་བདུན་པ་མཆོག་དང་པཎ་ཆེན་སྐུ་ཕྲེང་དྲུག་པ་དང་དཔོན་སློབ་བྱམས་པ་རིན་པོ་ཆེ་དང་དཔལ་ས་སྐྱའི་བདག་ཆེན་ཀུན་དགའ་བློ་གྲོས་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས། ཡིག་ཆའི་བློ་རྟགས། ཕར་ཕྱིན་ཐལ་ཕྲེང་ཟུར་བཀོལ་བཞི། འགྲེལ་ཆུང་དོན་གསལ། དབུ་མ་རྒྱས་པ། རྣམ་བརྒྱད་དགོངས་པ་རབ་གསལ། རྗེ་དགེ་འདུན་རྒྱ་མཚོའི་གྲུབ་མཐའ་སོགས་ཐུགས་འཛིན་གྱིས་བཀའ་པོད་ཡོངས་རྫོགས་ལ་སྦྱངས། དབུས་སུ་ལོ་བརྒྱད་བཞུགས་རིང་ཕྱི་ནང་གི་གཡེང་བ་ཕྲ་མོ་ཙམ་ཡང་སྤངས་ནས་ཆ་གྲང་བཀྲེས་སྐོམ་སོགས་ཅི་མི་སྙམ་པར། དཀའ་སྤྱད་ཤུགས་དྲག་གིས་འཕགས་བོད་ཀྱི་ཡིག་ཆ་ཁག་ལ་འོལ་སྤྱི་ཙམ་མ་ཡིན་པར་ཞིབ་ཐིགས་སུ་སྦྱངས་པས་གཞུང་བརྒྱའི་སྦས་དོན་མངོན་པར་རྟོགས་ཏེ། གཞན་དྲིང་མ་འཇོག་པའི་མཁྱེན་སྤྱོད་ཀྱི་རྩལ་ཡོངས་སུ་རྫོགས། རྒྱུད་དང་རྒྱུད་འགྲེལ་བསྐྱེད་རྫོགས་སོགས་ལ་གཟིགས་རྟོགས་དང་། གཞུང་སྤྱིའི་ཁོག་ཕུག་པའི་གཟབ་བཤད་དཀའ་བའི་གནད་ལ་དམིགས་ཀྱིས་བསལ་བའི་དོགས་དཔྱོད། ལག་ལེན་གྱི་རིགས་ལ་མཐོང་བ་རྒྱུད་པའི་ཞིབ་ཁྲིད། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཅས་དབུས་གཙང་ས་སྐྱ་སོགས་སུ་དབང་ལུང་རྗེས་གནང་རྒྱུན་གང་བཞུགས་ཆོས་རྒྱུན་ཉག་ཕྲ་བར་ཡོད་དོ་ཅོག་དཀའ་བ་བརྒྱ་ཕྲག་གིས་བཙལ་ཏེ་གསན། རིགས་གྲྭ་དང་དགུན་ཆོས་ཕར་ཕྱིན་སྟོན་མོ་བཅས་ཀྱི་ཐོག་རིགས་པའི་དབང་ཕྱུག་མང་པོ་ལུང་རིགས་གསལ་དག་མྱུར་བ་སྔ་མ་ལས་ཕྱི་མ་རྣོ་བ་ཤ་སྟག་གིས་ཚར་བཅད་པས། དབུས་གཙང་ཡོངས་སུ་མཁས་པའི་གྲགས་པ་འབར། དེ་ལྟར་དབུས་སུ་གསན་སྦྱོང་ཐུགས་བཞེས་མཐའ་དག་ལེགས་པར་གྲུབ་ནས་མདོ་སྨད་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་རྒྱུའི་གྲབས་བྱེད་པར་བོད་གཞུང་ནས་དགེ་ལྡན་བསྟན་པའི་གསལ་བྱེད་པཎ་ཆེན་ནོ་མོན་ཧན་གྱི་ཆོ་ལོ་དང་ཐམ་ཀ་སོགས་ཀྱི་གཟེགས་བསྟོད་དང་ན་བཟའ་ཉེར་སྤྱད་དབུ་གདུགས་རྒྱ་གླིང་དར་སོགས་ཀྱིས་ཕེབས་རྫོངས་རྒྱ་ཆེར་མཛད། དགུང་ལོ་སོ་གཉིས་པ་ས་ཡོས་(སྤྱི་ལོ་༡༧༥༩)ལོའི་ཧོར་ཟླ་ལྔ་བའི་ཚེས་ཉེར་གསུམ་ལ་མདོ་སྨད་དུ་ཆིབས་ཀྱི་ཁ་ལོ་བསྒྱུར། སྔ་ཕྱིར་བླ་གྲྭ་དཔོན་འབངས་བཅས་སེར་སྐྱ་དྲག་ཞན་མང་པོས་རིམ་པར་བསུས་ཏེ། དགུ་བའི་ཚེས་བཅོ་ལྔར་དགེ་འདུན་སྟོང་ཕྲག་སེར་སྦྲེང་དང་བཅས་གདན་སར་ཕྱག་ཕེབས། དགུང་ལོ་སོ་གསུམ་པར་ཨ་མཆོག་བདེ་མོའི་ཐང་གི་དགང་ལྡན་ཆོས་འཁོར་གླིང་བཏབ། དགུང་ལོ་སོ་བཞི་བར་བཀྲ་ཤིས་འཁྱིལ་དུ་དཔར་བརྐོ་ཐོག་མར་བཙུགས། དེ་སྔོན་དགོན་འདིར་དཔར་བརྐོས་ཀྱི་སྲོལ་མ་བྱུང་བས་དཔེ་རྒྱུན་ཐམས་ཅད་དཀོན་པར་ཡོད་སྟབས། བློ་རྟགས་གཉིས་ཀྱི་དཔར་ཐོག་མར་བརྐོས་ཤིང་། དེ་ནས་བཟུང་ཆོས་ཀྱི་འབྱུང་གནས་ལྟ་བུར་གྱུར། དགུང་ལོ་སོ་དྲུག་པར་གདན་སར་དུས་འཁོར་གྲྭ་ཚང་ཨེ་ཝཾ་ཆོས་འཁོར་གླིང་བཏབ། དགོན་ལུང་བྱམས་པ་གླིང་གི་ཁྲིར་བཞུགས། དགུང་ལོ་སོ་བརྒྱད་པར་སྐུ་འབུམ་བྱམས་པ་གླིང་གི་ཆོས་ཁྲིར་བཞུགས་ཏེ། ལུགས་གཉིས་ཀྱི་བཀའ་དྲིན་བླ་ལྷག་ཏུ་བསྩལ། དགུང་ལོ་ཞེ་གཉིས་པར་རི་བོ་རྩེ་ལྔར་ཕྱག་ཕེབས་ཏེ་སྒྲུབ་པ་སྙིང་བོར་བྱས། ལྕང་སྐྱ་རོལ་པའི་རྡོ་རྗེ་ནས་ཟབ་ཆོས་མང་དུ་གསན། རྗེ་བླ་མའི་རིང་ལུགས་ཤར་ཕྱོགས་རྒྱ་མཚོའི་མཐའི་བར་སྤེལ་ཞིང་། ལྗོངས་དེའི་འགྲོ་བ་རྣམས་གཏན་བདེའི་ལམ་ལ་བཀྲི་ཕྱིར་དབང་ལུང་རྗེས་གནང་དང་མན་ངག་བཅས་ཟབ་ཆོས་ཀྱིས་གདུལ་བྱ་རྣམས་སྨིན་ཅིང་གྲོལ་བར་མཛད། དགུང་ལོ་ཞེ་ལྔ་བ་ལ་གདན་སར་ཕྱིར་ཕེབས། དགུང་ལོ་ལྔ་བཅུ་བར་གོང་མ་ཆེན་པོ་ནས་ཆོས་སྡེ་འདི་ལ་གཟེངས་བསྟོད་ཀྱི་མཚན་དང་གསེར་གྱི་འཇའ་ས་བཅས་བསྩལ། དེར་འཁོད་དགོན་པའི་མཚན་མན་ཇུ་དང་། སོག་པོ། རྒྱ་ནག བོད་བཞིའི་སྐད་རང་རང་ཡི་གེར་བྲིས་ཡོད་པ་དེ། བོད་ཡིག་ལ་གདན་ས་ཆེན་མོ་འདིར་བློ་གསལ་གླིང་ཞེས་པ་དོན་བསྒྱུར་དུ་སྣང་བའི་མཚན་ཡང་གནང་། དགུང་ལོ་ང་བདུན་པ་ཤིང་འབྲུག་(སྤྱི་ལོ་༡༧༨༤)ལོར་ཡང་བསྐྱར་དབུས་སུ་ཕེབས། དབུས་གཙང་དུ་རྒྱལ་བ་ཡབ་སྲས་ཀྱིས་གཙོས་བླ་ཁག་རྣམས་དང་། གདན་ས་གསུམ། བཀྲ་ཤིས་ལྷུན་པོ་རྒྱུད་གྲྭ་སྟོད་སྨད་སོགས་ཆོས་སྡེ་ཆེ་ཕྲ་མཐའ་དག་ལ་དངུལ་སྲང་བདུན་ཁྲི་ལྷག་གི་བསྙེན་བཀུར་ཞུས། གར་ཕེབས་སུ་དཔེ་རྒྱུན་དཀོན་པ་གང་ཡོད་རྩད་བཅད་དེ་ཡོན་འབུལ་གྱིས་བླུས་པ་དང་། དད་འབུལ་བཅས་པོ་ཏི་སུམ་སྟོང་ལྷག་ཙམ་བྱུང་བར་མ་ཟད། འབྲི་བསྡུས་བགྱིས་པའི་སྔོན་དཔེ་རྙིང་དང་དཔེ་ཆ་དཀོན་པ་ཁག་ཅིག་བཅས་བསྒྲིགས་ཏེ་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་འཇམ་མགོན་བསྟན་པའི་སྙིང་པོ་ཉམས་པ་སོར་ཆུད་དང་། མ་ཉམས་གོང་སྤེལ་མཛད་དེ་ཐུབ་བསྟན་ཉི་མ་ལྟར་གསལ་བར་མཛད། གཞན་ཡང་སྐྱེས་རབས་སོ་བཞི་པའི་འགྲེལ་བ་སོགས་ལྗགས་རྩོམ་མང་པོ་གནང་། སྔོན་བྱོན་མཁས་པའི་ཕྱག་དཔེ་མང་དུ་བཞུགས་པ་ལ་གཟིགས་རྟོག་ཞིབ་ཏུ་མཛད། སྤྱོད་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་སོགས་སྔར་མ་བསན་པའི་དབང་ལུང་དུ་མ་དང་། སྔར་གསན་རུང་རྒྱུད་ཁུངས་བཙན་མིན་པ་མང་པོ་བསྐྱར་དུ་གསན་པ་སོགས་བཞེད་དོན་ཡོངས་སུ་གྲུབ་སྟེ། དགུང་ལོ་ང་དགུ་བར་མདོ་སྨད་དུ་ཆིབས་ཀྱི་ཁ་ལོ་བསྒྱུར། དགུང་ལོ་རེ་གཅིག་པ་ས་སྤྲེལ་(སྤྱི་ལོ་༡༧༨༨)་ལོར་དངུལ་སྲང་ཁྲི་བཞིར་ཉེ་བས་བྱམས་སྐུ་རྟེན་བརྟེན་པ་བཞེངས། དངུལ་སྲང་ཉི་ཁྲིར་ཉེ་བས་འདུ་ཁང་ཆེན་མོ་གསར་དུ་བསྐྲུན། གསེར་བཟང་གིས་བྲིས་པའི་བཀའ་འགྱུར་ལ་སོགས་བཞེངས། དགུང་ལོ་རེ་བཞི་བ་ལྕགས་པག་(སྤྱི་ལོ་༡༧༩༡)ལོའི་ཧོར་ཟླ་བཅུ་པའི་ཚེས་ཉེར་བརྒྱད་ཉིན་མཚོ་སྔོན་ཀ་རིང་གདོང་དམར་དགོན་བཀྲ་ཤིས་ཆོས་སྡེར་སྐུ་མྱ་ངན་ལས་འདས་སོ། །སྐུ་གདུང་རིན་པོ་ཆེ་བླ་བྲང་དུ་གདན་དྲངས་ཤིང་། རབ་བྱུང་བཅུ་གསུམ་པའི་ཆུ་མོ་གླང་གི་(སྤྱི་ལོ་༡༧༩༣)ལོའི་དཔྱིད་དུས་སུ་བྱང་ཆུབ་མཆོད་རྟེན་ལེགས་འགྲུབ་བྱུང་སྟེ་སྐུ་གདུང་ཡིད་བཞིན་ནོར་བུའི་སྙིང་བོར་ཟ་མ་ཏོག་བཞུགས་པ་སྲིད་ཞིའི་མཆོད་གདུང་འགྲོ་བ་ཀུན་གྱི་བསོད་ནམས་ཀྱི་ཞིང་ས་བླ་ན་མ་མཆིས་པ་ཞིག་ཏུ་གྱུར་ཏོ། །དེ་ལྟར་ཀུན་མཁྱེན་བདག་ཉིད་ཆེན་པོ་འདིས་དཔལ་ས་སྐྱའི་གདན་ས་ནས་དབང་ཕྱོགས་རྒྱ་མཚོའི་མཐའི་བར་གྱི་ཡུལ་གྲུ་ཕལ་མོ་ཆེ་ཞབས་ཀྱིས་བཅགས་ཏེ་དབང་རྗེས་གནང་། ལུང་ཁྲིད་མན་ངག སྒྲ་དང་སྙན་དངགས་སློབ་པ་སོགས་མདོ་སྔགས་རིག་གནས་ཀྱི་བཤད་རྒྱུན་ཆུ་བོའི་རྒྱུན་བཞིན་བསྐྱངས་པས་གསུང་ལས་སྐྱེས་པའི་བུ་སློབ་མཁན་ཆེན་དགེ་འདུན་རྒྱ་མཚོ། ཀློང་རྡོལ་གྲུབ་དབང་ངག་དབང་བློ་བཟང་། རྟ་ཚག་རྗེ་དྲུང་། ས་སྐྱའི་བདག་ཆེན་ངག་དབང་ཀུན་དགའ་ཆོས་སྐྱོང་། དགའ་ལྡན་ཁྲི་ཆེན་བློ་བཟང་སྨིན་ལམ། སྒོ་མང་དཔོན་སློབ་ངག་དབང་དགེ་ལེགས། ཡོངས་འཛིན་བློ་བཟང་ཆོས་འཕེལ། གུང་ཐང་བསྟན་པའི་སྒྲོན་མེ། ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མ། ཨ་ཀྱཱ་ཞབས་དྲུང་། ཨ་ལག་ཤ་དྭགས་པོ་ཀུན་གྲོལ་ཆོས་རྗེ་སོགས་དམ་པའི་སྐྱེ་ཕྲེང་འཛིན་པ་མང་བོར་རྣམ་དཔྱོད་རྒྱས་པར་བྱས། གཞན་ཡང་བསྟན་པའི་རྩ་ལག་དགེ་འདུན་གྱི་སྡེ་གསར་འདེབས་དང་ཉམས་གསོས་ཀྱིས་འཛིན་སྐྱོང་གནང་བ་བཞི་ཅུར་ཉེ་བ་ཙམ་ཡོད་ཅིང་། དེ་ཐམས་ཅད་དུ་བཤད་སྒྲུབ་ཀྱི་རྒྱུན་ཚུགས་གང་ཐུབ་མཛད། ཕྱག་དཔེ་པོ་ཏི་ཁྲི་ཕྲག་བརྒལ་བ་གསར་བསྒྲིགས་གནང་ཁར། བཀའ་རྩོམ་ཡང་བརྗོད་བྱ་རྗོད་བྱེད་གཉིས་ཀའི་ཆ་ནས་མཁས་པའི་རང་རྩལ་རྫོགས་པ་པོད་བཅུ་ཕྲག་ལོངས་པ་བརྩམས་པ་སོགས་རྗེ་དེ་ཉིད་ཀྱིས་དགུང་ལོ་དྲུག་ཅུ་ཙམ་བར་འཆད་སྤེལ་རྒྱ་ཆེར་མཛད་པས་ད་ལྟ་བཀའ་ཆོས་ཀྱི་འབྱུང་ཁུངས་ལྟ་བུར་ཡོད་པའི་བཀའ་དྲིན་ཤེས་དགོས་སོ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག