སྤྱི་ཚོགས་རིང་ལུགས་ཀྱི་ཚན་རིག་དང་དཔལ་འབྱོར་རིག་གནས་སོགས་སྒོ་ཀུན་ནས་འཕེལ་རྒྱས་གཏོང་དགོས་ན་ཐོག་མར་སྤྱི་ཚོགས་ཡོངས་ཀྱི་རྨང་གཞིའི་སློབ་གསོ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་དགོས་ངེས་རེད། དེར་བརྟེན་སློབ་ཕྲུག་དང་ཁྱིམ་བདག་དགེ་རྒན་གསུམ་བར་ནས་འཕར་བ་གྲུ་འདེགས་ཀྱིས་འཆམ་མཐུན་དང་མཉམ་ལས་ངང་སློབ་གསོ་འཕེལ་རྒྱས་གཏོང་བའི་བྱ་གཞག་ལ་འབད་དགོས།

    དང་པོ། ཁྱིམ་བདག་དང་སློབ་ཕྲུག་བར་འཆམ་མཐུན་གྱི་བསམ་པ་འཛུགས་སྐྱོང་བྱ་དགོས།

    ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་པོ་དེ་ཡིན་པར་མ་ཟད་བྱིས་པ་རྣམས་སྐྱོན་བྲལ་བདེ་ཐང་ངང་འཚར་ལོངས་དང་།སྤྱི་ཚོགས་ཁོར་ཡུག་ལ་ཉམས་ལེན་ཤེས་རྟོགས་བྱེད་པའི་སྒོ་དང་པོ་དེ་ཡིན་པས་ཁྱིམ་ཚང་སློབ་གསོ་ནི་སློབ་གྲྭའི་སློབ་གསོའི་བརྩིགས་རྨང་ལྟ་བུ་ཞིག་དང་ཁྱིམ་བདག་ནི་སློབ་གསོའི་ནུས་ཤུགས་འདོན་མཁན་གཙོ་བོ་དེ་ཡིན་པར་བརྟེན་སྤྱི་ཚོགས་ཡོངས་ཀྱིས་ཁྱིམ་བདག་དང་སློབ་ཕྲུག་བར་དགོས་ངེས་ཀྱི་འབྲེལ་བ་གང་ལེགས་འཛུགས་དགོས།

    1.ཁྱིམ་བདག་གི་སློབ་གསོའི་འདུ་ཤེས་གོང་མཐོར་གཏོང་དགོས།

    ད་བར་སྲོལ་རྒྱུན་སློབ་གསོའི་བག་ཆགས་འོག་རྒྱ་ཆེའི་ཁྱིམ་བདག་གིས་སློབ་མར་སྤྲད་པའི་རེ་བ་ནི་ལོ་རེའི་ཡིག་རྒྱུགས་ཀྱི་སྐར་གྲངས་མཐོ་དམའ་ཙམ་ལས་སློབ་མའི་ཀུན་སྤྱོད་དང་བདེ་ཐང་། སྤྱི་ཚོགས་ཀྱི་ཉམས་ལེན་ལ་བསམ་བློ་གཏོང་གིན་མེད་དེ། དཔེར་ན་གྲོང་ཁྱེར་གྱི་ཁྱིམ་བདག་མང་ཆེ་བས་ལོ་རེའི་ཡིག་རྒྱུགས་ཀྱི་སྐར་གྲངས་ལ་བརྟེན་ནས་བྱིས་པར་དཔྱད་བསྡུར་བྱེད་པ།རོང་འབྲོག་ཁུལ་གྱི་ཁྱིམ་བདག་ཚོས་རང་ཉིད་ཀྱི་བུ་ཕྲུག་སློབ་གྲྭར་གཏོང་རྒྱུ་ནི་སྤྱི་ཚོགས་ཀྱི་དཔྱ་ཁྲལ་ལ་བརྩིས་ནས་སློབ་གྲྭར་འགྲོ་བའི་དུས་ཚོད་ནང་རང་ཉིད་ཀྱི་བུ་ཕྲུག་ཕྱུགས་རྫིར་གཏོང་བ་སོགས་བྱེད་ཀྱིན་ཡོད། དེའི་དབང་གིས་གྲོང་ཁྱེར་གྱི་བྱིས་པའི་ཀུན་སྤྱོད་ཞན་པ་དང་། སེམས་ཁམས་ཀྱི་བདེ་ཐང་ལ་གནོད་འཚེ་ཅུང་ཕོག་ཅིང་། སྤྱི་ཚོགས་ཀྱི་འདུ་ཤེས་ཉམས་པ་སོགས་ཡོད་ལ། རོང་འབྲོག་ཁུལ་གྱི་ཕྲུ་གུ་ནི་ཤེས་ཡོན་གྱི་ཆུ་ཚད་དམན་པས་ཕུགས་འདུན་མེད་པ།ཐ་ན་ལབ་བརྒྱབ་ནས་ལོངས་ཐབས་བྱེད་པ།རྣ་བ་བཀབ་ནས་དྲིལ་བུ་རྐུ་བ་སོགས་གཏམ་རྒྱུད་ནང་གི་མི་སྣའི་བསམ་སྤྱོད་ལྟར་ཆགས་ངེས་པས་བྱེད་ལུགས་དེ་དག་ནི་ཕྲུ་གུའི་རང་དབང་ལ་བཙན་ཁྲིད་བྱས་པ་ལས་ཕྲུ་གུའི་དོན་དངོས་ལ་བསམ་ཤེས་རྩ་བ་ནས་མ་བྱས་པ་རེད། དེར་བརྟེན་ང་ཚོས་ཕྲུ་གུའི་བསམ་པའི་ལངས་ཕྱོགས་ལ་དམིགས་ནས་ཁོ་ཚོར་བསམ་ཤེས་མང་ཙམ་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བའི་གནད་དོན་ཞིག་མ་ཡིན་ནམ་སྙམ།

    2.ཁྱིམ་བདག་གིས་སློབ་མར་རྒྱུན་གཏན་རང་བཞིན་གྱི་བསྔགས་བརྗོད་དང་སྐུལ་མ་གང་མང་གཏོང་དགོས།

    ཕྲུ་གུས་འབད་བརྩོན་བྱས་པའི་བརྒྱུད་རིམ་ནང་དུ་སློབ་སྦྱོང་གི་སྦྱངས་འབྲས།བསམ་བློའི་ཀུན་སྤྱོད་ཀྱི་འཁྱེར་སོ། སྤྱི་ཚོགས་ཀྱི་འདུ་ཤེས། ངལ་རྩོལ།གཙང་སྦྲ་སོགས་ཀྱི་བསམ་པར་ལེགས་བཅོས་བྱུང་བར་སྐབས་བབ་ཀྱི་བསྔགས་བརྗོད་བྱ་དགོས་པ་ལས་དེ་ཙམ་གྱི་འདོད་བློ་མ་ཁེངས་པ་ལྟ་བུར་ཕྲུ་གུར་མ་འདོད་པ་དང་མི་ལེགས་པའི་རྣམ་འགྱུར་རྩ་བ་ནས་བསྟན་མི་རུང་། ཕྲུ་གུར་ནོར་འཁྲུལ་ཡོད་ཀྱང་ཁྱིམ་བདག་གིས་ཁོང་ཁྲོའི་བསམ་པ་མེད་པར་ཁོ་ཚོར་བྱམས་བརྩེའི་ངང་ནས་ཕྱིན་ཆད་ཇི་ལྟར་བྱ་དགོས་ལུགས་ཀྱི་སྐུལ་ལྕག་དང་། སེམས་འགུག་གི་སློབ་གསོ་གཏོང་དགོས། དེ་ལྟར་བྱས་ཚེ་ཕྲུ་གུར་ལས་སློབ་གང་ཅིའི་ཐད་ལ་འབད་བརྩོན་བྱེད་པའི་སྤྲོ་སྣང་དང་སྤྲོ་སེམས་ཇེ་ཆེར་འགྲོ་བའི་ཕན་ནུས་ཆེན་པོ་ཡོང་ངེས།

    གཉིས་པ། དགེ་རྒན་དང་སློབ་མའི་བར་འཆམ་མཐུན་གྱི་བསམ་པ་འཛུགས་དགོས།

    སློབ་གྲྭ་ནི་འཆར་གཞི་ཡོད་ལ་སྒྲིག་འཛུགས་ཡོད་པའི་དཔེ་ཁྲིད་མི་སྐྱོང་གི་ར་བ་ཞིག་ཡིན་ཞིང་།དེས་སློབ་ཕྲུག་གི་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ཧ་ཅང་གལ་ཆེ་བའི་ནུས་པ་ཐོན་གྱིན་ཡོད།སློབ་གྲྭའི་སློབ་གསོའི་ཕན་འབྲས་མཐོ་དམའ་དང་ཕམ་ཉེས་ཅི་འདྲ་ཡོང་མིན་དེ་ཁོར་ཡུག་དང་དེའི་གྲུབ་ཆར་གྱུར་པའི་མི་སོ་སོའི་རང་ངོས་ཀྱི་གནས་བབ་དང་འབྲེལ་བ་དམ་ཟབ་ཡོད། ལྷག་པར་དགེ་སློབ་བར་གྱི་འབྲེལ་བ་ནི་སློབ་གྲྭའི་སློབ་གསོའི་ཁོར་ཡུག་ནང་འབྲེལ་བ་རྒྱུན་མཐོང་ཅན་དང་ཆེས་ཟབ་ཤོས་ཡིན་ཕྱིར་དགེ་རྒན་དང་སློབ་མའི་བར་འཆམ་མཐུན་གྱི་བསམ་པ་འཛུགས་སྐྱོང་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན་ཏེ།

    1.དགེ་རྒན་གྱིས་མི་གཙོ་བོར་འཛིན་པའི་སློབ་གསོའི་འདུ་ཤེས་འཛིན་དགོས།

    ད་བར་ལོ་མང་རིང་དགེ་རྒན་མི་ཉུང་བ་ཞིག་གིས་རང་ཉིད་ནི་ནགས་ཚལ་རྒྱལ་པོ་སྟག་ལྟ་བུར་འཛིན་པས་སློབ་ཕྲུག་གིས་མཐོང་བ་ཙམ་གྱིས་སྐྲག་སྣང་བྱེད་ས་ཞིག་ལ་གྱུར་ཏེ་སློབ་ཁྲིད་ཁྲོད་སློབ་ཕྲུག་ལ་རང་དབང་དང་། དམངས་གཙོ། བཏང་སྙོམ་མེད་པར་བརྟེན། སློབ་མས་ཞེད་སྣང་གིས་སློབ་སྦྱོང་བྱེད་པ་ལས་སློབ་སྦྱོང་ལ་སེམས་གཏིང་ནས་དགའ་ཞེན་མི་སྐྱེ་བ།བསམ་བློའི་གོ་རྟོགས་དམན་པར་གྱུར་པ་སོགས་དགེ་རྒན་གྱིས་སློབ་མར་བཞག་པ་ནི་དེ་ལྟ་བུའི་བག་ཆགས་ངན་པ་ཞིག་ལས་མ་འདས།དེས་ན་ང་ཚོ་དགེ་རྒན་རྣམ་པས་སྲོལ་རྒྱུན་གྱི་ནོར་འཁྲུལ་གྱི་ལྟ་བ་དེ་དག་དོར་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་གཙོ་བོར་འཛིན་པའི་སློབ་གསོའི་ཡང་དག་གི་ལྟ་བ་རྒྱུན་འཛིན་བྱས་ཐོག་སློབ་མར་དོ་ཁུར་དང་བརྩི་འཇོག བསམ་ཤེས་སོགས་བྱ་དགོས།

    2.དགེ་རྒན་གྱིས་སློབ་མར་བྱམས་སྐྱོང་གི་བསམ་པ་འཛིན་དགོས།

    བྱམས་སེམས་མེད་ན་སློབ་གསོ་འཕེལ་དཀའ་ལ་བྱམས་སེམས་ནི་སློབ་གསོ་སློབ་ཁྲིད་ཁྲོད་མེད་དུ་མི་རུང་བའི་སྙིང་གི་འཕར་རྩ་ལྟ་བུ་ཡིན་པས་བྱམས་སེམས་ལྡན་པའི་དགེ་རྒན་གྱི་སློབ་གསོའི་བྱ་གཞག་ལ་རྟག་ཏུ་གཡུར་ཟའི་འབྲས་བཟང་སྨིན་པར་བྱེད། དེས་ན་དགེ་རྒན་གྱིས་སློབ་ཕྲུག་ལ་དུས་དང་རྣམ་པ་ཀུན་ཏུ་བྱམས་སེམས་དང་ངང་རྒྱུད་རིང་ཞིང་དགའ་ཞེན་གྱི་བསམ་པ་བཅངས་ནས་སློབ་ཕྲུག་གི་ནོར་འཁྲུལ་ལ་རྒྱུས་ལོན་བྱས་ཏེ་སློབ་མའི་སེམས་ཁམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་དགེ་ཕྱོགས་ཀྱི་ནུས་པ་འདོན་སྤེལ་བྱ་དགོས།

    གསུམ་པ། ཁྱིམ་བདག་དང་དགེ་རྒན་བར་འཆམ་མཐུན་གྱི་འབྲེལ་བ་འཛུགས་དགོས།

    རོང་འབྲོག་ཁུལ་གྱི་ཁྱིམ་ཚང་ཁག་ཅིག་གི་ཁྱིམ་བདག་ལ་ཆ་བཞག་ན་རང་ཉིད་ཀྱི་བུ་ཕྲུག་སློབ་གྲྭར་ཚུད་པའི་ཉིན་ནས་སློབ་གྲྭ་ནས་མ་ཐོན་བར་དུ་སློབ་གྲྭའི་ནང་གོམ་པ་གང་ཡང་སྤོ་མྱོང་མེད་པར་མ་ཟད་རྒྱུན་དུ་ཕྲུ་གུར་ནད་གཞི་སོགས་ཀྱི་གནས་ཚུལ་གང་བྱུང་ཡང་དགེ་རྒན་གྱིས་སྨན་ཁང་ལ་ཁྲིད་པའམ་གཞན་གྱི་ཐབས་ཤེས་གང་དག་བྱ་དགོས་པ་སོགས་འགན་འཁྲི་ཡོངས་རྫོགས་དགེ་རྒན་དང་སློབ་གྲྭར་བཅོལ་བ་ལས་ཁྱིམ་བདག་རང་ཉིད་ནས་ཕྲུ་གུར་དོ་ཁུར་མི་ཐུབ་པ། དེ་བཞིན་ཁྱིམ་ཚང་ལ་གནས་ཚུལ་འདྲ་བྱུང་ནས་ཕྲུ་གུར་དགོངས་ཞུ་བྱ་དགོས་ཚེ་ཁྱིམ་བདག་གིས་མི་གཞན་མངགས་ནས་སློབ་ཕྲུག་ལ་དགོངས་པ་ཞུ་བ་ལས་རང་ཉིད་སློབ་གྲྭར་བསླེབ་མི་ཐུབ་ལ་ཐ་ན་རང་ཉིད་ཀྱི་ཕྲུ་གུ་ད་ལྟ་ལོ་རིམ་གང་དང་འཛིན་གྲྭ་གང་། འཛིན་གྲྭའི་དོ་བདག་དགེ་རྒན་དང་སློབ་ཁྲིད་དགེ་རྒན་སུ་དང་གང་ཡིན་མིན་ཡང་ཤེས་ཀྱིན་མེད།དེ་བཞིན་དུ་འཛིན་གྲྭའི་དོ་བདག་དགེ་རྒན་གྱིས་ཀྱང་སློབ་ཁྲིད་ཁོ་ན་ལས་རང་འཛིན་གྲྭའི་སློབ་མའི་རྒྱུན་གཏན་གྱི་ཁྱིམ་ཚང་གི་འབྲེལ་བ་དང་འཚོ་བའི་གནས་བབ། སྤྱི་ཚོགས་ཀྱི་འབྲེལ་བ་སོགས་ལ་བསམ་ཤེས་དང་དོ་ཁུར་བྱེད་མི་ཐུབ་པ་སོགས་ཀྱི་གནས་ཚུལ་མི་ཉུང་བ་ཞིག་མཆིས་པས།དེས་སློབ་གྲྭ་དང་ཁྱིམ་བདག དགེ་རྒན་དང་ཁྱིམ་བདག་བར་གྱི་འབྲེལ་བ་ཇེ་ཞན་དུ་འགྲོ་ངེས། དེས་ན་ཕྱིན་ཆད་དགེ་རྒན་ཚོས་ཁྱིམ་བདག་དང་ཕན་ཚུན་འབྲེལ་བ་དམ་ཟབ་ཀྱིས་ཐུན་མོང་ཐོག་སློབ་མའི་སེམས་ཁམས་དང་སློབ་སྦྱོང་། ཀུན་སྤྱོད་སོགས་ཕྱོགས་གང་ཅིར་ཡར་རྒྱས་གཏོང་བའི་ཐབས་ལམ་འཚོལ་དགོས་ལ་རྒྱ་ཆེའི་ཁྱིམ་བདག་རྣམ་པས་ཀྱང་སྒོ་ཕྱུགས་རི་ལ་གཏོང་བ་ལྟར་མ་ཡིན་པར་རྒྱུན་དུ་རང་ཉིད་ཀྱི་ཕྲུ་གུའི་ཆེད་དུ་དགེ་རྒན་དང་འབྲེལ་གཏུག་གང་ཟབ་བྱས་ཏེ་རང་ཉིད་ཀྱི་ཕྲུ་གུའི་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་དེ་འཕྲོ་བརླག་ཏུ་མི་གཏོང་བར་འབྱུང་འགྱུར་ཕ་ཡུལ་འཛུགས་སྐྲུན་གྱི་བྱ་གཞག་ནང་ལེགས་སྐྱེས་འབུལ་ཐུབ་པའི་མི་སྣ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུར་འབད་དགོས།།

    རྩོམ་པ་པོ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་ཀོང་ཏུང་ཚོད་ལྟའི་སློབ་གྲྭའི་དགེ་རྒན་ཡིན།

      མཚོ་སྔོན་བོད་ཡིག་གསར་འགྱུར།2014·09·05།པར་ངོས 18པ།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག