བོད་ཀྱི་གསོ་བ་རིག་པའི་སྨན་པའི་རྒྱུ་དྲུག་ལས་འཕྲོས་ཏེ་དེང་རབས་ཀྱི་སྨན་པའི་ཀུན་སྤྱོད་ཕྱོགས་ནས་གླེང་བར་འདོད་པ་ལ་གཅིག་ནས་ཕན་པའམ་སྨན་པ་ཞེས་པའི་ངེས་ཚིག་དང་གཉིས་ནས་དེང་རབས་ཀྱི་སྨན་པའི་བསམ་བློས་གླེང་བསླངས་ཏེ་འབྱུང་འགྱུར་གྱི་ཁ་ཕྱོགས་ཙམ་གླེང་ན་གཟུར་གནས་མཁས་དབང་དག་གིས་དགོངས་འཆར་ལྷུག་སྩོལ་ཞུ་ཞུ།

    དང་པོ། བོད་ཀྱི་གསོ་བ་རིག་པའི་སྨན་པའི་ངེས་ཚིག

    སྤྱིར་བཏང་དུ་བརྗོད་པ་ཡིན་ན་སྤྱིའི་ཆ་ནས་སྨན་པ་དང་ཕན་པ་གཉིས་དོན་གཅིག་ཏུ་གོ་ལ།རྒྱུ་མཚན་གྱིས་གསལ་བར་བྱེད་པ་ནི་ནད་ཀྱི་ཟུག་རྔུ་དྲག་པོས་གདུངས་པའི་ལུས་དེ་གསོ་ཞིང་དེ་ལ་ཕན་འདོགས་པའི་ཕྱིར་ན་སྨན་དང་།ནད་ཚབས་ཆེན་པོའི་སྟེང་དུ་ཐུར་མ་དང་འདྲལ་གཅོད་ཀྱི་དཔྱད་བྱེད་པའི་ཚེ་དཔའ་ཞིང་མི་ཞིམ་པས་ན་སྨན་དཔའ་ཞེས་བྱ་བ་དང་།ཡུལ་ཁམས་སྐྱོང་པའི་རྒྱལ་པོ་རྣམས་ནི་འཇིག་རྟེན་ཀུན་གྱི་ལྷ་ཡིན་ཞིང་། དེ་རྣམས་ཀྱིས་ཀྱང་རྗེ་རུ་འཁུར་བར་བྱེད་པས་ན་ལྷ་རྗེ་ཞེས་ཀྱང་གྲགས་པ་སྟེ།རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཞལ་ནས་ཇི་སྐད་དུ། “བོད་འབངས་ཡོངས་ཀྱི་ལྷ་ནི་ང་ཡིན་པས།།ང་ཡིས་བཀུར་བས་མིང་ཡང་ལྷ་རྗེར་ཐོགས། །”ཞེས་གསུངས་སོ། །གཞན་ཡང་སྨན་པ་ནི་ཕན་པའི་དོན་ཡིན་ལ་འདི་སྨན་པའམ་ཕན་པར་བྱེད་པ་པོ་ཡིན་པས་བདག་པོའི་སྒྲ་སྦྱར་བས་སྨན་པ་ཞེས་བྱ་བ་འདི་ཙམ་གྱིས་བོད་ཀྱི་གསོ་བ་རིག་པའི་སྨན་དོན་པའི་ངེས་ཚིག་ཕྱོགས་ཙམ་ཞིག་གོ་བ་ལེན་ཐུབ་པར་འགྱུར་ངེས་མོད། འོན་ཀྱང་། འཇིག་རྟེན་གོ་ལ་ཟླུམ་པོའི་ཁྱོན་གྱི་བོད་རིག་པའི་གལ་ཆེན་གྲུབ་ཆ་གཙོ་བོར་གྱུར་པ།གཞན་ཕན་ཚེ་ཡི་རིག་པ་འདིའི་བྱ་བ་བྱེད་པ་པོ་སྨན་པའི་ལེའུ་འམ་གཞུང་དོན་ཆ་ཚང་བ་ཞིག་བློ་ངོར་ཁྲ་ལམ་མེར་ཤར་ཐུབ་པའི་ཚད་ལ་བསླེབ་དགོས་ན་ཐོག་མར་བཤད་པ་སྐུའི་རྒྱུད་དུ་ཇི་སྐད་དུ།

    “དེ་ལྟར་གསོ་བར་བྱེད་པའི་གསོ་པ་པོ། །བྱ་བ་བྱེད་པ་སྨན་པའི་གནས་བསྟན་པ། །རྒྱུ་དང་ངོ་བོ་ངེས་ཚིག་དབྱེ་བ་དང་། །ལས་དང་འབྲས་བུ་རྣམ་པ་དྲུག་གིས་བསྟན། །རྒྱུ་ནི་བློ་ལྡན་བསམ་པ་དཀར་བ་དང་།།དམ་ཚིག་ལྡན་ཞིང་རྣམ་པ་བཟོ་བ་དང་། །བྱ་བ་ལ་བརྩོན་མི་ཆོས་མཁས་དང་དྲུག །”ཞེས་པ་ནས“ཐུན་མོང་ཕོངས་པ་རྣམས་ལ་སྙིང་རྗེས་བཟུང་།།མཐོན་པོ་རྣམས་ཀྱིས་རང་གི་མདོ་དོན་སྒྲུབ། །ཚོགས་པ་དྲུག་ལྡན་འབྲས་བུ་ཐེ་ཚོམ་མེད། །”ཅེས་པའི་བར་དུ་བོད་ཀྱི་སྨན་པ་ཞེས་པའི་རྒྱུ་དྲུག་སྟེ།

    བློ་ཆེ།བློ་ལྡན།བློ་བརྟན།བློ་གཟེག བསམ་པ་དཀར་བ།

    བློ་བཞག་རྣམ་པ་དྲུག དམ་ཚིག་ལྡན་པ།བཟུང་བྱ་རྣམ་པ་གཉིས།ཤེས་བྱ་རྣམ་པ་གསུམ།སྨན་པའི་རྒྱུ་དྲུག ལུས་བཟོ།

    རྣམ་པ་བཟོ་བ། ངག་བཟོ། ཡིད་བཟོ།བྱ་བ་ལ་བརྩོན་པ།བདག་གི་བྱ་བ་ལ་བརྩོན་པ།གཞན་གྱི་བྱ་བ་ལ་བརྩོན་པ།

    མི་ཆོས་གྱི་རྣམ་གཞག མི་ཆོས་ལ་མཁས་པ། དམ་པ་ལྷ་ཆོས་ཀྱི་རྣམ་གཞག ཐུན་མོང་གི་རྣམ་གཞག

    གང་གསོ་བ་པོ་སྨན་པ་ཞིག་ལ་ངེས་པར་ཚང་དགོས་པའམ་འཛོམས་དགོས་པའི་ཆ་རྐྱེན་གསུངས་ཤིང་བསྟན་ཡོད་ལ། གཞུང་ལུགས་དང་ལག་ལེན། བསམ་བློ་སོགས་ཕྱོགས་གང་ཅིའི་ཐད་ནས་ཀྱང་སྔོན་ཐོན་གྱི་ཆུ་ཚད་ལ་བསླེབ་དགོས་པ་གསལ་ཆ་དོད་པོའི་སྒོ་ནས་བསྟན་ན་སྨན་པ་ཞེས་པའི་ལས་རིགས་འདིས་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་འཇིག་གསུམ་གྱི་ཐད་ལ་བཏོན་དང་འདོན་བཞིན་པའི་ནུས་པ་དང་།ཤུགས་རྐྱེན་གྱི་ཁྱབ་རྒྱ་དེ་བཤད་མ་དགོས་པར་མིག་ཟུང་གི་མཐོང་ལམ་དང་།དབང་ཤེས་ཀྱི་དྲན་པའི་སྣང་ངོར་འཆར་ཐུབ་པའི་ཚུལ་དུ་འདུག་ལ། ཇི་སྐད་རྒྱུད་ཚིག་ཏུའང་། དབྱེ་བ་སྨན་པ་བླ་ན་མེད་པ་དང་།།ཁྱད་པར་ཅན་དང་ཕལ་བ་གསུམ་ཡིན་ཏེ། །དུག་གསུམ་རྒྱུ་འབྲས་ནད་སེལ་གོང་ན་མེད། །གཞན་རིགས་མངོན་ཤེས་བྱམས་ལྡན་དྲང་པོར་སྲོང་།།གནང་རིགས་རྗེས་སྦྱངས་ལས་གོམས་འགྲོ་བའི་གཉེན། །འདོད་པས་འཕྲལ་དུ་ཆ་བཟུང་སྲོག་གི་གཤེད། །ཅེས་སྨན་པའི་དབྱེ་བའང་ཞིབ་ཆ་ལྡན་ལ་ཚད་མཐོ་བའི་སྒོ་ནས་རེ་རེ་བཞིན་གསུངས་ཡོད།

    སྨན་པ་བླ་ན་མེད་པ།སྨན་པའི་དབྱེ་བ།སྨན་པ་ཁྱད་པར་ཅན།གནང་བ་རིགས་ཀྱི་སྨན་པ།སྨན་པ་ཕལ་བ།རྗེས་འཇུག་སྦྱངས་པའི་སྨན་པ།ལས་ལ་གོམས་པའི་སྨན་པ།

    འདི་ཙམ་གྱིས་ཀྱང་རང་བཞིན་སྤྱིར་བཏང་བའི་ལས་རིགས་ཤིག་མིན་པ་གསལ་བོར་ཤེས་ཐུབ་ལ།སྨན་པ་བླ་ན་མེད་པ་ཞེས་སྟོན་པ་བཅོམ་ལྡན་འདས་ཁོང་རང་ཉིད་ལ་ངོས་འཛིན་ཞིང་རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་ནད་དང་།འབྲས་བུ་རླུང་མཁྲིས་བད་ཀན་གསུམ་གྱི་ནད་སེལ་བར་བྱེད་པའི་ནུས་མཐུ་ལྡན་པ་སངས་རྒྱས་སྨན་གྱི་བླ་མ་རང་ཉིད་དང་། གཞན་གྱི་ཁམས་དང་དཔང་པོ་དང་།བག་ལ་ཉལ་བ་སོགས་རིགས་པས་མངོན་པར་ཤེས་པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེའི་སེམས་ལྡན་པ་རང་གི་སྒོ་གསུམ་ཉེས་པ་མེད་པར་དྲང་པོར་བཞག་ནས་གཞན་སེམས་ཅན་ཀུན་གྱི་ཉེས་པ་ཡོ་བ་ལ་ལྟ་སྤྱོད་རྣམ་དག་གིས་དྲང་པོར་སྲོང་བའི་སྨན་པ་བྱང་སེམས་འཕགས་པ་རྣམས་ལ་བྱ་བ་སྟེ་སྨན་པ་ཁྱད་པར་ཅན་རྣམས་དང་། ཆོས་སྐྱོང་བའི་རྒྱལ་པོའམ་རང་རང་གི་ལྷག་པའི་ལྷ་དང་སྲུང་མ་རྣམས་ཀྱི་བཀའ་ཡི་གནང་པ་བྱིན་ནས་རིགས་ནས་རིགས་སུ་བརྒྱུད་པ་རྗེས་འཛིན་གྱི་དྲང་སྲོང་དང་།སློབ་དཔོན་མཁས་པའི་རྗེས་སུ་ཞུགས་ཤིང་གཞུང་དང་ལག་ལེན་ཀུན་ལ་མཐོང་བརྒྱུད་བཞིན་སྦྱངས་ཏེ་མཁས་པར་གྱུར་པ། སྦྱངས་པའི་ཡོན་ཏན་ཆེར་མེད་ཀྱང་ཕག་ལེན་མཐོང་བརྒྱུད་ལ་གོམས་ཤིང་འདྲིས་པ་རྣམས་སྨན་པ་ཁྱད་པར་བའི་ཁོངས་སུ་གཏོགས་པ་འདི་རྣམས་འགྲོ་བ་ཀུན་གྱི་གཉེན་དུ་འགྱུར་བ་བཞིན་ནོ།།

    གཉིས་པ། དེང་རབས་ཁོར་ཡུག་ཁྲོད་ཀྱི་སྨན་པའི་བསམ་བློའི་ཀུན་སྤྱོད་ལས་འབྱུང་འགྱུར་གྱི་ཁ་ཕྱོགས་གླེང་བ།

    དེ་ཡང་བཟོ་ལས་ལག་རྩལ་གྱི་འབྲས་བུ་རི་རབ་ཀྱི་དཔངས་དང་མཉམ་ཞིང་། དཔལ་འབྱོར་དར་སྤེལ་ལ་ཀུན་གྱི་བློ་ཁ་གཅིག་ཏུ་འཁོར་བཞིན་པའི་དུས་རབས་ཉེར་གཅིག་པའི་ཁོར་ཡུག་ཁྲོད་གཞན་ཕན་དང་ལྷག་བསམ་གྱི་ལྟ་སྤྱོད་ཉིན་སྐར་གྱི་རྗེས་སུ་འགྲོ་ཉེན་ཡོད་པའི་སྐབས་ཐོག་འདི་རུ་སྨན་པ་ཞེས་པའི་ཐ་སྙད་འདིའི་གོ་དོན་ལའང་འགྱུར་ལྡོག་བཏང་བ་ལྟ་བུའི་ཚོར་བ་ཞིག་སུ་ལའང་བསྐྱལ་ཡོང་བ་འདི་ཡང་ཕྱོགས་སྡོམ་ལྟ་བུ་ཞིག་བགྱི་ཁུལ་བྱས་ན།དང་པོ་དཔལ་ལྡན་གསོ་བ་རིག་པའི་གཞུང་གི་སྨན་པའི་རྒྱུ་དྲུག་ལས་དང་པོ་སྤྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་ཇི་བཞིན་དུ་བློ་ཁོག་ཏུ་ཆུད་ཐུབ་པའམ་ཆོས་རབ་ཏུ་རྣམ་པར་ འབྱེད་པའི་ཤེས་རབ་དང་ལྡན་པ། གཉིས་པ་བསམ་པ་དཀར་བ་ཞེས་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ལ་བྱ་བ་དང་། གསུམ་པ་དམ་ཚིག་ལྡན་པ་ཞེས་བློ་གཞག་རྣམ་པ་དྲུག་དང་། བཟུང་བྱ་རྣམ་པ་གཉིས།ཤེས་བྱ་གསུམ་བཅས་ཀྱིས་བསྟན་པ་དང་། བཞི་པ་འདྲ་མཚུངས་ཀྱི་རྣམ་པ་དང་ལྡན་པའི་བཟོ་བ། ལྔ་པ་བདག་གཞན་གྱི་བྱ་བ་གང་ལའང་བརྩོན་པ། དྲུག་པ་མི་ཆོས་ཀྱི་རྣམ་གཞག་དང་། དམ་པ་ལྷ་ཆོས་ཀྱི་རྣམ་གཞག དེ་གཉིས་ཐུན་མོང་གི་རྣམ་གཞག་བཅས་ལ་མཁས་པར་བསྟན་པ་སྟེ་ཐུན་མོང་མ་ཡིན་པའི་བོད་ཀྱི་སྨན་དོན་པ་ཞིག་གི་ཚད་ཐིག་གམ་གཞི་འཛིན་སའི་རྩ་དོན་ཨ་མ་ལྟ་བུ་འདི་དྲུག་ལས་དུས་གསུམ་གང་གི་སྐབས་དང་། ཁོར་ཡུག་གང་ཞིག་ཏུའང་རྗེས་ལུས་ཐེབས་མི་ཐུབ་པ་རྗེ་བཙུན་གཡུ་ཐོག་པ་ཆེན་མོའི་ཐུགས་བསྐྱེད་སྨོན་ལམ་གྱིས་ཟིན་ཡོད་པ་མངོན་སུམ་མཚན་མས་གྲུབ་ཅིང་། དེ་ལས་གཞན་དང་གཞན་གྱི་སྨན་པ་རྣམས་པ་ནི་ལས་རིགས་ཀྱི་འགན་འཁྲི་འདྲ་འདྲ་ཡིན་ནའང་།རིགས་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་མི་འདྲ་བའི་དབང་གིས་འཚོ་བ་དངོས་དང་།ལག་ལེན་ངོ་མའི་ཁྲོད་དུ་སྤྱིའི་ཆ་ནས་བསམ་བློ་གཏོང་སྟངས་དང་། སྨན་བཅོས་བྱེད་ཕྱོགས་འདྲ་མཚུངས་མིན་པ་ནི་མིག་མཐོང་ལག་ཟིན་དུ་སྣང་བ་མ་ཡིན་ནམ།གང་ལྟར་ཡང་དེང་གི་ཆར་རང་རེའི་ཡབ་མེས་དམ་པའི་གསུང་གི་ཆུ་རྒྱུན་འདི་ལྟ་བུར་སློབ་གཉེར་དང་དཔྱད་བརྗོད། ཞིབ་འཇུག་གཏིང་ཟབ་ཏུ་མི་བྱེད་པར་ལུས་ན་ཇི་སྐད་དུ། “དེ་ལྟར་མི་ལྡན་སྨན་པའི་སྐྱོན། །རིགས་རྒྱུད་མེད་པའི་སྨན་པ་དེ། །ཞེས་པ་ནས་འབྲེལ་བའི་བྱ་འཁོར་རྣམས་འཕུང་། །”ཞེས་བསྟན་པ་ལྟར་མ་འོངས་པ་ན་ལས་རྒྱུ་འབྲས་དང་ནད་པའི་བདེ་སྡུག་གི་ཕྱོགས་ལ་ཐུགས་སེམས་བཞེས་མཁན་ཇེ་ཉུང་དུ་སོང་ནས་དཔལ་འབྱོར་གྱི་ཁེ་ཕན་རྐྱང་རྐྱང་གཉེར་བ་དང་བདག་གཞན་གཉིས་ལས་ང་ཁོ་ན་གཉེར་མཁན་ཇེ་མང་དུ་སོང་ནས་ཚོང་དོན་འབའ་ཞིག་གི་ཆེད་དུ་མི་སྲོག་ཚོད་ལེན་བྱེད་མཁན་ཡང་ཇེ་མང་ལ་འགྲོ་བའི་ཉེན་ཁ་ཧ་ཅང་ཆེན་པོ་འདུག་པ་མངོན་གྱིན་འདུག

    དེང་སྐབས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་།འབྱོར་འབྲིང་འཛུགས་སྐྲུན་གྱི་ཁ་ཕྱོགས་དང་ཁོར་ཡུག་ཁྲོད། ཆེ་བ་ལས་ཁུངས་དང་གཞུང་ཕྱོགས། ཆུང་བ་མི་སྒེར་རང་ཉིད་བཅས་གང་གིས་ཀྱང་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས།རྒྱལ་པོའི་སྲིད་ལུགས(བཅའ་ཁྲིམས)གང་ལས་བརྒལ་ཏེ་དཔལ་འབྱོར་གྱི་ཁེ་ཕན་ནམ་ཡོང་འབབ་ཁོ་ན་གཙོ་བོར་གཉེར་བ་ལས་ཆག་སྒོ་དང་གནོད་པ་མི་ཉུང་བ་ཞིག་འབྱུང་བཞིན་པ་ལས་སྨན་པས་ལྐོག་རྔན་ལེན་པའི་སྣང་ཚུལ་ཚབས་ཆེ་རུ་འགྲོ་བཞིན་པ་དེས།ལས་རིགས་འདིའི་ངེས་ཚིག་ལ་འགྱུར་བ་ཆེན་པོ་འབྱུང་མུས་སུ་སྣང་ལ།དེ་ཡང་མཐར་ཐུག་ན་མི་གཤིས་ཀྱི་སློབ་གསོ་ལས་འཚོ་དོན་གྱི་སློབ་གསོ་ཐད་དྲགས་པས་ལན་པ་རེད་ཅེས་བཤད་མི་ཐུབ་རྒྱུ་ཅི་ཡང་མི་འདུག

    མདོར་ན་ནང་ཆོས་ཀྱི་ལྟ་བས་བྱ་དངོས་ལ་བསམ་བློ་གཏོང་བའམ་དམ་པའི་ཆོས་ཀྱི་ལྟ་སྤྱོད་ལག་ལེན་དུ་བསྟར་ཐུབ་པ་ཡིན་ན་འཇིག་རྟེན་མི་ཆོས་ཀྱི་གནས་ལུགས་དང་མི་མཐུན་པ་རྩ་བ་ཉིད་ནས་འབྱུང་མི་སྲིད་ལ།རྒྱལ་སྲིད་ཀྱི་ཁྲིམས་ལུགས་དང་མི་མཐུན་པ་དེ་བས་ཀྱང་འབྱུང་རྒྱུའི་ཉེན་ཁ་ཡོད་མི་སྲིད། དེས་ན་བོད་ཀྱི་གསོ་བ་རིག་པ་ལས་བྱ་བ་བྱེད་པ་སྨན་པའི་ལེའུ་འདིར་སློབ་སྦྱོང་དང་ཞིབ་འཇུག་གི་རིན་ཐང་ལྡན་པ་ཀུན་གྱིས་ཤེས་ཐུབ་པ་ཞིག་མ་རེད་དམ། །਍བོད་ཀྱི་གསོ་བ་རིག་པའི་སྨན་པའི་རྒྱུ་དྲུག་ལས་འཕྲོས་ཏེ་དེང་རབས་ཀྱི་སྨན་པའི་ཀུན་སྤྱོད་ལ་དཔྱད་པ།

    མཚོ་སྔོན་བོད་ཡིག་གསར་འགྱར།2014·08·01པར་ངོས 19པ།

 

 

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག