མདུན་ཤོག- རིག་གནས།- རིག་གནས་འགྱུར་སྟངས།

བོད་ལྗོངས་ལྷོ་ཁ་ནས་རྒྱལ་དབང་སྐུ་ཕྲེང་དྲུག་པའི་གཞིས་རྙིང་གཉིས་རྙེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2015-02-21 15:57

 

    རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གཞིས་རྙིང་དང་པོ་སྟེ་མཚོ་སྣ་རྫོང་མཁར་གྱི་སྡོད་རྙིང་ཁུལ་དུ་ཡོད་པའི་ཀ་བཞི་གདུང་བརྒྱད་ཅན་གྱི་ཁང་པ་ཉིས་ཐོག་ཅན།    

    ཤིན་ཧྭ་གསར་འགྱུར་ཁང་གིས་སྤྱི་ཚེས༡༠ཉིན་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་བོད་ལྗོངས་ལྷོ་ཁའི་མཚོ་སྣ་རྫོང་དུ་ལོ་བཅུ་གཉིས་ནས་བཅུ་གསུམ་ཙམ་རིང་ལ་བཞུགས་མྱོང་ཞིང་། ཉེ་ལམ།(ད་ལྟའི་ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་ཁོངས)མཚོ་སྣ་ནས་དེ་དུས་ཀྱི་གཞིས་ཤུལ་གཉིས་འཚོལ་རྙེད་བྱུང་འདུག་ལ། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཀྲང་ཟུར་པའི་འགན་བཞེས་མྱོང་བའི་བོད་རིག་པའི་མཁས་པ་པ་སངས་ནོར་བུ་ལགས་ཀྱིས་གཞིས་ཤུལ་དེ་གཉིས་ཀྱིས་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་སྐུ་ཚེ་ཧྲིལ་བོ་དང་ཕོ་བྲང་པོ་ཏ་ལར་ཆིབས་བསྒྱུར་མ་གནང་གོང་གི་འཚོ་གནས་ཞིབ་འཇུག་ཐད་རོགས་དང་རམ་འདེགས་བྱེད་ཐུབ་པའི་སྐོར་གསུངས་བྱུང་།

    སྤྱི་ལོ༡༦༩༧ལོར་ཚངས་དབྱངས་རྒྱ་མཚོ་རྒྱལ་དབང་སྐུ་ཕྲེང་དྲུག་པར་ངོས་བཟུང་ཐོག་རྩེ་ཕོ་བྲང་དུ་གདན་དྲངས་ཤིང་། ལོ་རྒྱུས་ཡིག་ཚང་དུ། དེའི་ཡར་སྔོན་ལ་ཚངས་དབྱངས་རྒྱ་མཚོ་མཆོག་མཚོ་སྣ་རྫོང་མཁར་དུ་ཡུན་རིང་བཞུགས་མྱོང་ཡོད་ཚུལ་བཀོད་ཡོད་ན་ཡང་། གནས་ཤུལ་གང་ཡིན་ཆ་མ་འཚལ་བར་ད་བར་དུ་ལུས་པ་རེད།

    མཚོ་སྣ་རྫོང་མཚོ་སྣ་གྲོང་རྡལ་གཡའ་མ་རོང་གྲོང་ཚོའི་ནུབ་བྱང་གི་མཚམས་སུ་ཡོད་པའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གཞིས་རྙིང་གཉིས་པ།    

    པ་སངས་ནོར་བུས་ངོ་སྤྲོད་གནང་བ་ལྟར་ན། རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་ལོའི(སྤྱི་ལོ༡༦༨༣ལོར)ཟླ་གསུམ་པའི་ཚེས་གཅིག་ཉིན་མོན་ཡུལ་ཨུ་རྒྱན་གླིང་དཔལ་མཁར་ཕོ་བྲང་དུ་སྐུ་འཁྲུངས་ཤིང་། ཤིང་གླིང་ལོའི(སྤྱི་ལོ་༡༦༨༥ལོར)ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན་སྤང་ལ་བྱང་ངོས་ཀྱི་ཤབ་ཞེས་བྱ་བར་གདན་ཞུས་ཆིབས་བསྒྱུར་གནང་། ལོ་དེའི་ཟླ ༡༢ པའི་ཚེས ༡༢ ཉིན་ཤ་བོ་ནས་ཆིབས་ཁ་བསྒྱུར་ཏེ་ཚེས ༡༤ ཉིན་མཚོ་སྣར་འབྱོར་ཞིང་། བོད་མེ་གླིང་ལོའི(༡༦༩༧ལོ)ཟླ་ལྔ་བའི་ཚེས་བཞི་ཉིན་སྣ་དཀར་རྩེ་བསྟན་འཛིན་ཕོ་བྲང་དུ་དགེ་ཚུལ་གྱི་སྡོམ་པ་དངོས་བཞེས་ཏེ་གཏན་བཞུགས་གནང་། ལོ་རྒྱུས་ཡིག་ཚང་དུ། རྒྱལ་དབང་ཁོང་གི་ནང་མི་འཁོར་དང་བཅས་པ་མོན་ཡུལ་ཨུ་རྒྱུན་གླིང་ནས་མཚོ་སྣ་རྫོང་མཁར་དུ་ཆིབས་བསྒྱུར་གནང་དུས། མཚོ་སྣ་རྫོང་ཤག་གིས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཀའ་ལྟར་ཆིབས་བསུ་དང་བཞུགས་གནས་ཐད་སྣེ་ལེན་གང་ལེགས་གནང་ཡོད་ན་ཡང་། དུས་དེར་ཚངས་དབྱངས་རྒྱ་མཚོ་མཆོག་ཏཱ་ལའི་བླ་མའི་སྤྲུལ་སྐུ་དངོས་ཡིན་མིན་ད་དུང་ཐུགས་ཐག་བཅད་མེད་ཕྱིར། མཚོ་སྣ་རྫོང་གིས་རྫོང་མཁར་གྱི་འདུ་འཛི་ཆེ་བའི་ཁྲོམ་ཁུལ་གྱི་ཀ་བ་བརྒྱད་ཅན་གྱི་དམངས་སྤྱོད་ཁང་པ་སྟབས་བདེ་ཞིག་ཏུ་ནང་མི་འཁོར་ལ་གནས་བཅོས་ཞེས་བཀོད་ཡོད་པའི་སྐོར་པ་སངས་ནོར་བུ་སོགས་ཞིབ་འཇུག་པ་རྣམས་ཀྱིས་ཁུངས་གནས་སུ་བཅོལ་ཏེ་འཚོལ་བཤེར་བྱས་མཐར། སྐབས་དེ་དུས་ཀྱི་གཞིས་རྙིང་ཤུལ་གཉིས་འཚོལ་རྙེད་བྱུང་། དེ་ཡང་གཞིས་རྙིང་ཤུལ་དང་པོ་ནི་ད་ལྟའི་མཚོ་སྣ་རྫོང་མཁར་གྱི་སྡོད་རྙིང་ཁུལ་དུ་ཡོད་པའི་ཀ་བཞི་གདུང་བརྒྱད་ཅན་གྱི་ཁང་ཆེན་དང་། ལྕམ་ཤིང ༡༨༦ གིས་ཕུབ་པའི་ཁང་པ་ཉིས་ཐོག་ཅན་དེ་ཡིན་ཞིང་། ཉིས་ཐོག་གི་ཁང་ཀླད་དང་གཤམ་ཁང་གི་ཁང་ཀླད་ཕལ་ཆེར་རྡིབ་སྐྱོན་བྱུང་ནས་ཕྱེད་ཙམ་ལས་ལྷག་མེད་པ་དང་། ཤུལ་དུ་ལུས་པའི་ཤིང་རིས་དང་སྲ་ཞིང་བརྟན་པའི་ཤིང་རྒྱུ་ལ་གཞིགས་ན་རྒྱུ་རྡོ་ལས་གྲུབ་པའི་གདུང་མ་དང་། ཀ་བ། ལྕམ་ཤིང་ལ་སོགས་འདེམས་དུས་ཤིང་སྤུས་ལ་ལྟ་ནན་ཆེན་པོ་བྱས་ཡོད་པ་མ་བརྟག་ཀྱང་ཤེས་ཐུབ། གཞན་ཕྱིའི་ལྕགས་རིའི་རྡོ་གྱང་བརྩིགས་སྟངས་དང་རྩིག་ངོས་ཕྱ་ལེ་བ། ནང་གི་ཁང་པོའི་ལྡེབས་ངོས་སུ་པང་ལེབ་སྦྱར་བ་བཅས་ཀྱི་ཁྱད་ཆོས་ཡོད། མིག་སྔར་གཞིས་རྙིང་དང་པོ་འདི་བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་ཚུད་ཡོད་པ་རེད།

    ལོ་རྒྱུས་དེབ་ཐེར་དུ། ཚངས་དབྱངས་རྒྱ་མཚོ་འཁོར་དང་བཅས་པ་མཚོ་སྣར་འབྱོར་བའི་ལོ་གཉིས་པ་སྟེ་བོད་མེ་སྟག་ལོའི(སྤྱི་ལོ༡༦༨༦)ཟླ་ལྔ་བར། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཁ་རི་བ་བསོད་ནམས་རྡོ་རྗེ་དང་བླ་མ་བསོད་རྒྱལ་སོགས་སྐྱེས་ཆེན་དམ་པ་མཚོ་སྣར་ཆེད་མངགས་བྱས་པ་དང་། ཉིན་བདུན་རིང་ལ་རྟེན་འབྲེལ་གྱི་རྟགས་དང་མཚན་མར་ཚུལ་གྱིས་དཔྱད་རྗེས། སྤྱི་ལོའི་དགུང་ལོ་གསུམ་དང་བོད་ལོའི་དགུང་ལོ་བཞིར་བཞེས་པའི་ཚངས་དབྱངས་རྒྱ་མཆོག་རྒྱལ་དབང་སྐུ་ཕྲེང་ལྔ་བའི་ཡང་སྤྲུལ་དངོས་ཡིན་པར་ཐུགས་ཐག་བཅད་ཅེས་བཀོད་ཡོད། པ་སངས་ནོར་བུས་གསུངས་པར། དུས་དེར་མཚོ་སྣར་ཕེབས་པའི་ལྷ་སའི་དཔོན་འཁོར་གྱིས་ཚངས་དབྱངས་རྒྱ་མཚོ་མཆོག་དབེན་འཇགས་ཡིན་ལ་འཚོ་བཞུགས་ཀྱི་ཆ་རྐྱེན་འགྲིག་པ། སློབ་གཉེར་ལ་འཇུག་སྐྱེན་པོའི་གནས་ཡག་ཤོས་ཤིག་ཏུ་བཀོད་སྒྲིག་གནང་དགོས་པར་བསམ་མཐར་མཚོ་སྣ་རྫོང་མཁར་དང་ཐག་ཉེ་ཞིང་། ས་གཙང་ལ་གནས་མཆོག་ཏུ་གྱུར་བའི་ཡ་མ་རོང་དེ་ཉིད་བཞུགས་གནས་སུ་འཚམ་པར་ཐག་བཅད་པ་རེད། དེ་ནི་ད་ལྟ་ཚངས་དབྱངས་རྒྱ་མཚོ་མཚོ་སྣ་རྫོང་ཁོངས་སུ་བཞུགས་མྱོང་བའི་གཞིས་རྙིང་གི་ཤུལ་གཉིས་པ་ཡིན།

    རྟོག་ཞིབ་ལྟར་ན། གཞིས་རྙིང་གཉིས་པ་དེ་མཚོ་སྣ་རྫོང་མཚོ་སྣ་གྲོང་རྡལ་གཡའ་མ་རོང་གྲོང་ཚོའི་ནུབ་བྱང་གི་མཚམས་སུ་ཆགས་འདུག་ཅིང་། ཁང་བརྩེགས་ཉིས་ཐོག་ཅན་ཞིག་ཡིན་པ་དང་། ཁང་པ་ཧྲིལ་བོར་ཞིག་རུལ་དང་རྡིབ་སྐྱོན་ཆེན་པོ་མ་བྱུང་བས་ཆ་ཚང་པོར་ཆགས་ཡོད། ཁང་པ་སྤྱིའི་རྒྱ་ཁྱོན་དེ་རྫོང་མཁར་གྱི་གྲོང་རྙིང་ཁུལ་དུ་ཡོད་པའི་གཞིས་རྙིང་གི་ཤུལ་དང་པོ་ལས་ཆེ་ཞིང་ཡངས་པ་ཞིག་འདུག་ལ། དེར་ཞིབ་ཏུ་གཟིགས་ན་ཡུན་རིང་ཞིག་ལ་མི་བསྡད་པ་མ་ཟད། ཀ་རུལ་ཁ་ཤས་གསར་དུ་བརྗེས་བ་དང་། ཁང་པའི་ནང་རོལ་གྱི་ལྡེབས་ངོས་ཀྱང་ཚོན་གསར་བརྒྱབ་ནས་ཞིག་གསོ་བྱས་ཡོད་པ་རེད། ཐོག་ཁང་ལས་གཞན་ཞིག་རུལ་དུ་གྱུར་བའི་ཟུར་གྱི་ཁང་པ་འགའི་ཤུལ་དུ་འབུར་བརྐོས་རི་མོ་དོད་པའི་ཀ་བ་གང་སར་མཐོང་ལ་དེར་ཞིབ་ཏུ་གཞིགས་ཚེ་སྐབས་དེར་གྲོང་ཟུར་དུ་འགྱིང་བའི་ཁང་པའི་བརྗིད་ཉམས་རྟོགས་ཐུབ། །  

   

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག