མདུན་ཤོག- རིག་གནས།- རིག་གནས་འགྱུར་སྟངས།

མིང་བརྡ་གསར་བ་འདུས་པའི《བོད་ཡིག་ཚིག་མཛོད་ཆེན་མོ》ད་ལོའི་ལོ་མཇུག་ཏུ་འགྲེམ་འཆར་ཡོད་པ།

  ཡོང་ཁུངས། ཤིན་ཧྭ་དྲ་བ།  2015-02-21 15:57

    

    སྤྱི་ཟླ 1པའི་ཚེས8 ཉིན། ཤིན་ཧྭ་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། མིང་བརྡ་གསར་བ་འདུས་པའི《བོད་ཡིག་ཚིག་མཛོད་ཆེན་མོ》ད་ལོའི་ལོ་མཇུག་ཏུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་འགྲེམ་སྤེལ་བྱ་འཆར་ཡོད་ཅིང་། སྐད་བརྡ་རིག་པའི་ཆེད་མཁས་པས་གསུངས་པ་ལྟར་ན། མིང་བརྡ་དང་ཤེས་བྱ་ཀུན་འདུས་ཀྱི་ཚིག་མཛོད་འདིར་བོད་ཡིག་ཚད་ལྡན་དུ་གཏོང་བའི་བྱེད་ནུས་ལྡན་པར་མ་ཟད། དེ་ནི་བོད་ཀྱི་ལོ་རྒྱུས་སྟེང་ཆེས་ཆ་ཚང་ལ་ཚད་ལྡན་ཡིན་པའི་བོད་ཡིག་ཚིག་མཛོད་དུ་འགྱུར་རྒྱུ་རེད།

    གསར་འགོད་པས་མི་རིགས་དཔེ་སྐྲུན་ཁང་ནས་ཤེས་གསལ་ལྟར་ན། ཚིག་མཛོད་འདི་ཐོག་མར་དེབ་རེ་རེ་བཞིན་རྩོམ་སྒྲིག་བྱས་ཏེ་མཇུག་མཐར་གླེག་བམ་ཁ་ཚང་དཔར་སྐྲུན་བྱ་རྒྱུ་རེད།

    སྔོན་དཔག་ལྟར་ན། 2015 ལོའི་ལོ་མཇུག་ཏུ་ཐོག་མར་དེབ 3 དཔར་དུ་བཏབ་སྟེ 2018 ལོར་ཆ་ཚང་དཔར་དུ་བསྐྲུན་རྒྱུ་ཡིན་ལ། མིང་བརྡ་འབུམ་གཅིག་དང་ཁྲི་ལྔ་དང་ཡིག་འབྲུ་ཁྲིས་ཡ་གཉིས་དང་ས་ཡ་གཉིས་དང་འབུམ་ལྔ་ཡི་བདག་ཉིད་ཅན་ཞིག་ཏུ་འགྱུར་བའི་འཆར་གཞི་འདུག

    མི་རིགས་དཔེ་སྐྲུན་ཁང་གིས་ངོ་སྤྲོད་གནང་བ་ལྟར་ན། 《བོད་ཡིག་ཚིག་མཛོད་ཆེན་མོ》ནི་བོད་ཀྱི་སྲོལ་རྒྱུན་དང་དེང་རབས་ཀྱི་རིག་ཚན་བགོ་སྟངས་ལྟར་དེབ 30 རུ་དབྱེ་རྒྱུ་ཡིན་ཏེ། སྲོལ་རྒྱུན་གྱི་རིག་ཚན་དཔེར་ན་བཟོ་རིག་པ་དང་། གསོ་བ་རིག་པ། ནང་དོན་རིག་པ། སྙན་ངག་སོགས་འདུ་བ་དང་། དེ་ནི་པེ་ཅིང་དང་། བོད་ལྗོངས། མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ཀྱི་ཆེད་མཁས་པ་བརྒྱ་ལྷག་འདུས་ཏེ་རྩོམ་སྒྲིག་བྱ་རྒྱུ་ཡིན་ལ། ཀློག་པ་པོ་ཁ་གཏད་ས་ནི་བོད་ཡིག་གི་ཆུ་ཚད་འབྲིང་རིམ་ཅན་གྱི་མི་དག་ཡིན།

    དགུང་ལོ་བདུན་ཅུར་ཉེ་བའི་བོད་ཀྱི་ལོ་ཙཱ་བ་འཕྲིན་ལས་ཆོས་གྲགས་ལགས་ཀྱིས་གསུངས་དོན་ལ། 1902ལོར་རྒྱ་གར་བSARATCHANDRA DASཡིས་རྩོམ་སྒྲིག་བྱས་པའི་སཾསྐྲྀཏ་ཤན་སྦྱར་སྐོར་ཞིག་ཡོད་པའི《བོད་དབྱིན་ཚིག་མཛོད》པར་དུ་བསྐྲུན་རྗེས་ལོ་ངོ་བཅུ་ཕྲག་འགར་དར་ཁྱབ་ཏུ་གྱུར་མོད། འོན་ཀྱང་ཁོང་གི་ཚིག་མཛོད་དུ་དོན་དངོས་དང་ཁ་བྲལ་བའི་མིང་ཚིག་གི་འགྲེལ་བ་ཐོན་ཡོད་དེ། ཚིག་མཛོད་ཀྱི་ལྡེབ 713 གྱི་གཡས་ངོས་སུ༼ཀྲུང་གོ་བས་ཕྱི་གླིང་བ་ཚང་མར་འཁོན་སེམས་འཛིན་གྱིན་ཡོད༽ཅེས་པའི་རིགས་ཀྱི་ཚིག་ཐོན་པ་ནི་འཛམ་གླིང་ཞི་བདེ་ལ་མི་ཕན་པའི་རྒྱུའོ། །ཞེས་བརྗོད།

    1949 ལོར་དགེ་བཤེས་ཆོས་ཀྱི་གྲགས་པས《བརྡ་དག་མིང་ཚིག་གསལ་བ》རྩོམ་སྒྲིག་བྱས་ཏེ་ཏ་སཱིའི《བོད་དབྱིན་ཚིག་མཛོད》ཀྱི་སྣེ་ཁྲིད་ཀྱི་གོ་གནས་བླངས་པ་རེད། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་། བོད་རྒྱའི་ཤེས་ཡོན་པ་རྣམས་ཀྱིས་སྔ་གཞུག་ཏུ《བོད་རྒྱ་ཤན་སྦྱར་ཚིག་མཛོད》དང་། 《རྒྱ་བོད་ཚིག་མཛོད་ཆེན་མོ》《བོད་རྒྱ་དབྱིན་གསུམ་ཤན་སྦྱར་གྱི་ཚིག་མཛོད》སོགས་ཚིག་མཛོད་ཕུན་སུམ་ཚོགས་པ་རྩོམ་སྒྲིག་བྱས་ཡོད།

    1985ལོར་ཀྲང་དབྱི་སོན་གྱིས་གཙོ་སྒྲིག་མཛད་ལ་ཆེད་མཁས་པ་བཅུ་ལྷག་གིས་རྩོམ་སྒྲིག་མཛད་པའི《རྒྱ་བོད་ཚིག་མཛོད་ཆེན་མོ》དང་། 2002 ལོར་བོད་རིག་པ་བ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་དུས་རབས་ཕྱེད་ཙམ་ལ་རྩོམ་སྒྲིག་བྱས་ཤིང་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《དུང་དཀར་ཚིག་མཛོད》གཉིས་ཀྱིས་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་གོ་གནས་གལ་ཆེན་བཟུང་ཡོད།

    ཀྲུང་གོའི་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་ཞུ་དག་པ་དང་། རྒྱལ་ཡོངས་བོད་ཡིག་གསར་བྱུང་མིང་བརྡ་ལོ་ཙཱ་གཏན་འབེབས་ཆེད་མཁས་ཚོགས་པའི་ཚོགས་མི་འཇམ་དགའ་ཡིས་གསུངས་པར། བོད་ཡིག་གི་ཚིག་མཛོད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་མོད། ལོ་རྒྱུས་ཀྱི་ཚད་བཀག་གི་རྐྱེན་གྱིས《རྒྱ་བོད་ཚིག་མཛོད་ཆེན་མོ》མོར་བསྡུས་པའི་མིང་ཚིག་ཁྲི 5.3 གྱིས་ཀློག་པ་པོའི་དགོས་མཁོ་སྐོང་ཐུབ་ཀྱིན་མེད།

    བོད་ཡིག་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བར་དམིགས་ནས། 2003 ལོར་ཀྲུང་གོ་མི་རིགས་དཔེ་སྐྲུན་ཁང་གིས《བོད་ཡིག་ཚིག་མཛོད་ཆེན་མོ》ཡི་ལས་གཞི་བསྒྲུབ་པར་སྙན་ཞུ་ཞུས་པར་རྒྱལ་ཁབ་ནས་སྒོར་བྱེ་བ་ཡན་གྱི་ཆོག་མཆན་ཐོབ་པ་རེད།1985 ལོའི《རྒྱ་བོད་ཚིག་མཛོད་ཆེན་མོ》ནི་རྒྱ་བོད་ཤན་སྦྱར་མ་ཞིག་ཡིན་ལ། 《བོད་ཡིག་ཚིག་མཛོད་ཆེན་མོ》གསར་བ་ནི་དེའི་རྨང་གཞིའི་སྟེང་བོད་ཡིག་གི་ལམ་ནས་དཔར་སྐྲུན་བྱ་རྒྱུ་ཡིན་ལ། དེའི་སུམ་ཆའི་གཉིས་ནི་སྲོལ་རྒྱུན་གྱི་མིང་གིས་གྲུབ་པའི་སྟེང་མིང་གསར་བ་འབོར་ཆེན་བསྡུ་རྒྱུ་རེད།

    འཕྲིན་ལས་ཆོས་གྲགས་ཀྱིས་བསྟན་དོན། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་མིང་གསར་བ་མང་དུ་བྱུང་ཡོད་ལ། བོད་ཡིག་གི་ཡུལ་སྐད་མི་འདྲ་བ་དང་བཀས་བཅད་ཀྱི་བྱ་བ་རྗེས་ལུས་ཅན་ཏུ་གྱུར་ཡོད་རྐྱེན། གསར་བྱུང་མིང་ལ་བཤད་ཚུལ་མི་འདྲ་བ་མང་དུ་བྱུང་སྟེ་བོད་མི་རྣམས་ཀྱི་འབྲེལ་འདྲིས་ལ་ཤན་ཤུགས་ཐེབས་ཡོད། ༼པོད་ཕྲན༽དང་། ༼སྐད་འཕྲིན༽ ༼གློག་ཀླད༽སོགས་གསར་བྱུང་གི་མིང་རྣམས་ལ་བོད་ཡིག་ཏུ་ཚད་ལྡན་གྱི་མིང་བཏགས་མེད་པས། བོད་མི་རྣམས་ཀྱིས་རྒྱ་སྐད་བསྲེས་ཏེ་མིང་འབོད་པ་སོགས་ངོ་གནོང་བའི་གནས་སུ་ལྷུང་ཡོད།

    ལོ་ངོ་བཅུ་ལྷག་གི་འབད་པ་བརྒྱུད་ནས་བོད་ལྗོངས་ཀྱིས་གསར་བྱུང་མིང 9000 དང་། ཚན་རྩལ་གྱི་མིང་བརྡ་ཁྲི 6 ལྷག རྩིས་འཁོར་མིང་བརྡ12ལྷག་ཐག་གིས་བཅད་ཡོད་པ་ཐམས་ཅད《བོད་ཡིག་ཚིག་མཛོད་ཆེན་མོ》རུ་བསྡུ་རྒྱུ་རེད།བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཁང་གི་ཅུའུ་ཀྲང་གཞོན་པ་ཆོས་གྲགས་ཀྱིས་གསུངས་པར། སྐད་ཡིག་ནི་དུས་རབས་མཚོན་བྱེད་ཀྱི་མེ་ལོང་ལྟ་བུ་ཡིན་ཏེ། གསར་བྱུང་མིང་ཚིག་གིས་བོད་མིའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ་སོགས་ཕྱོགས་གང་ཐད་ཀྱི་འཕེལ་རྒྱས་མཚོན་ཐུབ་པ་ལས་གཞན། བོད་ཡིག་ཕུན་སུམ་ཇེ་ཚོགས་དང་བོད་ཡིག་ལ་གསོན་ཤུགས་གསར་བ་བསྣན་ཡོད།

    བོད་ཡིག་ཞིབ་འཇུག་པས་ཚིག་མཛོད་འདི་དཔར་དུ་བསྐྲུན་པར་རེ་ལྟོས་ཆེན་བྱེད་བཞིན་ཡོད་པ་སྟེ། བཅར་འདྲིའི་སྐབས་སུ་འཕྲིན་ལས་ཆོས་གྲགས་ལགས་ཀྱིས་དཔེ་སྒྲོམ་སྟེང་ནས་ལོ་རབས་བརྒྱད་ཅུ་བར་པར་དུ་བསྐྲུན་པའི《རྒྱ་བོད་ཚིག་མཛོད་ཆེན་མོ》ལག་ཏུ་བླངས་ཏེ། ཚིག་མཛོད་གསར་བ་དེ་འདི་ལས་ལྕི་ཐག་ཆོད་ཡིན་མོད། བདག་ལ་དེ་འཛིན་པའི་སྐལ་བ་མི་ལྡན་པའི་སེམས་ཁྲལ་ཆེ་ཞེས་བརྗོད་བྱུང་། །   

    

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག