མདུན་ཤོག- རིག་གནས།- རིག་གནས་འགྱུར་སྟངས།

སྐབས་དང་པོའི་བོད་ལྗོངས་ཞང་ཞུང་རིག་གཞུང་དཔྱད་གླེང་ཚོགས་འདུ་ཚོགས་པ།

  ཡོང་ཁུངས། ཞང་བོད་ཤེས་རིག་ཞིབ་འཇུག་  2015-01-27 10:32

    སྐབས་དང་པོའི་བོད་ལྗོངས་ཞང་ཞུང་རིག་གཞུང་དཔྱད་གླེང་ཚོགས་འདུ་ཚོགས་པ།    

སྐབས་དང་པོའི་བོད་ལྗོངས་ཞང་ཞུང་རིག་གཞུང་དཔྱད་གླེང་ཚོགས་འདུ་ཚོགས་པ།

    ཟླ1ཚེས24ཉིན་ནས་ཚེས25ཉིན་བར་སྐབས་དང་པོའི་བོད་ལྗོངས་ལྷ་སའི་ཞང་ཞུང་རིག་གཞུང་དཔྱད་གླེང་ཚོགས་འདུ་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་གཟབ་རྒྱས་ངང་ཚོགས་པ་རེད།ཐེངས་འདིའི་རིག་གཞུང་དཔྱད་གླེང་ཚོགས་འདུར་ལྗོངས་དང་གྲོང་ཁྱེར་རིམ་པ་ཁག་གི་འབྲེལ་ཡོད་ལས་ཁུངས་དག་ནས་རྒྱབ་སྐྱོར་གནང་ཡོད་པ་དང་ཚོགས་འདུའི་སྔ་ཕྱི་བར་གསུམ་དུ་ལྷ་ས་གྲོང་ཁྱེར་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དགྲ་འདུལ་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཟླ་བ། ཧྲི་ཀྲང་གཞོན་པ་ཝུ་ཡ་སུང༌། དེ་མིན་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་དང་ལྗོངས་རིག་གནས་ཐིང༌། ལྗོངས་རིག་དངོས་ཅུའུ་སོགས་ཀྱི་འབྲེལ་ཡོད་དབུ་ཁྲིད་རྣམས་ཕེབས་ཞུགས་མཛད་ཡོད་ཅིང༌།  ཉིན་གཉིས་རིང་རྒྱལ་ཡོངས་སྤྱི་དང་སྒོས་སུ་བོད་ཡུལ་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་ལས་སྣེ་མི་གཅིག་པའི་ཚོགས་ཞུགས་མི་གྲངས་བརྒྱ་ཕྲག་ཙམ་ད་རེས་ཚོགས་ཆེན་འདིའི་བགྲོ་གླེང་དུ་མཉམ་འདུས་བྱུང་ཡོད་པ་རེད།ཚོགས་འདུའི་སྟེང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་རྒན་པ་སངས་དབང་འདུས་ནས་གཙོ་སྐྱོང་མཛད་འོག ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་སྟོང་སྐོར་ཚེ་རིང་ཐར་ལགས་དང༌། ལྷོ་ནུབ་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལགས། ལན་ཀྲུའུ་སློབ་ཆེན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ངག་དབང་རྒྱ་མཚོ་ལགས། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཀུན་དགའ་ཡེ་ཤེས་ལགས་བཅས་ནས་གནའ་བོའི་ཞང་ཞུང་གི་ཡུལ་ཁམས་ལ་དཔྱད་པ་དང་ཞང་བོད་སྐར་འབྱུང་རྩིས་ཀྱི་ཤེས་རིག་བྱུང་ཚུལ། ཞང་ཞུང་དུས་རབས་སྐབས་ཀྱི་བོད་ཀྱི་རིག་གནས་དར་ཚུལ་སོགས་ཀྱི་སྐོར་ནས་གནད་དུ་ཕོག་པའི་བཀའ་སློབ་དང་དགོངས་བཞེད་གསར་བ་དུ་མ་བསྩལ།

  

  ཚོགས་འདུའི་ཡུལ་དངོས།

    ཀྲུང་ཀོ་ཏུན་ཧོང་སྒྱུ་སྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཁྲང་ཅ་ཧོང༌། གནའ་རྫས་ཞིབ་འཇུག་ཆེད་མཁས་པ་གྲགས་ཅན་ཐུང་ཐའོ། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་གླིང་གི་དགེ་རྒན་ཁྲིན་ལེ་ཆིན། ཞང་ཞུང་རིག་གནས་སྨྲ་བ་ཀརྨ་རྒྱལ་མཚན། གཞོན་སྐྱེས་ལོ་རྒྱུས་ཉམས་ཞིབ་པ་བན་ཤུལ་དཔལ་མཁར་རྒྱལ། མཁར་ནག་སྐལ་བཟང་རྒྱ་མཚོ། གླིང་སྨན་གཡུང་དྲུང་བཀྲ་ཤིས། མངའ་རིས་ཕུར་བུ་རྒྱལ་མཚན་སོགས་ནས་སྔ་གཞུག་ཏུ་ཞང་ཞུང་རིག་གནས་སྒྱུ་རྩལ། བཀའ་རྟེན་དང་གནའ་ཡིག་དཔྱད་བསྡུར། སྤུར་རྒྱལ་ཚོང་ལམ་དང་འབྲེལ་བའི་ཤེས་རིག  སྐད་དང་ཡི་གེ  ཡུལ་སྲོལ་གོམས་གཤིས་ཁྱད་པར་ཅན། གནའ་བོའི་གསོ་དཔྱད། རོལ་ཆ་མཚོན་རྟགས་སོགས་ཞང་ཞུང་རིག་གནས་ཀྱི་ཁྱབ་ཁོངས་ཧ་ཅང་གལ་ཆེ་ཞིང་རིན་ཐང་ལྡན་པའི་ཞིབ་འཇུག་དཔྱད་འབྲས་རྣམས་ཡིག་ངག་ཟུང་དུ་སྦྲེལ་ཏེ་སྒྲོག་སྦྱང་སྙན་ཞུ་གྱ་ནོམ་པ་མཛད་ཡོད་པ་རེད།ཚོགས་ཞུགས་པ་རྣམས་ནས་ཕན་ཚུན་དྲི་བ་སྣ་ཚོགས་བཏོན་ཞིང༌། ཞང་ཞུང་ཤེས་རིག་ཞིབ་འཇུག་གི་མིག་སྔའི་གནས་བབས་དང་མ་འོངས་འཕེལ་རྒྱས། སྒོས་སུ་དིང་སང་ཉམས་རྒུད་དུ་འགྲོ་བཞིན་པའི་ཡུལ་ལུགས་གོམས་སྲོལ། རིག་དངོས་རྩ་ཆེན་རྣམས་ཇི་ལྟར་རྒྱུད་འཛིན་དང་སྲུང་སྐྱོབ། སླར་གསོ་བཅས་བྱེད་དགོས་མིན་སྐོར་ལ་བགྲོ་གླེང་གཏིང་ཟབ་གནང་ཡོད་པ་རེད།ཚོགས་མཇུག་ཏུ་ཀརྨ་རྒྱལ་མཚན་ལགས་ནས་རེབ་འདིར་བོད་ཀྱི་ཡུལ་དབུས་ལྷ་ས་རུ་འདི་ལྟ་བུའི་རིག་གཞུང་དཔྱད་གླེང་ཚོགས་ཆེན་ཞིག་སྤེལ་གནང་བའི་དགོས་གལ། དམིགས་ཡུལ། མ་འོངས་ཞིབ་འཇུག་མི་སྣའི་དཔུང་ཁག་བསྐྱེད་བསྲིང༌། ད་ལྟའི་བོད་ཀྱི་གཞོན་སྐྱེས་ཚོའི་དུས་སུ་བབས་པའི་འགན་འཁྲི་ཇི་ལྟ་བུ་ཡིན་མིན་སོགས་ཚོགས་ཞུགས་མི་སྣ་ཀུན་ལ་གསལ་བསྒྲགས་དང་སྐུལ་འདེབས་ཀྱི་ཚུལ་གྱིས་ཚོགས་འདུ་མཇུག་བསྡུས་པར་བྱས་སོ།།

  

  ལྷ་སའི་སྟོད་ལུང་ཞང་སྟོད་འབྲི་ལུང་དུ་ཡོད་པའི་ལོ་ངོ་ཉིས་སྟོང་སྔོན་གྱི་བོན་གྱི་འདུ་གནས་སོ་བདུན་གྱི་ཡ་གྱལ་ཏོ་རོ་ལུང་གསུམ་ཞེས་པའི་གནའ་ཤུལ་རྙིང་པ།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག