མདུན་ཤོག- རིག་གནས།- གསུང་འབུམ།

ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས།ལེའུ་བཞི་པ།

    2015-03-10 10:59

    ལེའུ་བཞི་པ། མཛད་པའི་འཕྲིན་ལས་ཀྱི་སྐབས་ཀྱི་རྣམ་པར་བཤད་པ།

    བཞི་པ་མཛད་པའི་འཕྲིན་ལས་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དཔེས་སྒྲུབ་པའོ། ། དང་པོ་ལ་གཉིས་ལས། ལྷུན་གྱིས་གྲུབ་པ་ནི་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་ལ་འཕྲིན་ལས་སྒྲུབ་པ་ན་གདུལ་བྱའི་ཁམས་ནི་རིགས་ཐ་དད་པ་དུ་མ་དང་གདུལ་བྱ་དེ་དག་འདུལ་བའི་ཐབས་ནི་འདུལ་བའི་རྣམ་པ་སྟེ། ཞི་བ་དང་དྲག་པོ་ལ་སོགས་པའི་སྦྱོར་བའམ། ཆ་ལུགས་དང་སྤྱོད་ལམ་ལ་སོགས་པའི་རྣམ་པའོ། ། གདུལ་བྱའི་ཁམས་ཐ་དད་པ་རྣམས་ཀྱི་གང་དང་གང་གིས་འདུལ་བར་བྱ་བའི་ལས་དང་གདུལ་བྱ་དང་གང་ན་གནས་པའི་ཡུལ་དང་གང་གི་ཚེ་འདུལ་བའི་དུས་སུ་བབ་པ་ན་འདུལ་བའི་ཕྱིར་གཤེགས་པ་ལ་ཁྱབ་བདག་རྟག་ཏུ་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་འཇུག་གོ། གཉིས་པ་རྒྱུན་མི་འཆད་པ་ནི་ཡོན་ཏན་རིན་ཆེན་མཆོག་ཏུ་གྱུར་པའི་ཚོགས་དང་ལྡན་པའི་ས་བཅུའི་ཡེ་ཤེས་ཆུས་གང་བའི་མཚོ་ལྟ་བུ་ནི་ངེས་པར་འབྱིན་པའི་རྒྱུའོ། ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ཉི་མའི་འོད་ཅན་ལྟ་བུ་ནི་བརྟེན་པའི་རྒྱུའོ། ། དེ་ལྟར་ས་བཅུ་དང་ཚོགས་གཉིས་པོ་འདིས་འགྲོ་བས་ན་ཐེག་པ་སྟེ་ལམ་གྱི་ཐེག་པ་མ་ལུས་པ་ངེས་པར་བསྒྲུབས་ཏེ་ཞེས་པའོ། ། དེ་དག་གི་འབྲས་བུ་ནི་མཐའ་དང་དབུས་མེད་ཅིང་རྒྱ་ཆེ་བ་ནམ་མཁའ་ལྟར་ཐམས་ཅད་ལ་ཁྱབ་པའི་བྱང་ཆུབ་བོ། ། ཡོངས་སུ་འཛིན་པ་ནི་སངས་རྒྱས་ཉིད་ཅེས་པ་ཁམས་ནི་ཡོན་ཏན་དྲི་མ་མེད་པ་འཛད་མེད་དུ་ཡོད་པས་གཏེར་དང་འདྲ་བ་དེ་སེམས་ཅན་ཀུན་ལ་ཁྱད་པར་མེད་པར་རྣམ་པར་གཟིགས་ནས། དེའི་སྒྲིབ་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་སྤྲིན་གྱི་དྲ་བ་དང་འདྲ་བ་དེ་སེལ་བའི་རྐྱེན་གང་ཡིན་ན་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་རླུང་དང་འདྲ་བས་རླུང་གིས་སྤྲིན་གཏོར་བ་བཞིན་དུ་རྣམ་པར་གཏོར་ཞིང་སེལ་བར་བྱེད་དོ། །

    རྒྱས་པར་བཤད་པ་ལ་གཉིས་ཏེ། ལྷུན་གྱིས་གྲུབ་པ་དང༌། རྒྱུན་མི་འཆད་པའོ། ། དང་པོ་ལ་གཉིས་ལས། བསྟན་པ་ནི་གདུལ་བྱ་གང་གི་ཐབས་གང་གིས་གདུལ་བའི་བྱ་བ་གང་དང་ཡུལ་གང་དུ་དུས་གང་གི་ཚེ་འཕྲིན་ལས་འཇུག་པ་ལ། གདུལ་བྱ་ལ་སོགས་པ་དེའི་རྣམ་པར་རྟོག་པ་སྐྱེ་བ་མེད་པའི་ཕྱིར་ཐུབ་པ་རྟག་ཏུ་འཕྲིན་ལས་ལྷུན་གྱིས་གྲུབ་པར་འཇུག་གོ། བཤད་པ་ནི་འཕྲིན་ལས་འཇུག་པའི་ཡུལ་གདུལ་བྱའི་ཁམས་ནི་གང་ཞིག་གི་འདུལ་བའི་ཚུལ་ཐབས་མང་པོ་གང་དང་གང་དག་གིས་གདུལ་བའི་བྱ་བ་སྟེ། དགོས་པ་གང་དང་གང་དུ་འཇུག་པའི་ཡུལ་དང་གང་གི་ཚེ་འཇུག་པའི་དུས་དེ་དག་ལ་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པའོ། །

    གཉིས་པ་རྒྱུན་མི་འཆད་པ་ལ་བཞི་སྟེ། བསྟན་པ། བཤད་པ། དཔེ་སྦྱར་བ། དོན་བསྡུ་བའོ། ། དང་པོ་ནི་འཕྲིན་ལས་འབྱུང་བའི་ངེས་པར་འབྱིན་པའི་རྒྱུ་དང༌། དེའི་བརྟེན་པ་སྟེ་རྐྱེན་དང༌། དེའི་འབྲས་བུ་དང༌། འཕྲིན་ལས་དེའི་འཇུག་པའི་ཡུལ་གྱི་རྒྱུ་ཡོངས་སུ་འཛིན་པ་དང༌། ཡུལ་དེའི་སྒྲིབ་པ་དང༌། སྒྲིབ་པ་དེ་གཅོད་པའི་རྐྱེན་དང་ཆོས་དྲུག་པོ་རྣམས་ལ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རྒྱུན་མི་འཆད་དོ། ། གཉིས་པ་ནི་འཕྲིན་ལས་གང་ལ་བརྟེན་ནས་རྒྱུན་མི་འཆད་ཅེ་ན། འབྲས་བུའི་བར་ངེས་པར་འབྱིན་པའི་རྒྱུ་ནི་ས་བཅུ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དག་ནི་འཕྲིན་ལས་དེའི་འགྲུབ་པའི་རྒྱུ་ཡིན་ནོ། ། འབྲས་བུ་གང་ཐོབ་པའི་རྒྱུན་མི་འཆད་ཅེ་ན། འཕྲིན་ལས་དེའི་འབྲས་བུ་ནི་བྱང་ཆུབ་མཆོག་བླ་ན་མེད་པའི་བྱང་ཆུབ་ཡིན་ཏེ༑ཞེས་པའོ། ། བྱང་ཆུབ་རང་གིས་ཐོབ་ཀྱང་གཞན་ལ་འཕྲིན་ལས་འཇུག་པའི་རྒྱུ་མེད་པས་བྱང་ཆུབ་ཐོབ་པར་མི་ནུས་སོ་སྙམ་ན། བྱང་ཆུབ་ཀྱི་༨ང་བཞིན་ཁམས་དེ་བཞིན་ཉིད་དེ་སེམས་ཅན་ཐམས་ཅད་ཀྱིས་ཡོངས་སུ་འཛིན་པས་འཕྲིན་ལས་འཇུག་ཏུ་རུང་ངོ་ཞེས་པའོ། ། དེ་ལྟར་ན་བྱང་ཆུབ་ཀྱི་རང་བཞིན་ཁམས་ཡོད་ན་འཕྲིན་ལས་དོན་མེད་དོ་སྙམ་ན། བྱང་ཆུབ་དེ་ལ་སྒྲིབ་པར་བྱེད་པ་ནི་མཐའ་ཡས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་བག་ཆགས་དང་བཅས་པ་རྣམས་སོ༑། ཞེས་པས་འཕྲིན་ལས་དོན་ཡོད་དོ། ། གལ་ཏེ་སྒྲིབ་པ་དེ་སེལ་བའི་ཐབས་མེད་པས་སེལ་བར་མི་ནུས་སོ་ཞེ་ན། སྒྲིབ་པ་དེ་འཇོམས་པའི་རྐྱེན་ནི་དུས་ཀུན་ཏུ་འཇུག་པའི་ཐུགས་རྗེ་ཆེན་པོ་ཡིན་ཞེས་པའོ། ། གསུམ་པ་ནི་ངེས་པར་འབྱིན་པ་ལ་སོགས་པའི་དོན་གྱི་གནས་དྲུག་པོ་ནི་འདི་དག་རྣམས་གོ་རིམ་ཇི་བཞིན་དུ་རྒྱ་མཚོ་དང་ཉི་མ་དང་ནམ་མཁའ་དང་གཏེར་དང་སྤྲིན་དང་རླུང་བཞིན་དུ་ཤེས་པར་བྱའོ། ། ཇི་ལྟར་ན་དྲི་མ་དག་པར་བྱེད་པའི་ཤེས་རབ་ཀྱི་ཆུ་དང་གཟུངས་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེ་དང་ལྡན་པའི་ཕྱིར་ས་བཅུ་པོ་རྣམས་ནི་རྒྱ་མཚོ་ཆེན་པོ་བཞིན་ནོ། ། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ་སྟེ་ཕན་པ་བྱེད་པའི་ཕྱིར་ཚོགས་གཉིས་དག་ནི་ཉི་མ་བཞིན་ནོ། ། རྒྱ་ཆེན་པོ་མཐའ་དང་དབུས་མེད་པའི་ཕྱིར་འབྲས་བུ་བྱང་ཆུབ་ནམ་མཁའི་ཁམས་བཞིན་དུ་མཐའ་མེད་པའོ། ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཉིད་དུ་དང་པོ་ནས་ཡོད་པའི་ཕྱིར་སེམས་ཅན་ལ་ཡོད་པའི་ཁམས་ནི་གཏེར་དང་འདྲའོ། ། གློ་བུར་དུ་བྱུང་བ་དང་སེམས་ལ་ཁྱབ་པར་བྱེད་པ་དང༌། རྩ་བ་མ་གྲུབ་པའི་ཕྱིར་ཁམས་དེའི་སྒྲིབ་བྱེད་ཉོན་མོངས་པ་ནི་སྤྲིན་གྱི་ཚོགས་བཞིན་ནོ། ། སྒྲིབ་པའི་སྤྲིན་དེ་འཐོར་བར་བྱེད་པར་ནི་ཉེ་བར་གནས་པའི་ཕྱིར་ཐུགས་རྗེ་མི་བཟད་པ་སྟེ་ཆེན་པོ་ནི་སྤྲིན་གཏོར་བར་བྱེད་པའི་རླུང་དང་འདྲའོ། ། བཞི་པ་ནི་དུས་འཁོར་བ་ཇི་སྲིད་དུ་མཛད་པ་འཕྲིན་ལས་རྒྱུན་མི་འཆད་དོ་ཞེས་བྱའོ། ། རྒྱུ་མཚན་གང་ལས་ཤེ་ན། དང་པོ་ཐུགས་བསྐྱེད་པ་ན་གཞན་དོན་( ༡༥༡བ)དུ་འཚང་རྒྱ་བར་དམ་བཅས་ལ་དེའི་ཐབས་སུ་ས་བཅུ་དང་ཚོགས་གཉིས་བསྒྲུབས་པས་རྒྱུ་ཕུན་སུམ་ཚོགས་པའི་གཞན་གྱི་དབང་གིས་ངེས་པར་འབྱུང་བ་དང༌། མཁྱེན་པས་བདག་དང་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཚུངས་པར་གཟིགས་པའི་གདུལ་བྱ་ལ་འཕྲིན་ལས་འཇུག་པའི་རྒྱུ་ཡིན་པའི་ཕྱིར་བཞུགས་པ་དོན་ཡོད་པ་དང༌། ཐུགས་རྗེའི་མཛད་པ་སྒྲིབ་པ་སྤྲིན་ལྟ་བུ་སེལ་བའི་འཕྲིན་ལས་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །

    གསུམ་པ་དཔེས་སྒྲུབ་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །

    དང་པོ་ནི་སྐུའི་ངོ་བོ་བརྒྱ་བྱིན་དང་འདྲ་བ་དང༌། གསུང་གི་ངོ་བོ་ལྷའི་རྔ་དང་འདྲ་བ་དང༌། ཐུགས་ཀྱི་ངོ་བོ་སྤྲིན་དང་འདྲ་བ་དང༌། མཛད་པ་འབད་མེད་དུ་འབྱུང་བ་ཚངས་པ་དང་འདྲ་བ་དང༌། ཐུགས་ཀྱི་མཛད་པ་ཉི་མ་དང་འདྲ་བ་དང༌། ཐུགས་ཀྱི་གསང་བ་ནོར་བུ་རིན་ཆེན་བཞིན་དང༌། དེ་བཞིན་གཤེགས་པའི་གསུང་གི་གསང་བ་སྒྲ་བརྙན་བཞིན་དང༌། སྐུའི་གསང་བ་ནམ་མཁའ་དང་འདྲ་བ་དང༌། དགེ་བ་སྐྱེད་པ་ས་གཞི་བཞིན་ནོ། །

    གཉིས་པ་ལ་གསུམ་སྟེ། དཔེ་སོ་སོའི་རང་བཞིན། དཔེས་བསྟན་པའི་དགོས་པ། དཔེའི་གོ་རིམ་ངེས་པའོ། ། དང་པོ་ལ་དཔེ་དགུ་ལས་དང་པོ་སྐུའི་ངོ་བོ་བརྒྱ་བྱིན་དང་འདྲ་བ་ལ་གཉིས་སོ། ། རྣམ་རྟོག་མེད་པ༑སྐྱེ་འགག་མེད་པའོ། ། དང་པོ་ལ་གཉིས་ཏེ། དཔེ་དང༌། དོན་ནོ། ། དང་པོ་ལ་བཞི་ལས་གཞི་ལ་གཟུགས་བརྙན་སྣང་བའི་ཚུལ་ནི་དཔེ་ཇི་ལྟར་འཛམ་བུའི་གླིང་གི་ས་སྟེང་འདི་རིན་པོ་ཆེ་བཻཌྰརྱ་རྒྱུ་དག་པའི་རང་བཞིན་དུ་གྱུར་ཏེ་གཞི་ཤིན་ཏུ་དག་པའི་ཕྱིར་དེར་སུམ་ཅུ་རྩ་གསུམ་གྱི་གནས་ན་ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུ་མོའི་ཚོགས་ཀྱི་འཁོར་དང་བཅས་པ་དང༌། གཙོ་བོའི་གནས་རྣམ་པར་རྒྱལ་བའི་ཁང་བཟང་དང༌། དེ་ལས་གཞན་ཉེ་དབང་རྣམས་ཀྱི་ལྷ་གནས་དང་༑ཉེ་དབང་དེའི་གཞལ་ཡས་ཁང་སྣ་ཚོགས་རྣམས་དང༌། དེ་དག་གི་ལོངས་སྤྱོད་དུ་གྱུར་པ་ལྷ་རྫས་ཀྱི་དངོས་པོ་རྣམ་པ་མང་པོ་དེ་དག་འཛམ་བུ་གླིང་པའི་མི་རྣམས་ཀྱིས་མཐོང་ངོ་ཞེས་པའོ། ། རྐྱེན་དེས་ཕན་པ་ལ་འཇུག་པ་ནི་གཟུགས་བརྙན་དེ་རྣམས་མཐོང་བ་དེ་ནས་འཛམ་བུ་གླིང་གི་སའི་སྟེང་ན་གནས་པའི་སྐྱེས་བུ་བུད་མེད་ཀྱི་ཚོགས་རྣམས་བསམ་པ་སྨོན་ལམ་འདེབས་པར་བྱེད་ཅིང༌། སྦྱོར་བ་བརྒྱ་བྱིན་དེ་ཐོབ་པའི་དོན་དུ་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་ནི་ཡང་དག་པར་བླངས་ཏེ་གནས་པར་འགྱུར་རོ། ། རྐྱེན་གང་ལས་ན་གཟུགས་བརྙན་སྣང་བ་དེ་ནི་མཐོང་བར་གྱུར་ཏེ་དེའི་རྐྱེན་ལས་སོ། ། སྨོན་ལམ་ཇི་ལྟ་བུ་ཞེ་ན་ངེད་ཀྱང་རིང་པོར་མི་ཐོགས་པར་ལྷའི་དབང་པོ་འདི་འདྲ་བར་གྱུར་ཅིག་ཅེས་དེ་འདྲ་བའི་སྨོན་ལམ་མོ། ། ཕན་པ་གང་ལ་ཞུགས་པའི་འབྲས་བུ་ནི་གང་ཟག་དེ་དག་ལྷའི་དབང་པོའི་གཟུགས་བརྙན་འདི་སྣང་བ་ཙམ་ཡིན་གྱི། ལྷ་དབང་ཉིད་སྣང་བ་མ་ཡིན་ནོ་ཞེས་དེ་ལྟ་བུར་ཤེས་པ་མེད་ཀྱང་སའི་སྟེང་འདི་ནས་ཤི་འཕོས་ཏེ་ལྷའི་དབང་པོར་ནི་སྐྱེ་བར་འགྱུར་རོ། ། རྒྱུ་གང་ལས་ན་གཟུགས་བརྙན་སྣང་བའི་རྐྱེན་ལས་སྨོན་ལམ་བཏབ་ཅིང་དགེ་བའི་ལས་བསྒྲུབས་པ་དེས་ནི་ཞེས་པའོ། ། སྣང་བ་ལ་རྣམ་རྟོག་མེད་པ་ནི་གཟུགས་བརྙན་སྣང་བ་དེ་ནི་ཤིན་ཏུ་ཡང་འཛམ་བུའི་གླིང་པ་རྣམས་དགེ་བ་ལ་གཞུག་པར་བྱ་སྙམ་པའི་ཀུན་སློང་གི་རྣམ་རྟོག་མེད་ཅིང་འབད་རྩོལ་གྱི་གཡོ་བ་མེད་པ་དེ་ལྟ་མོད་ཀྱི། འོན་ཀྱང་གོང་དུ་བཤད་པ་ལྟར་སའི་སྟེང་ན་དོན་ཆེན་གྱིས་ནི་ཉེ་བར་གནས་སོ། ། གཉིས་པ་དོན་ལ་ཡང་བཞི་ལས་རང་སེམས་ལ་སངས་རྒྱས་སྣང་བའི་ཚུལ་ནི་དཔེ་དེ་བཞིན་དུ་རྫོགས་པའི་སངས་རྒྱས་མཐོང་བར་འགྱུར་རོ་ཞེས་པའོ། ། ཇི་ལྟར་ན་དད་པ་དང་མོས་པ་ལ་སོགས་པའི་དྲི་མ་མ་དད་པ་ལ་སོགས་པ་མེད་པ་ཅན་གྱི་རང་གི་སེམས་ལ་སྣང་བའོ། ། དེ་གང་ལས་བྱུང་ན་དད་པ་ལ་སོགས་པའི་ཡོན་ཏན་བསྒོམས་པ་ཡི་ལས་བྱུང་བའོ། ། སངས་རྒྱས་ཇི་ལྟ་བུ་ཞིག་མཐོང་ཞེ་ན། སྐུའི་ངོ་བོ་མཚན་དང་དཔེ་བྱད་བརྒྱད་ཅུ་དང་ལྡན་པ་སྤྱོད་ལམ་འཆགས་པ་དང་ནི་བཞེངས་པ་དང་བཞུགས་པ་དང་ནི་མནལ་གཟིམས་པ་དང་གཞན་ཡང་སྤྱོད་ལམ་སྣ་ཚོགས་མཛད་པ་ཅན་གདུལ་བྱ་ལ་ཞི་བ་མྱ་ངན་ལས་འདས་པའི་ཆོས་ནི་གསུང་བ་དང༌། རེས་འགའ་མི་གསུང་བར་ནང་དུ་ཡང་དག་པར་འཇོག་ལ་མཉམ་པར་བཞག་པར་གྱུར་པ་དང༌། རྫུ་འཕྲུལ་ལ་སོགས་པའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག་མཛད་པ་གཟི་མདངས་ཆེན་པོ་ཅན་ནོ། ། གང་གིས་མཐོང་ན་ལས་དག་པའི་སེམས་ཅན་རྣམས་ཀྱིས་སོ། ། རྐྱེན་དེས་ཕན་པ་ལ་འཇུག་པ་ནི་འདོད་པས་ཡུལ་དུ་བྱས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་དོ་ཞེས་པའོ། ། རྒྱུ་གང་ལས་ན་སངས་རྒྱས་དེའི་རྒྱུ་ཡང་དག་པར་བླངས་ནས་ནི་ཞེས་སོ། ། དེ་ཉིད་གང་ཡིན་ཞེ་ན། བསམ་པ་སངས་རྒྱས་དེ་ཐོབ་པར་འདོད་པ་དང་ལྡན་པའི་སྨོན་ལམ་དང༌། སྦྱོར་བ་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་དགེ་བ་ལ་རབ་ཏུ་སྦྱོར་ཏེ་ཞེས་པའོ། ། རྐྱེན་གང་ལས་ན་སངས་རྒྱས་ཀྱི་གཟུགས་སྐུ་དེ་མཐོང་ནས་ཀྱང་དེའི་རྐྱེན་ལས་སོ། ། སྣང་བ་ལ་རྟོག་པ་མེད་པ་ནི་སངས་རྒྱས་ཀྱི་གཟུགས་སྐུ་སྣང་བ་དེ་ནི་ཤིན་ཏུ་ཡང་གདུལ་བྱ་ལ་སྐུའི་སྣང་བ་སྟོན་པ་དང་ཆོས་གསུངས་པ་ལ་སོགས་པ་ལ་ཀུན་སློང་གི་རྟོག་པ་མེད་ཅིང་ཆོས་སྐུ་ལས་གཡོ་བ་མེད་ལ་དེ་ལྟ་ན་ཡང་གདུལ་བྱའི་འཇིག་རྟེན་ན་དོན་ཆེན་པོས་ནི་ཉེ་བར་གནས་སོ། ། ཕན་པ་ལ་ཞུགས་པའི་འབྲས་བུ་ནི་གཟུགས་ཀྱི་སྐུའི་སྣང་བ་འདི་ནི་རང་གི་སེམས་ལ་སྣང་བའི་རྣམ་པ་ཙམ་ཡིན་གྱི། རྫོགས་པའི་སངས་རྒྱས་ཉིད་ནི་མ་ཡིན་ནོ་ཞེས་སོ་སོའི་སྐྱེ་བོས་མི་ཤེས་མོད་དེ་ལྟར་ནའང་གཟུགས་མཐོང་སྟེ་གདུལ་བྱ་དེ་དག་ལ་ནི་དོན་ཆེན་པོ་ཡོད་པར་འགྱུར་རོ། ། ཇི་ལྟར་ན་གཟུགས་སྐུ་དེ་མཐོང་བ་ལ་བརྟེན་ནས་ཐེག་པ་ཆེན་པོ་འདི་ལ་གནས་པའི་གང་ཟག་རྣམས་ཀྱིས་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབས་པས་ས་དང་པོ་ཡན་ཆད་དུ་རིམ་གྱིས་རང་གི་ནང་སེམས་ཀྱི་དམ་པའི་ཆོས་སྐུ་ནི་ཡེ་ཤེས་ཀྱི་མིག་གིས་མངོན་སུམ་དུ་མཐོང་བར་འགྱུར་རོ། །

    གཉིས་པ་སྐྱེ་འགག་མེད་པ་ལ་གཉིས་ཏེ། དཔེ་དང༌། དོན་ནོ། ། དང་པོ་ལ་བཞི་ལས་སྐྱེ་འགག་ཏུ་སྣང་བའི་ཚུལ་ནི། དཔེ་ཇི་ལྟར་འཛམ་བུའི་གླིང་གིས་གཞི་ཀུན་ནས་གཡང་ས་དང་ངམ་གྲོག་ལ་སོགས་པ་ཉམ་ང་བའི་གནས་གཞན་དང་བྲལ་ནས་དྲི་མ་མེད་པའི་རིན་པོ་ཆེ་བཻཌྰུརྱ་རྒྱུ་འོད་གསལ་མཛེས་པ་ལས་གྲུབ་པའི་སའི་སྟེང་ནི་ལག་མཐིལ་ལྟར་མཉམ་པར་གྱུར་ཏེ་དེར་རྒྱན་གྱི་ཁྱད་པར་ནི་དྲི་མ་དང་བྲལ་བའི་ནོར་བུ་རིན་པོ་ཆེ་བཀོད་པའི་ཡོན་ཏན་གྱི་དཔལ་དང་ལྡན་པའོ༑། དེར་གཟུགས་བརྙན་འཆར་བའི་ཚུལ་ནི་གང་གི་ཕྱིར་གཞི་དག་པ་དེའི་ཕྱིར་གཞི་དེར་ནི་ལྷའི་བདག་པོའི་གནས་རྣམ་པར་རྒྱལ་བའི་ཁང་བཟང་སྣ་ཚོགས་དང་བཅས་པ་ལྷའི་དབང་པོ་སོགས་ཀྱི་རྟེན་གྱི་གཟུགས་ཤར་ཏེ་ཞེས་པའོ། ། འགག་པའི་ཚུལ་ནི་ཕྱིས་རིམ་གྱིས་སའི་ཡོན་ཏན་དག་པ་དང་བྲལ་བའི་ཕྱིར་གཟུགས་བརྙན་དེ་ནི་སླར་ཡང་མི་སྣང་བར་འགྱུར་རོ། ། ཞེས་པའོ། ། སྣང་བའི་ཕྱེད་པ་ནི་བརྒྱ་བྱིན་དེའི་དངོས་པོ་ཐོབ་པར་བྱ་བའི་ཕྱིར་བསྙེན་གནས་ལ་གནས་པ་དང་གཞན་པའི་བརྟུལ་ཞུགས་དང་སྦྱིན་པ་ལ་སོགས་པའི་དགེ་བ་ལ་ངེས་པར་ཕྱོགས་པའི་བུད་མེད་དང་སྐྱེས་པའི་ཚོགས་རྣམས་བརྒྱ་བྱིན་ལ་སྨོན་སེམས་ཀྱིས་མེ་ཏོག་ལ་སོགས་འཐོར་བར་བྱེད་པ་ལྟར་རོ་ཞེས་པའོ། །

    གཉིས་པ་དོན་ལ་གསུམ་ལས། གཟུགས་སྐུ་སྣང་བའི་བྱེད་པ་ནི་དྲི་མས་དག་པའི་བཻཌྰུརྱ་དང་འདྲ་བའི་རང་གི་སེམས་དག་པ་ལ་སྣང་བའི་ཐུབ་པའི་དབང་པོ་དེ་ཐོབ་པར་བྱ་བའི་ཕྱིར་བསམ་པ་རབ་ཏུ་དགའ་བའི་སེམས་དང་ལྡན་པའི་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་སྐྱེས་པ་བུད་མེད་བརྒྱ་བྱིན་ལ་སྨོན་ལམ་འདེབས་པ་དེ་བཞིན་དུ་བྱང་ཆུབ་ཏུ་སེམས་རབ་ཏུ་སྐྱེད་པར་བྱེད་དོ། ། རྐྱེན་གཟུགས་སྐུ་སྣང་བའི་ཚུལ་ནི། དཔེ་ཇི་ལྟར་བཻཌྰུརྱ་ས་གཞི་གཙང་མ་ལ་ལྷའི་དབང་པོའི་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། དེ་བཞིན་དུ་གདུལ་བྱའི་འགྲོ་བའི་དད་པའི་སེམས་ཀྱི་ས་གཞི་གཙང་མ་ལ་ཐུབ་པའིདབང་པོ་ལོངས་སྤྱོད་རྫོགས་པའི་སྐུའི་གཟུགས་བརྙན་སྤྲུལ་པའི་སྐུའི་སྣང་བ་འཆར་རོ་ཞེས་པའོ། ། སེམས་ཀྱི་དབང་གིས་སྐྱེ་འགག་ཏུ་སྣང་བ་ནི་གདུལ་བྱའི་འགྲོ་བར་ཐུབ་པའི་སྐུའི་གཟུགས་བརྙན་འཆར་བ་ནི་མ་དད་པའི་རྙོག་པ་མེད་པའི་དད་པའི་རང་གི་སེམས་ཀྱི་དབང་གིས་འཇུག་ཅིང༌། ཡང་གཟུགས་བརྙན་ནུབ་པ་སྟེ་མྱ་ངན་ལས་འདས་པར་སྣང་བ་ཡང་མ་དད་པ་ལ་སོགས་པའི་སྒྲིབ་པའི་རྙོག་པ་དང་བཅས་པའི་རང་གི་སེམས་རབ་ཏུ་འཇུག་ཅིང་འབྱུང་བའི་དབང་གིས་འཇུག་གོ། ཇི་ལྟར་འཇིག་རྟེན་དག་ན་འཛམ་བུའི་གླིང་དུ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བས་སྣང་བ་དང་ནུབ་པར་སྣང་ཡང་བརྒྱ་བྱིན་འཕོས་པ་མེད་པ་ལྟར། དེ་བཞིན་དུ་གདུལ་བྱའི་སེམས་ལ་གཟུགས་སྐུ་སྐྱེ་བ་དང་འགག་པར་སྣང་ཡང་དེ་བཞིན་གཤེགས་པ་ཉིད་ལ་ཡོད་པ་སྟེ་སྐྱེ་བ་དང་ཞིག་པ་སྟེ་འཆི་འཕོ་བ་ཞེས་དེ་ལྟར་མི་བལྟ་སྟེ་མི་བསམ་མོ། །

    གཉིས་པ་གསུང་གི་ངོ་བོ་ལྷའི་རྔ་དང་འདྲ་བ་ལ་གསུམ་སྟེ། ཕན་འདོགས་པའི་རྣམ་པ། ཁྱད་པར་དུ་འཕགས་པའི་ཆོས། མི་དམིགས་པའི་རྒྱུ་མཚན་ནོ། །

    དང་པོ་ལ་གཉིས་ཏེ། བག་ཡོད་པ་ལ་སྦྱོར་བ། འཚེ་བ་ལས་སྐྱོབ་པའོ༑། དང་པོ་ལ་གཉིས་ཏེ། ཆོས་སྟོན་པ། དེའི་བྱེད་ལས་སོ། ། དང་པོ་ལ་གཉིས་ལས་དཔེ་ནི། ཇི་ལྟར་ལྷའི་ནང་དུ་ཆོས་ཀྱི་རྔས་ནི་སྐུལ་བར་བྱེད་པ་ལྟར་ཞེས་བྱའོ། ། རྔ་དེ་རྒྱུ་གང་ལས་བྱུང་ན་ལྷ་རྣམས་ཀྱི་སྔོན་གྱི་དཀར་པོ་དགེ་བའི་ལས་ཀྱི་མཐུ་ཡིས་ནི་བྱུང་བའོ། ། ཇི་ལྟར་སྐུལ་བར་བྱེད་ན་འབད་རྩོལ་དང་གནས་པ་དང་ཡིད་དང་བཅས་པའི་གཟུགས་དང་ཀུན་སློང་གི་རྣམ་པར་རྟོག་པ་མེད་བཞིན་དུའོ། ། གང་གིས་སྐུལ་ན་གདུལ་བྱས་ཐམས་ཅད་མི་རྟག་པ་དང༌། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་བདག་མེད་པ་དང༌། མྱ་ངན་ལས་འདས་པ་ནི་ཞི་བའི་སྒྲ་ཡིས་སོ། ། གང་སྐུལ་ན་འདོད་པའི་ཡོན་ཏན་ལ་གཡེངས་པས་བག་མེད་པའི་ལྷ་རྣམས་ཐམས་ཅད་དོ། ། དུས་ནམ་གྱི་ཚེ་ན་ཡང་དང་ཡང་དུའོ། ། དོན་ནི། དེ་བཞིན་དུ་ཁྱབ་བདག་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་ཆོས་སྟོན་ཏོ། ། ཇི་ལྟར་ན་འབད་རྩོལ་ལ་སོགས་པ་དང་བྲལ་ཡང་འགྲོ་བ་མ་ལུས་པ་ལ་སངས་རྒྱས་གསུང་གིས་ཁྱབ་པར་མཛད་དེ་སྟོན་ཏོ། ། གང་ལ་ན་གདུལ་བྱ་གསུང་གི་འཕྲིན་ལས་འཇུག་པའི་སྐལ་བ་དང་ལྡན་པ་རྣམས་ལའོ། ། གཉིས་པ་ནི་དཔེ་ཇི་ལྟར་ལྷའི་གནས་ན་ལྷ་རྣམས་སྐུལ་བར་བྱེད་པའི་རྔ་སྒྲ་དེ་རང་གི་སྔོན་གྱི་དགེ་བའི་ལས་ལས་བྱུང་བ་དེ་བཞིན་དུ་འཇིག་རྟེན་ན་ཐུབ་པས་ཆོས་གསུངས་པའང་གདུལ་བྱ་རྣམས་ཀྱི་དགེ་བའི་ལས་བསགས་པ་ལས་བྱུང་བ་ཡིན་ནོ། ། ཡང་ཇི་ལྟར་འབད་རྩོལ་དང་གནས་དང་ལུས་དང་སེམས་དང་བྲལ་བའི་རྔའི་སྒྲ་དེ་ལྷ་རྣམས་ལ་ཞི་བ་སྒྲུབ་པ་ལྟར་དེ་བཞིན་དུ་འབད་རྩོལ་ལ་སོགས་པ་དེ་བཞི་དང་བྲལ་བའི་སངས་རྒྱས་ཀྱིས་ཆོས་གསུངས་པ་འདིས་ཀྱང་གདུལ་བྱ་ལ་ཞི་བ་སྒྲུབ་པར་བྱེད་དོ། ། གཉིས་པ་འཚེ་བ་ལས་སྐྱོབ་པ་ལ་གཉིས་ལས། དང་པོ་དཔེ་ནི་ཇི་ལྟར་སེལ་བར་བྱེད་པ་བཞིན་ཞེས་པའོ། ། གནས་ནི་ལྷའི་གྲོང་ཁྱེར་བལྟ་ན་སྡུག་ལ་སོགས་པ་ནའོ༑། རྒྱུ་གང་གིས་ན་རྔ་སྒྲའི་རྒྱུ་ལས་བྱུང་བའི་མི་འཇིགས་པ་སྦྱིན་པ་ནི་ཞེས་པའོ། ། དུས་གང་གི་ཚེ་སེལ་ན་རྩུབ་འགྱུར་ཚལ་དུ་ལྷ་མ་ཡིན་དང་འཐབ་པའི་གཡུལ་དུ་འཇུག་པའི་ཚེ་ནའོ། ། གང་སེལ་ན་ལྷ་མིན་གྱི་དཔུང་རྒྱལ་ཏེ་ལྷ་རྣམས་སྐྲག་པའི་འཇིགས་པ་དང་ཞར་ལ་འོངས་པ་བག་ཡོད་པ་ལ་སྦྱོར་བས་བག་མེད་པའི་རྩེད་མོའོ། ། གཉིས་པ་དོན་ནི༑དེ་བཞིན་དུ་འཇིག་རྟེན་དག་ན་གནས་གོང་མར་སྐྱེ་བ་ན་རྒྱུ་བསམ་གཏན་དང་གཟུགས་མེད་ལ་སོགས་པའི་དགེ་བའི་རྒྱུ་ལས་བྱུང་བའི་འབྲས་བུ་སེམས་ཀྱི་ཉོན་མོངས་པ་དང་སྡུག་བསྔལ་རབ་ཏུ་འཇོམས་པར་བྱེད་པའི་རང་གི་ངོ་བོ་ཞི་བ་མྱ་ངན་ལས་འདས་པ་བླ་ན་མེད་པའི་ལམ་གྱི་ཚུལ་བརྗོད་དོ་ཞེས་པའོ། ། གཉིས་པ་ཁྱད་པར་དུ་འཕགས་པའི་ཆོས་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། ། དང་པོ་ལ་ལྷའི་རྔ་སྒྲ་དཔེར་བྱེད་ཀྱི་སིལ་སྙན་གཞན་དཔེ་མི་བྱེད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཐུབ་པའི་གསུང་དབྱངས་ལྷ་རྫས་ཀྱི་སིལ་སྙན་གཞན་རྣམས་ལས་ཁྱད་པར་དུ་འཕགས་སོ། ། རྒྱུ་མཚན་གང་གི་ཕྱིར་ན་སྐྱེ་བོ་ཀུན་ལ་ཁྱབ་པ་ཉིད་དང༌། མ་འོངས་པ་ན་ཕན་པ་དང་ཚེ་འདིར་བདེ་བ་དང་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ཀུན་བརྗོད་པའི་ཆོ་འཕྲུལ་དང༌། རྗེས་སུ་བསྟན་པའི་ཆོ་འཕྲུལ་ཏེ་ཆོ་འཕྲུལ་རྣམ་པ་གསུམ་དང་ལྡན་པས་སྡུག་བསྔལ་ལས་ངེས་པར་འབྱིན་པར་བྱེད་དོ། ། ལྷའི་སིལ་སྙན་རྣམས་ནི་ཁྱབ་པ་མ་ཡིན་པ་དང་ཕན་པ་མ་ཡིན་པ་དང་བདེ་བ་མ་ཡིན་པ་དང་ངེས་པར་འབྱིན་པ་མ་ཡིན་པས་དཔེར་མི་རུང་ངོ༌། ། ལྷའི་རྔ་སྒྲ་ནི་བག་མེད་པའི་ལྷ་ཐམས་ཅད་བག་ཡོད་པ་ལ་སྐུལ་བ་དང༌། དུས་ལས་མི་འདའ་བས་ཁྱབ་པ་དང༌། ལྷ་མ་ཡིན་ལ་སོགས་པའི་ཉེ་བར་འཚེ་བའི་འཇིགས་པ་ལས་སྐྱོབ་པ་དང༌། བག་ཡོད་པ་ལ་སྦྱོར་བས་ཕན་པ་དང༌། འདོད་པའི་བདེ་བ་ལ་ཆགས་པ་སྤོང་ཞིང་ཆོས་ཀྱི་དགའ་བདེ་སྒྲུབ་པས་བདེ་བ་དང༌། མི་རྟག་པ་ལ་སོགས་པ་སྒྲོགས་ཤིང་ཕོངས་པ་ཐམས་ཅད་ཞི་བར་བྱེད་པས་ངེས་པར་འབྱིན་པར་བྱེད་པའི་ཕྱིར། སངས་རྒྱས་ཀྱི་གསུང་གི་དཔེར་རུང་ངོ༌། ། གཉིས་པ་རྒྱས་པར་བཤད་པ་ལ་ལྷའི་སིལ་སྙན་ལས་དེ་བཞིན་གཤེགས་པའི་གསུང་ཁྱད་པར་བཞིས་ཁྱད་པར་དུ་འཕགས་ཏེ༑ལྷའི་ནང་གི་རྔའི་སྒྲ་ཆེན་པོ་ཞེས་འབྱུང་ཡང་སིལ་སྙན་རྣམས་ནི་ས་ལ་གནས་པའི་ལྷ་རྣམས་ཀྱི་རྣ་བར་མི་འགྲོ་བས་ཁྱབ་པ་མ་ཡིན་ལ། ངས་རྒྱས་ཀྱི་གསུང་གི་རྔ་སྒྲ་ནི་དུས་ལ་བབ་པའི་གདུལ་བྱ་ལ་འཁོར་བའི་ས་འོག་གི་འཇིག་རྟེན་དག་ཏུའང་ཁྱབ་པར་འགྲོ་བས་ཁྱབ་པ་དང༌། ལྷར་ནི་ལྷའི་སིལ་སྙན་བྱེ་བ་མང་པོ་འདོད་ཆགས་ཀྱི་མེ་མངོན་པར་འཕེལ་བའི་དོན་དུ་སྒྲོགས་པས་ཕན་པ་མ་ཡིན་ལ། ཐུགས་རྗེའི་བདག་ཉིད་སངས་རྒྱས་རྣམས་ཀྱི་གསུང་དབྱངས་གཅིག་ཀྱང་སྡུག་བསྔལ་གྱི་མེ་རང་རྒྱུ་དང་བཅས་པ་རབ་ཏུ་ཞི་བའི་དོན་དུ་འཇུག་པས་མ་འོངས་པ་ན་ཕན་པ་དང༌༑ ལྷར་ནི་མཛེས་ཤིང་ཡིད་དུ་འོང་བའི་སིལ་སྙན་གྱི་སྒྲ་ནི་སེམས་ཀྱི་རྒོད་པ་དང་རྣམ་གཡེང་འཕེལ་བར་འགྱུར་བའི་རྒྱུ་ཡིན་པས་བདེ་བ་མ་ཡིན་ལ། ཐུགས་རྗེའི་བདག་ཉིད་དེ་བཞིན་གཤེགས་པའི་གསུང་ནི་གདུལ་བྱ་ཏིང་ངེ་འཛིན་ལ་སེམས་གཏོད་པའི་བསམ་པ་སྐུལ་བར་བྱེད་པ་ཉིད་ཡིན་པས་བསམ་གཏན་གྱི་བདེ་བ་སྐྱེད་པར་བྱེད་པ་དང༌། མདོར་ན་མ་ལུས་པའི་འཇིག་རྟེན་གྱི་ཁམས་རྣམས་སུའང་ལྷ་དང་སའི་སྟེང་ན་གནས་པའི་མི་ལ་སོགས་པའི་སྡུག་བསྔལ་རྒྱུར་བཅས་ཟད་ནས་ཟག་པ་མེད་པའི་བདེ་བའི་རྒྱུ་གང་ཡིན་པ་དེ་ནི་མ་ལུས་པའི་འཇིག་རྟེན་གྱི་ཁམས་ཁྱབ་པར་སྣང་བའི་ཐུབ་པའི་གསུང་དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད་དོ། ། ཞེས་པས་སྡུག་བསྔལ་ལས་ངེས་པར་འབྱིན་པའི་ཁྱད་པར་དུ་འཕགས་སོ། ། གསུམ་པ་མི་དམིགས་པའི་རྒྱུ་མཚན་ནི། གལ་ཏེ་སངས་རྒྱས་ཀྱི་གསུང་ཐམས་ཅད་དུ་ཁྱབ་པ་ཡིན་ན་འགའ་ཞིག་གིས་མི་ཐོས་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་སངས་རྒྱས་ཀྱི་གསུང་གི་ཉེས་པ་མ་ཡིན་གྱི། སེམས་ཅན་རང་ཉིད་ཀྱི་ཉེས་པ་ཡིན་ཏེ། ཇི་ལྟར་རྣ་བའི་དབང་པོ་དང་བྲལ་བས་ཕྲ་མོའི་སྒྲ་ནི་ཡོད་ཀྱང་མི་མྱོང་ཞིང་མི་ཐོས་པ་བཞིན་ནམ་སྒྲ་མ་ལུས་པ་ཐམས་ཅད་ལྷའི་རྣ་བར་ཡང་རྣ་ལམ་དུ་ནི་མི་འགྲོ་ཡང་སྒྲའི་ཉེས་པ་མ་ཡིན་པ་བཞིན་ནོ། ། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཤིན་ཏུ་ཕྲ་ཞིང་ཟབ་པ་བློ་མཆོག་ཏུ་ཞིབ་མོ་ལེགས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡང༌། གདུལ་བྱ་ཉོན་མོངས་པ་མེད་པའི་ཡིད་ཅན་འགའ་ཞིག་གི་རྣ་བའི་ལམ་དུ་འགྱུར་བ་ཡིན་གྱི། ཡོད་ཀྱང་ཐམས་ཅད་ཀྱིས་ཐོས་པར་མི་འགྱུར་རོ། །

    གསུམ་པ་ཐུགས་ཀྱི་ངོ་བོ་སྤྲིན་དང་འདྲ་བ་ལ་བཞི་སྟེ། ཡོངས་སུ་སྨིན་པར་བྱེད་པ། སྣོད་ཀྱི་དབང་གིས་ཐ་དད་དུ་འགྱུར་བ། ཕན་པ་དང་གནོད་པ་ལ་ལྟོས་མེད་དུ་འཇུག་པ། སྡུག་བསྔལ་གྱི་མེ་འཇིལ་བའོ༑། དང་པོ་ལ་གཉིས་ལས། བསྟན་པ་ནི་ཇི་ལྟར་དབྱར་གྱི་དུས་ན་སྤྲིན་གྱི་ཕུང་པོ་ལས་ས་གཞི་ལ་ལོ་ཏོག་ཕུན་སུམ་ཚོགས་པའི་རྒྱུ་ཆུའི་ཕུང་པོ་ཆེན་པོ་འབད་རྩོལ་མེད་པར་མངོན་པར་འབེབས་པ་ལྟར། དེ་བཞིན་དུ་རྒྱལ་བས་དམ་པའི་ཆོས་ཀྱི་ཆུའི་ཆར་འབེབས་སོ། ། ཞེས་པའོ། ། རྒྱུ་གང་ལས་ན་ཚད་མེད་པའི་ཐུགས་རྗེ་ཆེན་པོའི་སྤྲིན་ལས་ནི་ཞེས་པའོ། ། དགོས་པ་གང་གི་དོན་དུ་ན་གདུལ་བྱའི་འགྲོ་བའི་རྒྱུད་ལ་དགེ་བའི་ལོ་ཏོག་སྐྱེད་པའི་རྒྱུ་ཞེས་པ་དེའི་དོན་དུའོ། ། ཚུལ་ཇི་ལྟར་ན་ཀུན་སློང་གི་རྣམ་པར་རྟོག་པ་དང་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་རོ། ། བཤད་པ་ནི་ཇི་ལྟར་འཇིག་རྟེན་པའི་སྐྱེ་བོ་རྣམས་དགེ་བའི་ལམ་དུ་འཇུག་ཅིང་བརྩོན་པ་ན་ལྷ་རྣམས་ཀྱིས་རླུང་གིས་བསྲུབས་པ་ལས་སྐྱེས་པའི་ཆུའི་ཆར་བ་སྤྲིན་གྱི་ཚོགས་ལས་འབེབས་པ་ལྟར། དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཐུགས་བརྩེ་བའི་རླུང་གིས་བསྐྱོད་པའི་སངས་རྒྱས་ཀྱི་སྤྲིན་ལས་དམ་པའི་ཆོས་ཀྱི་ཆར་འབེབས་སོ། ། དགོས་པ་གང་གིས་ཕྱིར་ན་གདུལ་བྱའི་འགྲོ་བའི་རྒྱུད་ལ་དགེ་བའི་ལོ་ཏོག་མངོན་པར་སྤེལ་བའི་ཕྱིར་རོ། ། དེའི་ཚུལ་བཤད་པ་སྲིད་པ་ན་གནས་པའི་སེམས་ཅན་ལ་དགེ་བའི་ལོ་ཏོག་སྐྱེད་པའི་རྒྱུ་ཡིན་ཞེས་པའོ། ། གང་ན་ཐུབ་པའི་དབང་པོའི་ཐུགས་ཀྱི་སྤྲིན་ཞེས་པའོ། ། དེ་ཇི་ལྟ་བུ་ཞེ་ན། དྲི་མ་མེད་པའི་ཏིང་ངེ་འཛིན་དང་གཟུངས་ཀྱི་ཆུའི་སྙིང་པོ་ཅན་ནོ། ། དེ་གནས་གང་ལ་གནས་ཤེ་ན། མཁྱེན་པ་དང་བརྩེ་བ་ཆེན་པོའི་ནམ་མཁའི་དཀྱིལ་ན་གནས་པའོ། ། ནམ་མཁའ་ཇི་ལྟ་བུ་ཞེ་ན།

    ཤེས་རབ་ཀྱིས་འགྱུར་བ་དང་ཅེས་པ་འཁོར་བའི་ཉེས་པ་དང༌། སྙིང་རྗེས་མི་འགྱུར་བ་ཞི་བ་མྱ་ངན་ལས་འདས་པའི་སྤྲོས་པས་མ་གོས་པའོ། ། གཉིས་པ་སྣོད་ཀྱི་དབང་གིས་ཐ་དད་དུ་འགྱུར་བ་ནི་ཇི་ལྟར་ནམ་མཁའ་ལ་ཆར་འབེབས་པ་ན་ཐོག་མར་སྤྲིན་དེ་ལས་བསིལ་ཞིམ་རོ་མངར་བ་དང་ལུས་ལ་མི་གནོད་པའི་འཇམ་པ་དང་རེག་པ་ཡང་བ་ལ་སོགས་པའི་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ནི་རོ་གཅིག་པ་འཐོན་ཅིང་བབ་པར་གྱུར་ན་ཡང༌། ཕྱིས་ས་ལ་བབ་པ་ན་བ་ཚྭ་ལ་སོགས་པའི་གནས་སོ་སོ་དང་འབྲེལ་བ་ལས་ཚ་བ་དང་ཁ་བ་ལ་སོགས་ཤིན་ཏུ་མང་པོའི་རོར་ནི་འགྱུར་བ་དེ་བཞིན་དུ། སངས་རྒྱས་ཀྱིས་ཆོས་གསུངས་པ་ན་ཐོག་མར་རབ་ཏུ་ཡངས་ཤིང་རྒྱ་ཆེ་བའི་བརྩེ་བའི་སྤྲིན་གྱི་སྙིང་པོ་ལས་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཟབ་མོ་སྟོང་པ་ཉིད་དུ་རོ་གཅིག་པའི་ཆོས་ཀྱི་ཆར་ཆེར་འཐོན་ཅིང་ཕབ་པ་ཡང༌། གདུལ་བྱའི་འགྲོ་བ་རྣམས་ཀྱི་སེམས་ཀྱི་རྒྱུད་ཀྱི་ཁམས་ཐ་དད་པའི་གནས་ཀྱི་དབང་པོ་རྣོ་རྟུལ་ལ་སོགས་པའི་དབྱེ་བ་ལས་ཐེག་པ་གསུམ་ལ་སོགས་པ་རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར་ཏེ། ཐེག་པ་གསུམ་གྱི་འབྲས་བུ་ཐ་དད་པའི་རྒྱུར་འགྱུར་བའོ། ། འདི་ལྟར་སྟོན་པས་འདུས་བྱས་མི་རྟག་པར་གསུངས་པ་ལ་ཉན་ཐོས་པས་མི་རྟག་པའི་ཆོས་སུ་བདེན་པར་གོ་ལ། དབུ་མ་པས་དེའི་དོན་སྟོང་པ་ཉིད་དུ་གོ་བ་ལྟ་བུ་སྟེ། སློབ་དཔོན་དཔའ་བོས་བསྟོད་པ་ལས། མོས་པ་དུ་མ་དང་ལྡན་པ། ། མང་པོ་འཁོར་བར་གྱུར་པ་ལ། ། གསུང་གཅིག་བཀའ་ནི་སྩལ་བ་ལས། ། དུ་མ་ལྟ་བུར་སྣང་འགྱུར་ཏེ། ། ཞེས་པ་ལྟ་བུའོ། །

    གསུམ་པ་ཕན་གནོད་ལ་ལྟོས་མེད་དུ་འཇུག་པ་ལ་གསུམ་ལས། སྣོད་ཀྱི་དབྱེ་བ་དཔེས་བསྟན་པ་ནི། ཆོས་བསྟན་པའི་གདུལ་བྱ་ཐེག་པ་མཆོག་ལ་དང་བ་དང༌། བར་མ་དང༌། སྡང་བའི་སེམས་ཅན་གྱི་ཕུང་པོ་གསུམ་ནི་རིམ་པ་བཞིན་དུ་མི་དག་དང་རྨ་བྱ་དང་ཡི་དྭགས་དང་འདྲའོ། ། ཅིའི་ཕྱིར་ན། དཔྱིད་ཀྱི་མཐར་སོས་ཀའི་དུས་སུ་སྤྲིན་མེད་པ་ན་ཆར་མི་འབབ་པས་མི་རྣམས་མི་དགའ་ཞིང་ཡི་དྭགས་རྣམས་དགའ་བ་དང༌། དབྱར་གྱི་དུས་སུ་ས་ལ་ཆར་བབ་པ་ན་ཡི་དྭགས་ནི་བྱེ་ཚན་གྱི་ཆར་དུ་འབབ་པས་སྡུག་ཅིང་མི་དགའ་བ་དང་མི་རྣམས་ནི་དགའ་ལ། མཁའ་ལ་མི་རྒྱུ་བའི་བྱ་ནི་རྨ་བྱ་སྟེ་དེ་ནི་བཏང་སྙོམས་སུ་གནས་པ་ལྟར་ཞེས་པའོ། ། དོན་ནི་རྫོགས་པའི་སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོའི་སྤྲིན་གྱི་ཚོགས་དག་ལས་ཐེག་པ་ཆེན་པོའི་ཆོས་ཀྱི་ཆུའི་ཆར་བྱུང་བ་ལས་ཐེག་པ་ཆེན་པོའི་ཆོས་འདོད་པའི་གང་ཟག་རྣམས་དགའ་ཞིང་ཐེག་ཆེན་གྱི་ཆོས་ལ་སྡང་བའི་གང་ཟག་རྣམས་མི་དགའ་བ་དང༌། ཡང་ཆོས་ཀྱི་ཆར་མ་བྱུང་བ་ལས་ཀྱང་ཆོས་འདོད་པའི་མི་རྣམས་མི་དགའ་ཞིང་ཆོས་ལ་སྡང་བ་རྣམས་དགའ་བ་དང༌། བར་མ་ཉན་ཐོས་ལ་སོགས་པ་རྣམས་གཉིས་ཀ་ལ་བཏང་སྙོམས་སུ་གནས་པ་འཇིག་རྟེན་ལ་ནི་དེའི་གོང་དུ་བསྟན་པ་དེ་ཉིད་ཀྱིས་མཚོན་ནོ། ། ཉེས་པའི་དབང་གིས་མི་ལྡོག་པ་ནི་ཇི་ལྟར་སྤྲིན་གྱི་ཚོགས་ཀྱིས་ཆུའི་ཐིགས་པ་རགས་པ་འབེབས་པ་དང༌། རྡོ་ཚན་དང་ནི་རྡོ་རྗེའི་མེ་ཞེས་པ་ཐོག་དྲག་པོ་འབེབས་པ་དང་ཆར་བསིལ་བ་འབེབས་པ་ན་སྲོག་ཆགས་ཕྲ་མོ་ལ་གནོད་པ་དང་རི་སུལ་དུ་སོང་བའི་རྨ་བྱ་དག་ལ་ཕན་པ་ལ་ལྟོས་པ་མེད་པ་ལྟར། དེ་བཞིན་གཤེགས་པའི་མཁྱེན་པ་དང་ནི་བརྩེ་བའི་སྤྲིན་ཡང་ཕྲ་བ་ཟབ་མོ་སྟོང་པ་ཉིད་དང་རྒྱ་ཆེ་བའི་ཆོས་ཀྱི་ཐིགས་པ་སྟེ་ཆར་གྱི་ཐབས་ཚུལ་གྱིས་ཐེག་པ་མཆོག་ལ་མོས་པའི་གདུལ་བྱ་རྣམས་ཀྱི་ཉོན་མོངས་པ་དག་པར་འགྱུར་བ་དང༌༑ ཆོས་ལ་སྡང་བའི་གང་ཟག་གི་བདག་ལྟའི་བག་ལ་ཉལ་ལས་ཉོན་མོངས་པ་འཕེལ་བར་འགྱུར་ཡང་དེ་དག་ལ་རྣམ་པ་ཀུན་ཏུ་ལྟོས་པ་མེད་དེ་ཉེས་པས་ཀྱང་ལྡོག་པར་མི་འགྱུར་རོ། ། བཞི་པ་སྡུག་བསྔལ་གྱི་མེ་འཇིལ་བ་ནི་བཞི་སྟེ། ཐུགས་རྗེའི་དམིགས་པ་སྡུག་བསྔལ་གྱི་རང་བཞིན༑དེ་སེལ་བའི་ཐབས་སྟོན་པའི་ཁྱད་པར། བསྟན་པ་ལས་ཡོངས་སུ་ཤེས་པའི་ཁྱད་པར། ཤེས་པ་དེ་རྗེས་སུ་སྒྲུབ་པའི་ཁྱད་པར་རོ། ། དང་པོ་ནི་འཁོར་བ་དེར་འགྲོ་བའི་ལམ་ནི་རྣམ་པ་ལྔ་སྟེ་ངན་སོང་གསུམ་དང་མི་དང་ལྷ་རྣམས་སོ། ། ལྷ་མ་ཡིན་རྣམས་ནི་འགའ་ཞིག་ཏུ་དུད་འགྲོར་བསྡུས་ལ། འགའ་ཞིག་ཏུ་གཏོགས་ཀྱང་ཆང་འཐུངས་པས་ལྷར་ལྷ་གཞན་གྱིས་ལྷ་མ་ཡིན་ཞེས་བསྒྲགས་སོ། ། མདོ་ལས། སྲིད་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། ། མི་དང་ལྷ་གནས་ངན་སོང་རྣམ་གསུམ་པོ། ། འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། ། དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། ། ཞེས་སོ། ། འཁོར་བ་ཇི་ལྟ་བུ་ཞེ་ན༑སྐྱེ་བ་དང་འཆི་བའི་སྡུག་བསྔལ་ལ་ཐོག་མ་དང་ཐ་མའི་མཐའ་མེད་པའོ། ། ལམ་ལྔ་པོ་ཇི་འདྲ་ཞེ་ན། དེ་དག་ན་བདེ་བ་མེད་དེ་ཐམས་ཅད་སྡུག་བསྔལ་གསུམ་ལས་མ་འདས་སོ། ། དཔེར་ན་མི་གཙང་བ་ལ་དྲི་ཞིམ་པ་མེད་པ་བཞིན་ནོ། ། སྡུག་བསྔལ་ཇི་ལྟ་བུ་ཞེ་ན། ལམ་ལྔ་དེའི་སྡུག་བསྔལ་གསུམ་ལས་ཚོར་བ་སྡུག་བསྔལ་ནི་དུས་རྟག་ཏུ་མེས་ཚིག་པ་དང་མཚོན་གྱིས་བཅད་པ་དང་ཁ་བས་འཁྱགས་པ་དང༌། རྨ་ལ་རྒྱ་ཚྭ་ལ་སོགས་པའི་འགྱུར་བྱེད་ཀྱི་སྨན་བཏབ་པའི་རེག་པའི་སྡུག་བསྔལ་སྐྱེས་པ་བཞིན་དུ་ཤིན་ཏུ་བཟོད་པར་དཀའ་བའི་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་གསུམ་དང་ལྡན་པའོ། ། གཉིས་པ་ནི་རབ་ཏུ་འབེབས་ཞེས་པའོ། ། གང་ལས་ན་ཐུགས་རྗེའི་སྤྲིན་ལས་སོ། ། གང་ན་དམ་པའི་ཆོས་ཀྱི་ཆར་ཆེན་པོའོ། ། གང་གི་ཕྱིར་ན་སྡུག་བསྔལ་དེ་མཐའ་དག་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། ། གསུམ་པ་ནི་ལྷ་དང་མིའི་དབང་ཕྱུག་མཆོག་རྒྱལ་པོའི་དཔལ་ལ་ཡང་མངོན་པར་འདོད་པ་མེད་དེ་གཞན་ལ་ལྟ་ཅི་སྨོས་པའོ༑ ། གང་ཟག་གང་ཞེ་ན། བདེན་པ་བཞི་རྟོགས་པའི་ཤེས་རབ་དང་ལྡན་པའོ། ། རྒྱུ་མཚན་གང་ལས་ན་ལྷ་ལ་འཆི་འཕོ་བའི་ལྟས་རྣམ་པ་ལྔ་འབྱུང་སྟེ། བཤེས་སྤྲིངས་ལས། མཐོ་རིས་དག་ནའང་བདེ་ཆེན་དེ་དག་གི ། འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། ། ཞེས་པ་དང༌། ལུས་ཀྱི་ཁ་དོག་མི་སྡུག་གྱུར་པ་དང༌། ། སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིངས་དང༌། ། གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། ། སྔོན་ཆད་མེད་པའི་རྡུལ་འབྱུང་ཞེས་བྱ་བ། ། མཐོ་རིས་འཆི་འཕོ་སྦྲོན་བགྱིད་འཆི་ལྟས་ལྔ། ། ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། ། ཞེས་སོ༑ ། སྡུག་བསྔལ་གྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། དྲན་པ་ཉེར་བཞག་ལས། ལྷ་ཡི་གནས་ནས་ལྟུང་བ་ན། ། སྡུག་བསྔལ་རབ་ཏུ་སྐྱེ་བ་ནི། ། དེ་ཡི་ཁྱད་པར་སེམས་ཅན་དམྱལ། ། བཅུ་དྲུག་ཆར་ཡང་མི་ཕོད་དོ། ། ཞེས་སོ། ། དེ་བཞིན་དུ་མི་ལ་ཡང་འདོད་པ་ཡོངས་སུ་ཚོལ་བ་ན་ངལ་དུབ་དང་འཐབ་རྩོད་ལ་སོགས་པའི་སྡུག་བསྔལ་དང་ལྡན་པ་ཤེས་བྱར་རྟོག་པའི་ཕྱིར་རོ། ། དེ་དག་ནི་ཉེ་བར་མཚོན་པ་སྟེ་མཐོ་རིས་ཀྱི་རྟེན་ལ་ཡང་སྡུག་བསྔལ་དེ་ལྟར་ཡོད་ན་ངན་སོང་ན་ལྟ་ཅི་སྨོས་ཞེས་པའོ། ། གང་ལས་རྟོགས་ཤེ་ན། ཐོས་བསམ་གྱི་ཤེས་རབ་དང་ནི་དེ་བཞིན་གཤེགས་པའི་གསུང་རབ་ལ་ཡིད་ཆེས་པའི་དད་པའི་རྗེས་སུ་འབྲང་ནས་བདེན་པ་བཞི་ལ་ཟག་པ་དང་བཅས་པའི་ཕུང་པོ་ལྔ་འབྲས་བུར་གྱུར་པའི་འམ། ཡང་ན་སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་བསྡུས་པ་འདི་ནི་སྡུག་བསྔལ་ལོ་ཞེས་པ་དང༌། ཟག་པ་དང་བཅས་པའི་ཕུང་པོ་ལྔ་རྒྱུར་གྱུར་པའམ། ཡང་ན་ལས་དང་ཉོན་མོངས་པ་འདི་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ངོ་ཞེས་པ་དང༌། སྡུག་ཀུན་མ་ལུས་པར་འགགས་པ་འདི་ནི་འགོག་པའོ་ཞེས་པ་དང༌། བདག་མེད་རྟོགས་པའི་ཤེས་རབ་འདི་ནི་འགོག་པར་འགྲོ་བའི་ལམ་མོ་ཞེས་ཤེས་པས་མཐོང་ཞིང་རྟོགས་པའི་ཕྱིར་རོ། ། བཞི་པ་ནི་དེ་ལྟར་བདེན་པ་བཞི་ཤེས་ནས་རྗེས་སུ་སྒྲུབ་པའི་ཚུལ་ནི། ཇི་ལྟར་སྨན་པ་མཁས་པས་ཐོག་མར་ནད་ཀྱི་ངོ་བོ་ནི་ཤེས་པར་བྱ་ཞིང་ནད་ཀྱི་རྒྱུ་ནི་སྤང་བར་བྱ་ལ་ནད་མེད་པའི་བདེ་བར་གནས་པ་ནི་ཐོབ་པར་བྱ་བ་དང༌། དེའི་ཐབས་སུ་སྨན་ནི་རྒྱུད་ལ་བསྟེན་པར་བྱ་བ་ལྟར། དེ་བཞིན་དུ་ལམ་སྒྲུབ་པ་ལ་མཁས་པས་ཀྱང་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་ཡིན་པར་ཤེས་པར་བྱ་བ་དང༌། དེའི་རྒྱུ་ཀུན་འབྱུང་ཐམས་ཅད་སྤང་བར་བྱ་ཞིང་དེའི་རྒྱུད་ལ་བསྟེན་པར་བྱ་ཞེས་པའོ། །

    བཞི་པ་མཛད་པ་འབད་མེད་དུ་འབྱུང་བ་ཚངས་པ་དང་འདྲ་བ་ལ་གཉིས་ཏེ། འབད་པ་མེད་ཀྱང་སྣང་བ་འབྱུང་བའི་ཚུལ། གདུལ་བྱ་མེད་ན་སྣང་བ་ལོག་པའི་ཚུལ་ལོ། ། དང་པོ་ལ་གསུམ་སྟེ། གདུལ་བྱ་ལ་སྣང་བའི་ཚུལ། སྣང་བའི་འཕྲིན་ལས་མཛད་པའི་ཚུལ། དེ་ལྟར་སྣང་བའི་རྒྱུའོ། ། དང་པོ་ནི། དཔེ་ཇི་ལྟར་གཟུགས་ཁམས་ཀྱི་གནས་ལ་ལྷའི་དབང་པོ་ཚངས་པ་དེ་བསམ་གཏན་དང་པོའི་ཚངས་པའི་གནས་གཞན་དུ་འཕོ་བ་མེད་བཞིན་དུ་འདོད་པ་ན་སྤྱོད་པའི་ལྷའི་གནས་ནི་དྲུག་པོ་ཐམས་ཅད་དུ་ལུས་ཀྱི་སྣང་བ་འབད་པ་མེད་པར་སྟོན་པ་ལྟར། དེ་བཞིན་དུ་ཐུབ་པ་སངས་རྒྱས་ཀྱང་སྣང་བ་སྟོན་པར་མཛད་ཅེས་པའོ། ། ཇི་ལྟར་ན་ཆོས་ཀྱི་སྐུ་ལས་བསྐྱོད་པ་མེད་པར་རོ༑། གནས་གང་དུ་ན། གདུལ་བྱ་གནས་པའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཀུན་ཏུའོ། ། གང་ཟག་གང་ལ་ན་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལའོ། ། གང་གིས་སྟོན་ན་འབད་རྩོལ་མེད་པར་སྤྲུལ་པའི་སྐུ་དག་གིས་སོ། ། གཉིས་པ་ནི། ཇི་ལྟར་ལྷ་ཚངས་པ་དེ་དུས་རྟག་ཏུ་རང་གི་གཞལ་ཡས་ཁང་ནས་མི་གཡོ་བར་གནས་བཞིན་དུ་སྤྲུལ་པའི་ལུས་ཀྱིས་འདོད་ཁམས་ཀྱི་ལྷའི་གནས་རྣམས་སུ་ཞུགས་པར་གྱུར་པ་དེ་འདོད་པའི་ལྷ་རྣམས་ཀྱིས་མཐོང་ལ་དེ་མཐོང་བའི་ལྷ་དེ་ཡང་འདོད་པའི་ཡུལ་ལ་དགའ་བའི་ཆགས་པ་སྤོང་བར་བྱེད་པ་ལྟར། དེ་བཞིན་དུ་བདེ་བར་གཤེགས་པ་ཡང་ཆོས་ཀྱི་སྐུ་ལས་མི་བསྐྱོད་པར་བཞུགས་བཞིན་དུ་སྤྲུལ་པའི་སྐུས་འཇིག་རྟེན་ཀུན་ཏུ་ཁྱབ་པར་སྟོན་ལ་དེ་ཡང་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱིས་མཐོང་ཞིང༌། དེ་མཐོང་བའི་གདུལ་བྱ་དེ་ཡང་རྟག་ཏུ་སྒྲིབ་པའི་དྲི་མ་ཀུན་སེལ་བར་བྱེད་དོ། ། གསུམ་པ་ནི་ཚངས་པས་རང་ཉིད་ཀྱི་སྔོན་གྱི་སྨོན་ལམ་དང་འདོད་ལྷ་རྣམས་ཀྱིས་ནི་སྔོན་གྱི་དགེ་བའི་མཐུས་ཇི་ལྟར་ཚངས་པ་འབད་པ་མེད་པར་སྣང་བ་སྟོན་པ་ལྟར། རང་བྱུང་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡང་སྔོན་གྱི་སྨོན་ལམ་དང་གདུལ་བྱའི་བསོད་ནམས་ཀྱི་མཐུ་ལས་སྣང་བས་ཚངས་པ་དེ་བཞིན་ནོ། ། གཉིས་པ་གདུལ་བྱ་མེད་ན་སྣང་བ་ལྡོག་པའི་ཚུལ་ནི་སྐལ་བ་དང་ལྡན་པའི་གདུལ་བྱ་ལ་དགའ་ལྡན་གྱི་གནས་ནས་འཛམ་བུའི་གླིང་དུ་འཕོ་བ་དང༌། ཡུམ་གྱི་ལྷུམས་སུ་འཇུག་པ་དང་ལུམ་བི་ནིའི་ཚལ་དུ་སྐུ་བལྟམས་པ་དང༌། ཚལ་ནས་ཡབ་ཀྱི་ཁབ་སེར་སྐྱའི་གྲོང་དུ་གཤེགས་པ་དང་བཙུན་མོའི་འཁོར་དུ་དགྱེས་པར་རོལ་བ་དང༌། རབ་ཏུ་བྱུང་ནས་དབེན་པར་དཀའ་བ་སྤྱོད་པ་དང༌། བྱང་ཆུབ་ཀྱི་སྙིང་པོར་གཤེགས་ནས་བདུད་ཀྱི་སྡེ་བཅོམ་པ་དང༌། བྱང་ཆུབ་ཆེན་པོའི་གོ་འཕང་བརྙེས་པ་དང༌། ཞི་བ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དག་བསྟན་ནས་མཐར་མྱ་ངན་ལས་འདས་པའི་ཚུལ་བསྟན་པས་ཐུབ་པའི་དབང་པོ་སེམས་ཅན་སྐལ་བ་མེད་པ་རྣམས་ཀྱི་མིག་གི་ལམ་དུ་སྣང་བར་མི་འགྱུར་ཏེ། སྣང་བའི་རྒྱུ་མཚན་ཚང་བའི་ཕྱིར་རོ། ། རྒྱན་ལས། ཇི་ལྟར་ཆུ་ཡི་སྣོད་ཆག་ན། ། ཟླ་བའི་གཟུགས་བརྙན་མི་སྣང་བ། ། དེ་བཞིན་སེམས་ཅན་ངན་པ་ལ། ། སངས་རྒྱས་གཟུགས་ཀྱང་མི་སྣང་ངོ༌། ། ཞེས་སོ། །

    ལྔ་པ་ཐུགས་ཀྱི་མཛད་པ་ཉི་མ་དང་འདྲ་བ་ལ་ལྔ་ལས། དང་པོ་ཕན་གནོད་ལ་རྣམ་རྟོག་མེད་པ་ནི། ཇི་ལྟར་ཉི་མའི་འོད་ཀྱིས་གདུངས་པའི་དུས་གཅིག་ཚེ་ཉིད་ལ་པདྨ་ལ་སོགས་པ་རྒྱས་པ་དང་ཀུ་མུ་ཏ་ནི་རབ་ཏུ་ཟུམ་པར་འགྱུར་ཡང་ཆུ་སྐྱེས་ཁ་ཕྱེ་བའི་ཡོན་ཏན་དང་ཀུ་མུ་ཏ་ཁ་ཟུམ་པའི་སྐྱོན་དག་ལ་ནི་ཉི་མ་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། འདིར་ནི་འཕགས་པའི་ཉི་མ་ཡང་གདུལ་བྱ་ལ་ཕན་པ་དང་༑གདུལ་བྱ་མ་ཡིན་པ་ལ་མི་ཕན་ཡང་དེ་ལ་རྣམ་པར་རྟོག་པ་མེད་དོ༑། དེ་ཉིད་བཤད་པ་ཇི་ལྟར་ཉི་མའི་དཀྱིལ་འཁོར་རྟོག་པ་མེད་པར་རང་གི་འོད་དུས་ཅིག་ཅར་སྤྲོས་པ་ཡིས་པདྨ་ནི་འདབ་མ་རྒྱས་པར་བྱེད་པ་དང༌། གཞན་ལོ་ཏོག་སྨིན་པར་བྱེད་པ་ལྟར། དེ་བཞིན་དུ་དེ་བཞིན་གཤེགས་པའི་ཉི་མ་ཡང་དམ་པའི་ཆོས་ཀྱི་འོད་ཟེར་གདུལ་བྱའི་སྐྱེ་བོའི་པདྨ་ལ་ཕན་པར་བྱེད་ཀྱང་དེ་ལ་རྣམ་པར་རྟོག་པ་མེད་པར་འཇུག་གོ ། གཉིས་པ་མུན་པ་སེལ་བའི་འོད་འགྱེད་པ་ནི་འོད་ཟེར་སྤྲོ་བར་མཛད་ཅེས་པའོ། ། གང་གིས་ན་ཀུན་མཁྱེན་གྱི་ཉི་མ་ཡིས་སོ། ། དེ་གང་དུ་ཤར་ན། བྱང་ཆུབ་ཀྱི་སྙིང་པོའི་ནམ་མཁར་ཤར་བའོ། ། དེ་ཉིད་གང་ཞེ་ན། ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་དག་གིས་ཞེས་སྐུ་གསུམ་གྱི་བདག་ཉིད་ཅན་ནོ། ། གང་ལ་འོད་ཟེར་སྤྲོ་ན་གདུལ་བྱའི་འགྲོ་བར་ནི་ཞེས་པའོ། ། གང་གི་འོད་ཟེར་སྤྲོ་ན་ཡེ་ཤེས་ཀྱིའོ། ། གསུམ་པ་སྣོད་ཀྱི་རྗེས་སུ་བྱེད་པ་ནི་གང་གི་ཕྱིར་གདུལ་བྱ་རྒྱུད་དག་པའི་ཆུའི་སྣོད་ནི་ཐམས་ཅད་བདེ་བར་གཤེགས་པའི་ཉི་མའི་གཟུགས་བརྙན་ནི་གྲངས་དཔག་ཏུ་མེད་པ་དུས་ཅིག་ཅར་དུ་འཆར་རོ། ། བཞི་པ་འོས་པར་འཆར་བ་ནི་འབབ་ཅིང་འཆར་རོ་ཞེས་པའོ། ། གང་ན་རྫོགས་པའི་སངས་རྒྱས་ཀྱི་ཉི་མའོ། ། དེ་གང་དུ་འཆར་ན་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའི་དཀྱིལ་དུ་ནི་འཆར་རོ། ། དེ་ཉིད་ཇི་ལྟ་བུ་ཞེ་ན༑རྟག་ཏུ་ཆོས་ཅན་ཐམས་ཅད་ལ་ཁྱབ་པའོ། ། གང་ལ་ན་གདུལ་བྱའི་རི་ལའོ། ། ཇི་ལྟར་འཆར་ན་ཇི་ལྟར་འོས་པར་སྐལ་བ་དང་འཚམས་པར་འཆར་རོ། ། དེ་ཉིད་དཔེ་དང་སོ་སོར་ཕྱེ་ན་ཇི་ལྟར་རྒྱ་ཆེན་པོའི་འོད་ཟེར་སྟོང་དང་ལྡན་པའི་ཉི་མ་མཁའ་ལ་ཤར་ན་ནམ་མཁའི་ཁོངས་འདིར་འཇིག་རྟེན་ཀུན་ཏུ་གསལ་བར་བྱས་ནས་རིམ་གྱིས་ནི་ཐོག་མར་འཛམ་བུ་གླིང་གི་རི་མཆོག་དང་དེའི་རྗེས་སུ་བར་མ་དང་མཐར་དམན་པའི་རི་ལ་འབབ་པ་དེ་བཞིན་དུ། རྒྱལ་བ་སངས་རྒྱས་ཀྱི་ཉི་མ་ཡང་གདུལ་བྱ་དད་པ་ལ་སོགས་པའི་དགེ་བ་རབ་དང་བར་མ་དང་ཐ་མ་དང་ལྡན་པའི་སེམས་ཅན་གྱི་ཚོགས་ལ་ཡང་རིམ་གྱིས་འབབ་ཅིང་འཕྲིན་ལས་འཇུག་པར་བྱེད་དོ། ། ལྔ་པ་ཉི་མ་ལས་ཁྱད་པར་དུ་འཕགས་པ་ནི། ཉི་མའི་དཀྱིལ་འཁོར་བས་སངས་རྒྱས་ཁྱད་པར་དུ་འཕགས་ཏེ་སངས་རྒྱས་ཀྱིས་ཞིང་ཀུན་ནམ་མཁའི་མཐིལ་ཞེས་པ་མཐར་ཐུག་པར་འོད་ཟེར་སྤྲོ་བའི་ནུས་པ་ཉི་མ་ལ་མེད་པས་ཁྱབ་པ་མ་ཡིན་ལ། མི་ཤེས་པའི་གཏི་མུག་གི་མུན་པས་བཀག་པ་བསལ་ནས་ཤེས་བྱའི་གནས་ལུགས་ཀྱི་དོན་གསལ་བར་སྟོན་པ་ཡང་ཡོད་པ་མ་ཡིན་པས་དོན་ཆེ་བ་ཡིན་ནོ། ། ཐུགས་རྗེའི་བདག་ཉིད་སངས་རྒྱས་ཀྱི་ཉི་མ་ལས་བརྗོད་བྱ་ཇི་ལྟ་བ་དང་ཇི་སྙེད་པ་སྣ་ཚོགས་སྟོན་པའི་མདོག་བཀྱེ་བའི་གསུང་རབ་ཀྱི་འོད་ཀྱི་ཚོགས་ཀྱིས་གསལ་བ་དག་ནི་ཞིང་ཐམས་ཅད་དུ་གདུལ་བྱའི་འགྲོ་བ་མཐའ་དག་ལ་འཇུག་པས་ཁྱབ་པ་ཡིན་ལ། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་དོན་སྟོན་པ་མཛད་པས་དོན་ཆེ་བ་ཡང་ཡིན་ནོ། ། དེ་ལ་གཉིས་ལས་སྡུག་བསྔལ་སེལ་བ་ནི་སངས་རྒྱས་གྲོང་ཁྱེར་དུ་གཤེགས་པའི་ཚེ་མིག་དང་མི་ལྡན་པའི་སྐྱེ་བོ་ལོང་བ་རྣམས་ཀྱིས་གཟུགས་མཐོང་ཞིང་དེ་བཞིན་དུ་འོན་པས་སྒྲ་ཐོས་པ་ལ་སོགས་པ་མཐོ་རིས་ཀྱི་ཉེ་བར་འཚེ་བ་སེལ་བ་དང༌། དོན་མེད་པ་ངན་སོང་བ་རྣམས་ངན་སོང་གི་ཚོགས་དང་བྲལ་ཞིང་སངས་རྒྱས་ཀྱི་དོན་དེ་མ་མཐོང་བ་ལ་ནི་བདེ་བ་ཉམས་སུ་མྱོང་ནས་ངན་སོང་ལས་སྐྱོབ་པའོ། ། དེ་དག་གི་མཇུག་བསྡུ་ནི་གང་ཟག་དང་ཆོས་ཀྱི་བདག་ཏུ་རྨོངས་པའི་གཏི་མུག་གིས་བློའི་མིག་ལྡོངས་པ་གྱུར་ནས་སྲིད་པའི་མཚོར་ལྟུང་བས་སྡུག་བསྔལ་གྱི་རླབས་ཀྱིས་གཙེས་ཏེ་ལྟ་བ་ངན་པའི་མུན་པས་བསྒྲིབས་པའི་འགྲོ་བ་རྣམས་ཀྱི་བློ་སྟེ་ཤེས་རབ་ཀྱིས་སྣང་བས། སྔར་མ་མཐོང་བའི་ཤེས་བྱའི་གནས་བདག་མེད་གཉིས་མངོན་སུམ་དུ་མཐོང་བར་འགྱུར་རོ། ། རྒྱུ་གང་ལ་བརྟེན་ནས་མཐོང་ནས་སངས་རྒྱས་ཉི་མའི་འོད་ཀྱིས་ཤེས་བྱའི་གནས་ལུགས་གསལ་བར་བྱས་པ་ལས་སོ། །

    དྲུག་པ་ཐུགས་ཀྱི་གསང་བ་ནོར་བུ་དང་འདྲ་བ་ལ་གསུམ་ལས། དང་པོ་རྟོག་པ་མེད་པར་དོན་བྱེད་པ་ནི་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི། ཀུན་སློང་གི་རྣམ་པར་རྟོག་པ་མེད་ཀྱང་དུས་ཅིག་ཅར་དུ་ཉེ་འཁོར་གྱི་སྤྱོད་ཡུལ་ན་གནས་པ་མཆོད་ཅིང་གསོལ་བ་འདེབས་པའི་སྐྱེས་བུ་རྣམས་ཀྱི་ནི་ལོངས་སྤྱོད་ཇི་ལྟར་འདོད་པའི་བསམ་པ་ཀུན་སོ་སོར་རྫོགས་པར་བྱེད་པ་ལྟར། དེ་བཞིན་དུ་ཡང་སངས་རྒྱས་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་བརྟེན་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་ཁམས་དང་མོས་པའི་བསམ་པ་ཐ་དད་པ་རྣམས༑ རང་རང་གི་བསམ་པ་དང་མཐུན་པའི་ཐེག་པ་སྣ་ཚོགས་པའི་ཆོས་ནི་ཐོས་པར་འགྱུར་ཡང་སངས་རྒྱས་དེ་ནི་ཆོས་གསུངས་པ་དེ་ལ་ཀུན་སློང་གིས་རྣམ་པར་མི་རྟོག་ཅེས་པའོ། ། འབད་པ་མེད་པ་ནི་ཇི་ལྟར་ནོར་བུ་རིན་པོ་ཆེ་རྟོག་པ་མེད་པར་འདོད་པའི་ནོར་ཀུན་གཞན་པ་དག་ལ་རབ་ཏུ་སྟེར་བ་ན་འབད་པ་དང་རྩོལ་བ་མེད་པ་ལྟར། དེ་བཞིན་དུ་ཐུབ་པའི་དབང་པོ་ཡང་འབད་པ་དང་རྩོལ་བ་མེད་པར་གདུལ་བྱ་ལ་ཇི་ལྟར་འོས་ཤིང་འཚམས་པར་ནི་གཞན་གྱི་དོན་སྒྲུབ་པའི་ཆེད་དུ་སྲིད་པ་ཇི་སྲིད་གནས་ཀྱི་བར་རྟག་ཏུ་བཞུགས་སོ། ། རྙེད་པར་དཀའ་བ་ནི་རབ་ཏུ་རྙེད་པར་དཀའ་ཞེས་པའོ། ། གང་རྙེད་པར་དཀའ་ན་ཇི་ལྟར་ནོར་བུ་བཟང་པོ་འདོད་པ་སྒྲུབ་པ་དེའོ། ། གང་གིས་རྙེད་དཀའ་ན་ནོར་བུ་དེ་ལ་ཐོབ་པར་འདོད་པས་ཏེ་དོན་དུ་གཉེར་བའི་འགྲོ་བ་མི་ལ་སོགས་པ་འདིར་རོ། ། གང་གི་ཕྱིར་རྙེད་དཀའ་ན་རྒྱ་མཚོའི་བར་ལོངས་སྤྱོད་ལྡན་ན་ས་འོག་ན་གནས་པའི་ཕྱིར་རོ། ། དེ་བཞིན་དུ་མཐོང་བ་རྙེད་པར་དཀའ་བར་ཤེས་པར་བྱའོ། ། གང་ན་བདེ་གཤེགས་མཐོང་བའོ། ། གང་གིས་ནི་འགྲོ་བ་ཤིན་ཏུ་སྐལ་བ་ངན་པའི་ཡིད་ཅན་འདིར་རོ། ། གང་གི་ཕྱིར་ན་སྒྲིབ་བྱེད་ཉོན་མོངས་པ་དུ་མས་ཟིན་པའི་ཕྱིར་རོ། །

    བདུན་པ་གསུང་གི་གསང་བ་སྒྲ་བརྙན་དང་འདྲ་བ་ནི་ཇི་ལྟར་བྲག་དང་སྒྲའི་རྐྱེན་ལས་སྒྲ་བརྙན་གྱི་ནི་སྒྲ་གཞན་གྱི་རྣམ་རིག་ལས་བྱུང་བ་དེ་ལ་རྣམ་པར་རྟོག་པ་མེད་ཅིང་བརྗོད་པར་བཟོ་བའི་རྩོལ་བ་མེད་ལ། རང་གི་ངོ་བོ་ཕྱི་རོལ་གྱི་དོན་དང་ནང་ན་ཤེས་པའི་ངོ་བོ་ལ་ཡང་མི་གནས་པ་ལྟར། དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་གདུལ་བྱ་གཞན་གྱི་དད་པ་ལ་སོགས་པའི་རྣམ་རིག་ལས་བྱུང་ཞིང༌༑ དེ་ལ་སྣང་བ་ཡང་ཀུན་སློང་གི་རྣམ་པར་རྟོག་པ་མེད་པ་ལ་བརྗོད་པར་བཟོ་བ་འབད་རྩོལ་མེད་ཅིང་རང་གི་ངོ་བོ་དེ་ཁོ་ནར་ཕྱི་རོལ་གྱི་དོན་དང་ནང་ན་སེམས་ཀྱི་བདག་ཉིད་དུ་གནས་པ་མ་ཡིན་ནོ། །

    བརྒྱད་པ་སྐུའི་གསང་བ་ནམ་མཁའ་དང་འདྲ་བ་ལ་དཔེ་ཇི་ལྟར་འདུས་མ་བྱས་ནམ་མཁའ་ལ་མཐོ་བ་དང་དམའ་བའི་རྣམ་པར་མཐོང་ཡང་ནམ་མཁའ་དེ་ནི་དེ་ལྟར་མཐོ་བ་དང་དམའ་བ་ཡོད་པ་མ་ཡིན་ནོ། ། ནམ་མཁའ་ཇི་ལྟ་བུ་ཞེ་ན། ངོ་བོ་གཟུགས་སུ་ཅུང་ཟད་ཀྱང་གྲུབ་པ་མེད་ཅིང་དགག་བྱ་བཅད་པ་ལ་མ་ལྟོས་པར་བློ་ལ་སྣང་བ་མེད་ལ་ཡོངས་གཅོད་དུ་བློའི་ཡུལ་དུ་དམིགས་པ་མེད་ཅིང་རྟེན་གཞན་གང་ལ་བརྟེན་པ་ཡང་མེད་ལ། མིག་གི་ལམ་ལས་རབ་ཏུ་འདས་ཤིང་ཐོགས་བཅས་ཀྱི་གཟུགས་མེད་པས་གཞན་ལ་འདི་ཞེས་བསྟན་དུ་མེད་པའོ། ། དོན་ནི་དེ་བཞིན་དུ་རྫོགས་པའི་སངས་རྒྱས་ལ་ཡང་སྐུ་བལྟམས་པ་དང་མཐར་མྱ་ངན་ལས་འདས་པ་ལ་སོགས་པ་ཐམས་ཅད་མཐོང་ཡང་སངས་རྒྱས་དེ་ནི་སྐྱེ་འགག་ལ་སོགས་པ་དེ་ལྟར་ཡོད་པ་མ་ཡིན་ནོ། །

    དགུ་པ་དགེ་བའི་རྟེན་དུ་གྱུར་པ་ས་གཞི་དང་འདྲ་བ་ནི་ཇི་ལྟར་རྟོག་པ་མེད་པའི་ས་ལ་བརྟེན་པ་ནི་ས་ལ་སྐྱེ་བའི་རྩི་ཤིང་ལོ་ཏོག་ལ་སོགས་པ་ཀུན་དང་པོར་སྐྱེ་ཞིང་བར་དུ་གོང་དུ་རྒྱས་པས་འཕེལ་བ་དང་རྒྱུན་མི་ཉམས་པས་བརྟན་པ་དང་མཐར་ཡོངས་སུ་སྨིན་པས་ཡངས་པར་འགྱུར་བ་ལྟར། དེ་བཞིན་དུ་རྫོགས་པའི་སངས་རྒྱས་ཀྱིས་ཡང་རྣམ་པར་རྟོག་པ་མེད་པ་ལ་བརྟེན་ནས་ཀྱང་འགྲོ་བའི་དགེ་བའི་རྩ་བ་ནི་མ་ལུས་པར་ནི་དང་པོར་སྐྱེ་ཞིང་འཕེལ་བར་འགྱུར་རོ། །

    གཉིས་པ་དཔེས་བསྟན་པའི་དགོས་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །

    དང་པོ་ལ་ལྔ་ལས། དང་པོ་དགོས་པ་དངོས་ནི། སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་ཉེ་བར་མཚོན་པའི་དཔེ་རྣམ་པ་དགུ་ནི་བསྟན་པ་ཡིན་ཞེས་པའོ། ། དགོས་པ་གང་གི་ཕྱིར་ན་མཛད་པ་འཕྲིན་ལས་ལ་གདུལ་བྱའི་ཐེ་ཚོམ་གཅད་པའི་ཕྱིར་རོ། ། རྒྱུ་མཚན་གང་ལས་ཐེ་ཚོམ་སྐྱེ་ན་འབད་རྩོལ་དང་ཀུན་སློང་མེད་པར་མཛད་པ་འཕྲིན་ལས་ཀྱི་བྱ་བ་འགའ་བྱེད་པར་མཐོང་བས་དེ་དག་འགལ་སྙམ་དུ་དགོངས་པ་དེ་བས་ན་ཞེས་པའོ། །

    གཉིས་པ་དེ་འཕེན་པའི་ལུང་ནི་མདོ་གང་དུ་དཔེ་རྣམ་པ་དགུ་པོ་འདི་དག་རྒྱས་པར་རབ་ཏུ་བསྟན་པར་གྱུར་པའི་མདོ་སྡེ་ཡི་ནི་མིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་སྣང་བ་རྒྱན་ཞེས་བྱ་བ་དེ་ཉིད་ཀྱིས་དཔེ་བསྟན་པ་དེའི་དགོས་པ་བསྟན་པ་ཡིན་ནོ། ། གསུམ་པ་དེ་བཤད་པ་ནི་འདི་ལྟར་དཔེ་དགུ་བསྟན་པ་དེ་ཐོས་པ་ལས་བྱུང་བའི་ཤེས་པའི་སྣང་བ་རྒྱ་ཆེན་པོའི་ཤེས་རབ་ཀྱིས་བརྒྱན་པའི་བློ་ལྡན་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་སངས་རྒྱས་ཀྱི་སྤྱོད་ཡུལ་ཀུན་ཏུ་འཇུག་པར་འགྱུར་ཞེས་པ་འབད་རྩོལ་ལ་མི་ལྟོས་པར་འཕྲིན་ལས་སྒྲུབ་པར་འགྱུར་བའོ། །

    བཞི་པ་དཔེ་དོན་བཤད་པ་ནི་མཛད་པ་འཕྲིན་ལས་དེའི་དོན་རྟོགས་པར་བྱ་བའི་ཕྱིར་བཻཌྰུརྱའི་ས་གཞི་དག་པ་ལ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་ལ་སོགས་པ་དཔེ་དག་ནི་རྣམ་པ་དགུ་བརྗོད་པ་དེ་ལ་ནི་དཔེས་བསྟན་པའི་དོན་དེའི་བསྡུས་དོན་ངེས་པར་གཟུང་ཞེས་པའོ། ། དེ་དག་གང་ཞེ་ན། སྐུ་སྟོན་པ་དང་གསུང་བརྗོད་པ་དང་ཐུགས་ཁྱབ་པ་དང་སྐུ་དང་གསུང་གི་མཛད་པ་སྤྲུལ་པ་དང་ཡེ་ཤེས་ཀྱི་འོད་ཟེར་སྤྲོ་བ་དང༌། ཐུགས་དང་གསུང་དང་སྐུའི་གསང་བ་དང༌། དེ་ཐམས་ཅད་ཀྱི་རྟེན་ཐུགས་རྗེའི་བདག་ཉིད་སངས་རྒྱས་ཀྱི་སར་གནས་གྱུར་པ་ཐོབ་པ་ཉིད་དོ། །

    ལྔ་པ་དོན་དེ་སྒྲུབ་པའི་རྟགས་ནི། རྫོགས་པའི་སངས་རྒྱས་ནི་ལོངས་སྤྱོད་རྒྱུན་ཀུན་ཏེ་འབད་རྩོལ་དང་སྐྱེ་འགག་ལ་སོགས་པ་རབ་ཏུ་ཞི་བ་ཡིན་ཏེ། ཀུན་སློང་གི་རྣམ་པར་རྟོག་པ་མེད་པའི་ཐུགས་མངའ་བའི་ཕྱིར་རོ། ། འབད་རྩོལ་མེད་ཀྱང་དོན་བྱེད་པ་དཔེར་ན་དྲི་མ་མེད་པའི་བཻཌྰུརྱའི་ས་གཞི་ལ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་ལ་སོགས་པ་བཞིན་ནོ། ། དེ་ལ་ལོངས་སྤྱོད་པ་སྟེ་འབད་རྩོལ་ཞི་བ་ནི་དམ་བཅའ་སྟེ། རྟོག་པ་མེད་པའི་ཐུགས་མངའ་བ་ནི་སྒྲུབ་བྱེད་ཀྱི་གཏན་ཚིགས་སོ། ། འབད་རྩོལ་མེད་ཀྱང་འཕྲིན་ལས་འཇུག་པའི་རང་བཞིན་གྱི་དོན་དེ་ནི་གདུལ་བྱའི་བློ་ངོར་གྲུབ་པའི་དོན་དུ་དཔེ་ནི་བརྒྱ་བྱིན་གྱི་གཟུགས་ལ་སོགས་པ་བཀོད་པ་ཡིན་ནོ། ། དོན་གང་ཡིན་ཞེ་ན། འདིར་ནི་སྐབས་ཀྱི་དོན་འདི་ཡིན་ཏེ་སྐུའི་སྣང་བ་སྟོན་པ་ལ་སོགས་པའི་དོན་རྣམ་པ་དགུ་ནི། སྟོན་པ་རྫོགས་པའི་སངས་རྒྱས་དེ་སྐྱེ་འཆི་དང་བྲལ་ཞིང་འབད་པ་མེད་པར་ཡང་མཛད་པ་འཕྲིན་ལས་རབ་ཏུ་འཇུག་གོ་ཞེས་བསྟན་པའོ། །

    གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དཔེ་བསྟན་པ་ནི་སངས་རྒྱས་གང་ཞིག་སྐུའི་ངོ་བོ་བརྒྱ་བྱིན་བཞིན་དང༌། གསུང་གི་ངོ་བོ་ལྷའི་རྔ་དང༌། ཐུགས་ཀྱི་ངོ་བོ་སྤྲིན་བཞིན་ནོ། ། སྐུ་དང་གསུང་གི་མཛད་པ་ཚངས་པ་དང༌། ཐུགས་ཀྱི་མཛད་པ་ཉི་མ་དང༌། ཐུགས་ཀྱི་གསང་བ་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་བཞིན་ནོ། གསུང་གི་གསང་བ་སྒྲ་བརྙན་དང༌། སྐུའི་གསང་བ་ནམ་མཁའ་དང༌། གནས་གྱུར་པའི་ངོ་བོ་ས་བཞིན་དུ་འབད་རྩོལ་དང་རྣམ་རྟོག་མེད་པར་སྲིད་པ་གནས་ཀྱི་བར་དུ་གཞན་གྱི་དོན་བྱེད་པ་དང་གང་གིས་རྟོགས་ན་ཐོས་པའི་ཤེས་རབ་ཀྱི་སྣང་བས་བརྒྱན་པའི་རྣལ་འབྱོར་པ་ཡིས་རིག་ཅེས་པའོ། ། དོན་དང་སྦྱར་བ་ནི་རིན་པོ་ཆེ་བཻཌྰུ་རྱའི་ས་གཞི་ལ་ལྷའི་དབང་པོའི་གཟུགས་བརྙན་སྣང་བ་བཞིན་དུ་སྐུའི་སྣང་བ་སྟོན་པ་དང༌། གསུང་གིས་ལེགས་པར་འདོམས་པར་མཛད་པ་ནི་ལྷའི་རྔ་དང་འདྲ་བ་དང༌། ཐུགས་ཤེས་བྱ་ལ་ཁྱབ་པའི་བདག་ཉིད་མཁྱེན་པ་དང་བརྩེ་བ་ཆེན་པོ་སྤྲིན་གྱི་ཚོགས་དང་འདྲ་བ་ནི་གདུལ་བྱའི་འགྲོ་བ་མཐའ་ཡས་པ་ལ་སྲིད་རྩེའི་བར་དུ་ཁྱབ་པར་འཇུག་པའོ། ། སྐུ་དང་གསུང་གི་མཛད་པ་ནི་ཚངས་པའི་སྤྲུལ་པ་བཞིན་དུ་ཟག་པ་མེད་པའི་གནས་ཆོས་ཀྱི་སྐུ་ལས་མི་བསྐྱོད་པར་གདུལ་བྱའི་བསམ་པ་བཞིན་དུ་སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན་པ་དང༌། ཐུགས་ཀྱི་མཛད་པ་ཉི་མ་བཞིན་དུ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་སྤྲོ་བ་གང་ཡིན་པ་དང༌། ཐུགས་ཀྱི་གསང་བ་རྣམ་པར་དག་པའི་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཐུགས་དང༌། རྒྱལ་བ་རྣམས་ཀྱི་གསུང་གི་གསང་བ་དེ་བྲག་ཆ་བཞིན་བརྗོད་པར་སྣང་ཡང་བརྗོད་འདོད་ཀྱི་ཀུན་ནས་བསླངས་པའི་ཡི་གེ་མེད་པ་དང༌། སྐུའི་གསང་བ་ནི་ནམ་མཁའ་ལྟ་བུར་ཐམས་ཅད་ལ་ཁྱབ་པར་སྣང་ཡང་གཟུཊ་མེད་ཅིང་རྟག་པ་ཉིད་དང༌། ས་གཞི་གནས་གྱུར་པ་ལྟར་སངས་རྒྱས་ཀྱི་ས་ནི་འགྲོ་བའི་དཀར་པོ་དགེ་བའི་ཆོས་ཀྱི་སྨན་རྣམས་མ་ལུས་པ་སྐྱེད་པ་དང་འཕེལ་བ་ལ་སོགས་པའི་རྣམ་པ་ཀུན་ཏུ་གཞིར་གྱུར་པ་ཡིན་ནོ། ། དཔེ་དོན་གྱི་ཆོས་མཐུན་ལ། གལ་ཏེ་རྫོགས་པའི་སངས་རྒྱས་ལ་སྐྱེ་འགག་ཏུ་མཐོང་བ་རྒྱུ་གང་ཡིན་ཞེ་ན། བེཟླུ་བྱའི་ས་གཞི་ལ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་དང་འདྲ་བའི་དགེ་བའི་སེམས་ལ་འབྲས་བུ་སངས་རྒྱས་མཐོང་བའི་རྒྱུ་སེམས་དེ་དག་པ་ནི་གཞན་གྱིས་མི་ལྡོག་པའི་དད་པའི་དབང་པོ་བརྟས་པ་ཉིད་དོ། ། ཇི་ལྟར་གཞི་དག་པ་དང་མ་དག་པའི་དབང་གིས་བརྒྱ་བྱིན་གྱི་གཟུགས་བརྙན་འཆར་བ་དང་ནུབ་པ་ལྟར། དད་པའི་དབང་པོ་བརྟས་པ་དང་མ་དད་པའི་དབང་གིས་དགེ་བའི་སེམས་སྐྱེ་བ་དང་འཇིག་པས་ན་སངས་རྒྱས་ཀྱི་གཟུགས་སྐུ་ནི་སྐྱེ་བ་དང་འཇིག་པར་སྣང་ངོ༌། ། ཡང་བརྒྱ་བྱིན་སུམ་ཅུ་རྩ་གསུམ་གྱི་གནས་ནས་མ་འཕོས་པ་བཞིན་དུ་ཐུབ་པ་ནི་ཆོས་སྐུ་ཡིས་སྐྱེ་བ་དང་འཇིག་པ་མེད་དོ། ། བརྒྱ་བྱིན་ལ་འཛམ་བུའི་གླིང་དུ་གཟུགས་བརྙན་སྟོན་པ་ལ་ཀུན་སློང་དང༌། འབད་རྩོལ་མེད་ཀྱང་གཟུགས་བརྙན་འཆར་བ་དེ་བཞིན་དུ་ནི་སངས་རྒྱས་ཀྱང་འབད་རྩོལ་མེད་པར་ཆོས་སྐུ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ལས་མ་གཡོས་པར་དུས་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་སྐུ་སྟོན་པ་ལ་སོགས་པའི་མཛད་པ་འཕྲིན་ལས་འཇུག་གོ ། གསུམ་པ་དཔེ་རྣམས་ཀྱི་གོ་རིམ་ལ་གཉིས་ལས། མདོར་བསྟན་པ་ནི་དཔེ་རྣམས་ཀྱི་ནི་མཇུག་བསྡུས་པའི་དོན་ནི་འོག་ནས་འབྱུང་བ་འདི་ཡིན་ཞིང་རིམ་པ་ཡང་བརྗོད་པ་ཡིན་ནོ། ། ཇི་ལྟར་ན་དང་པོ་ཆོས་འགའ་ཞིག་གི་སྒོ་ནས་དཔེར་བརྗོད་ནས་ཕྱིས་སྔ་མ་རྣམས་ནི་ཕྱི་མ་ཕྱི་མས་ཆོས་མི་མཐུན་པར་བསྟན་པས་དཔེ་ཡིན་པ་སྤངས་པའི་སྒོ་ནས་སོ། ། རྒྱས་པར་བཤད་པ་ལ། སངས་རྒྱས་ཀྱི་སྐུ་སྟོན་པ་ནི་བརྒྱ་བྱིན་གྱི་གཟུགས་བརྙན་ལྟ་བུ་སྟེ༑ཐམས་ཅད་དུ་མཚུངས་སམ་ཞེ་ན། གཟུགས་བརྙན་ལ་ཆོས་སྟོན་པའི་སྒྲ་དབྱངས་དང་མི་ལྡན་པའི་ཕྱིར་སངས་རྒྱས་དེ་གཟུགས་བརྙན་དེ་དང་འདྲ་བ་མ་ཡིན་ནོ། ། སངས་རྒྱས་ནི་གསུང་གིས་ཆོས་སྟོན་པས་ལྷའི་རྔ་བཞིན་ནོ། ། དེ་ཡང་སའི་སྟེང་ཐམས་ཅད་དུ་ཁྱབ་པར་དོན་བྱེད་པ་མིན་པས་རྔ་དེ་དང་འདྲ་བ་མ་ཡིན་ལ། ཐུགས་རྗེས་ཐམས་ཅད་དུ་ཁྱབ་པར་འཇུག་པས་སྤྲིན་ཆེན་པོ་དང་མཚུངས་སོ། ། དེ་ཡང་ཚེ་རབས་གཞན་ལ་ཕན་པའི་དོན་མེད་དེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ས་བོན་སྤོང་བ་མ་ཡིན་པའི་ཕྱིར། དེས་ན་སངས་རྒྱས་དེ་དང་འདྲ་བ་མ་ཡིན་ནོ། ། སངས་རྒྱས་ཀྱིས་འདོད་ཆགས་ལ་སོགས་སྤངས་པས་ཚངས་པ་ཆེན་པོ་བཞིན་ཏེ་ཞེས་པའོ། ། དེ་ཡང་ལན་ཅིག་ཆགས་པ་དང་བྲལ་བར་བྱེད་པ་ཙམ་ཡིན་གྱི། གཏན་དུ་ནི་རྒྱུད་སྨིན་པར་བྱེད་པ་མིན་པས་དེ་དང་འདྲ་བ་ཡང་མ་ཡིན་ནོ། ། གཏན་དུ་སྨིན་པར་བྱེད་པས་ཉི་མའི་གཟུགས་བཞིན་ནོ། ། དེ་ཡང་རེས་འགའ་སྔ་བར་བྱེད་པ་ཡིན་གྱི་གཏན་དུ་སྟེ་རྟག་པར་མུན་པ་འཇོམས་པ་མ་ཡིན་པས་དེ་དང་འདྲ་བ་མ་ཡིན་ནོ། ། རྟག་པར་མུན་པ་འཇོམས་པས་ཡིད་བཞིན་གྱི་ནོར་བུ་དང་འདྲའོ། ། དེ་ཡང་ཀླུ་ལ་སོགས་པའི་དུད་འགྲོ་ལ་ཡང་ཡོད་པས་འབྱུང་བ་ནི་རྙེད་པར་མི་དགའ་བའི་ཕྱིར་དེ་དང་འདྲ་བ་མ་ཡིན་ནོ། ། ལུས་ཅན་མ་ཡིན་པས་སུས་ཀྱང་ཐོབ་པར་མི་ནུས་པའི་ཕྱིར་སྒྲ་བརྙན་བཞིན་ནོ། ། དེ་ཡང་རྐྱེན་ལས་ནི་བྱུང་བ་ཡིན་པས་དེ་དང་འདྲ་བའང་མ་ཡིན་ནོ། ། དེ་ན་དབྱིངས་འདུ་མ་བྱས་པ་ནི་ནམ་མཁའ་དང་འདྲའོ། ། དེ་ཡང་དགེ་བའི་གཞི་མ་ཡིན་པས་དེ་དང་འདྲ་བའང་མ་ཡིན་ནོ། ། དེས་ན་རྫོགས་པའི་སངས་རྒྱས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འགྲོ་བའི་ཕུན་སུམ་ཚོགས་པ་མ་ལུས་པ་དེ་གནས་པའི་རྟེན་ཡིན་པའི་ཕྱིར་སའི་དཀྱིལ་འཁོར་དག་དང་འདྲའོ། ། ཇི་ལྟར་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་རྟེན་ཡིན་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་བྱང་ཆུབ་རྣམ་པ་གསུམ་གྱི་ལམ་འབྱུང་བའི་ཕྱིར་རོ། ། ཇི་ལྟར་འཇིག་རྟེན་པའི་ཕུན་སུམ་ཚོགས་པའི་རྟེན་ཡིན་ཞེ་ན༑ སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་ནས་འདོད་པའི་ཁམས་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་དགེ་བའི་ལས་ཀྱི་ལམ་བཅུ་འབྱུང་ལ། གཟུགས་ཁམས་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་ཟག་མེད་ཀྱི་ཏིང་ངེ་འཛིན་བཞི་འབྱུང་བའི་ཕྱིར་རོ། ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས་དེ་བཞིན་གཤེགས་པའི་འཕྲིན་ལས་མཛད་པའི་སྐབས་ཏེ་ལེའུ་བཞི་པའི་རྣམ་པར་བཤད་པའོ། །

    གསུམ་པ། འགྱུར་མཐར་ཕྱིན་པའི་བྱ་བ་བསྟན་པ།

    གསུམ་པ་འགྱུར་མཐར་ཕྱིན་གྱི་བྱ་བ་ནི་གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་ཞེས་སོགས་རྣམས་ཏེ། མཁས་པ་ཆེན་པོ་ནི་བཟོ་དང༌། གསོ་བ་དང་། སྒྲ་དང༌། གཏན་ཚིགས་དང༌། ནང་རིག་པ་སྟེ་རིག་པའི་གནས་ལྔ་ལ་མཁས་པའོ། ། ལོ་ཙྪ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཅེས་པ་འདི་ནི་བོད་ཀྱི་དགེ་བའི་བཤེས་གཉེན་མཁས་པ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་བོ། ། བསྒྱུར་བ་ནི་རྒྱ་སྐད་ལས་བོད་སྐད་དུ་གོ་བདེ་བར་བསྒྱུར་བའོ། །

    གཞན་དོན་ཁོ་ནར་ཐུགས་མཆོག་བསྐྱེད་པ་དེ་ནས་གྲངས་མེད་གསུམ་དག་གི ། བསྐལ་པ་མང་པོར་རྨད་བྱུང་དཀའ་སྤྱད་སྐུ་གསུམ་ཡོངས་རྫོགས་སངས་རྒྱས་ནས། ། ཡུན་རིང་འགྲོ་ལ་ཕན་པར་དགོངས་ཁྱོད་གདུལ་བྱའི་མོས་པ་ཇི་བཞིན་དུ། ། བྱང་ཆུབ་གསུམ་ལ་འགོད་མཛད་ཡོན་ཏན་བཞི་ལྡན་ཚངས་པའི་འཁོར་ལོ་བསྐོར། ། བྱང་ཆུབ་ཤིང་དྲུང་བདུད་སྡེ་འཇོམས་ལ་སྐྱེ་བ་གཅིག་གིས་ཐོགས་པ་དེས། ། བདེར་གཤེགས་གསུང་གི་གསང་བའི་གནས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པས། ། ཐ་མལ་སྐྱེ་བོས་ངེས་དོན་མདོ་སྡེའི་དགོངས་པ་རྟོགས་པར་དཀའ་བའི་ཕྱིར། ། ཟབ་ཅིང་རྒྱ་ཆེའི་གསུང་གི་བཅུད་བསྡུས་བསྟན་བཅོས་བླ་མེད་འདི་ཀོ་མཛད། ། དེ་ཉིད་བསྒྲུབས་པས་རབ་ཏུ་མཉེས་མཛད་ཅིང༌། ། དེ་ཡི་དྲིན་གྱིས་དགའ་ལྡན་གནས་སུ་བྱོན། ། ཟབ་མོ་གསན་པས་ཡེ་ཤེས་ཐོགས་མེད་བརྙེས། ། དེ་ནས་རྡོ་རྗེའི་ཚིག་འདི་རྣམ་པར་བཀྲོལ། ། དེ་ཡི་རྗེས་ཞུགས་མཁས་མཆོག་རྣམས་ཀྱིས་ཀྱང༌། ། དགོངས་པ་གསལ་བྱེད་རྣམ་འགྲེལ་མང་པོ་མཛད། ། དེ་སླད་འཕགས་པའི་ཡུལ་དུ་ཉི་མ་ཡིས། ། མུན་པ་བསལ་བཞིན་ཤིན་ཏུ་གསལ་བར་གྱུར། ། དེ་ཚེ་སྐད་གཉིས་སྨྲ་བའི་མཆོག་གྱུར་ཅིང༌། ། རྒྱལ་བའི་སྲས་པོ་རྒྱལ་བའི་བསྟན་པ་འཛིན། ། བློ་ལྡན་ཤེས་རབ་ཕུལ་བྱུང་ལོ་ཚ་བས། ། ལེགས་པར་བསྒྱུར་ནས་ཡུན་རིང་རྣམ་བཤད་མཛད། ། དེ་ནས་གངས་རིའི་ཁྲོད་འདིར་སངས་རྒྱས་ཀྱི། ། བསྟན་པའི་དཔལ་ལས་མཁས་བཙུན་དུ་མ་བྱུང༌། ། དེ་དག་གིས་ཀྱང་ཟབ་མོའི་བསྟན་བཅོས་འདི། ། རྣམ་བཤད་མཛད་པས་དར་ཞིང་རྒྱས་པར་གྱུར། ། ཤཱཀྱའི་བསྟན་པའི་ཁུར་ཆེན་འཛིན་པ་ལ། ། གཞོན་ནུའི་དུས་ནས་བརྩོན་པ་མཆོག་གྱུར་ཅིང༌། ། མཁས་པའི་ནང་དུ་མཁས་པར་གྲགས་པ་དེའི། ། ལུང་རིགས་མན་ངག་ཀུན་གྱི་རྒྱུད་འཛིན་པ། ། སངས་རྒྱས་དགོངས་པ་མ་ནོར་འཆད་བྱེད་པས། ། སྐལ་ལྡན་འགྲོ་བ་མང་པོའི་འདྲེན་པར་གྱུར། ། ཡོན་ཏན་རིན་ཆེན་ཚོགས་མང་དང་ལྡན་པ། ། མཁས་བཙུན་དེ་ལ་བདག་གིས་མཁས་པར་བསླབས། ། སྔོན་གྱི་སྐྱེས་ཆེན་རྣམས་ཀྱིས་རབ་བཤད་པའི། ། ཚིག་དང་དོན་ལས་ལྷག་པ་འདིར་བརྗོད་མེད། ། འོན་ཀྱང་འགའ་ཞིག་རྣམ་པར་སྤྲོས་པ་དང༌། ། འགའ་ཞིག་བསྡུས་པས་ཕལ་པས་གོ་མ་བདེ། ། དེས་ན་གོ་བདེ་ཚིག་ཀྱང་གཟུང་སླ་ཞིང༌། ། མང་ཉུང་རན་ལ་བཤད་པ་གསལ་བ་འདི། ། གཞུང་འདིར་མོས་པའི་སློབ་མ་འགའ་ཡི་ཕྱིར། ། ལུང་རིགས་དག་ལ་བརྟེན་ནས་ལེགས་པར་བཤད། ། ཀྱེ་མ་བདེ་ལེགས་ཀུན་གྱི་འབྱུང་གནས་ཆེ། ། ཐུབ་པའི་བསྟན་པ་དུས་ཀྱིས་འགྲིབ་པར་འགྱུར། ། སྐྱེ་བོ་ཕལ་ཆེར་ཉོན་མོངས་དབང་གྱུར་པས། ། དམ་པའི་ཆོས་ལ་བློ་གྲོས་གཞོལ་བ་ཉུང༌། ། འདོད་པ་སྤངས་ནས་རབ་བྱུང་ཕལ་ཆེར་ཡང༌། ། འདོད་པའི་འདམ་དུ་སླར་ཡང་བྱིང་གྱུར་ཅིང༌། ། ཐོས་བསམ་སྒོམ་པས་སེམས་རྒྱུད་མི་སྦྱོང་བར། ། ཚེ་འདིའི་བདེ་རྙེད་ཙམ་ལ་སྟེན་པར་བྱེད། ། དེ་ཕྱིར་བདག་གིས་རྩོལ་བ་བྱས་གྱུར་ཀྱང༌། ། སྔོན་སྦྱངས་བློ་མེད་འཕྲལ་གྱི་སྦྱོར་བ་ཞན། ། ལེ་ལོ་གསུམ་གྱིས་མནར་བར་གྱུར་པ་ཡི། ། སྐྱེ་བོ་རྣམས་ལ་ཕན་པ་འབྱུང་སྙམ་མེད། ། འོན་ཀྱང་བདག་ཉིད་ཐོས་དོན་གོ་ཕྱིར་དང༌། ། མཁས་གྲུབ་གོང་མའི་རྗེས་སུ་འཇུག་ཕྱིར་དང༌། ། སངས་རྒྱས་བསྟན་ལ་བྱ་བ་བྱེད་ཕྱིར་དང༌། ། ལུས་དག་ཡིད་གསུམ་དགེ་ལ་བཀོལ་ཕྱིར་དང༌། ། ལུས་དང་ཚེ་ལ་སྙིང་པོ་བླང་ཕྱིར་དང༌། ། ཐ་མལ་རྣམ་གཡེང་ཀུན་ནས་སྤོང་ཕྱིར་དང༌། ། ཇི་སྲིད་མི་ཚེ་ཆོས་ལ་སྤྱོད་ཕྱིར་དང་། ། གནས་ངན་ལེན་གྱི་དྲི་མ་སྦྱང་ཕྱིར་ཡིན། ། དེ་ལྟར་བདེ་གཤེགས་གསུང་གི་གསང་བ་ཟབ་ཅིང་རྒྱ་ཆེ་བསྡུས་ཏེ་ཀུན་ནས་གསལ་བྱེད་པ། ། ཐོག་མེད་དུས་ནས་གོམས་པའི་བྱམས་མཆོག་མངའ་བའི་མཚན་ཅན་དེ་ཡི་གསུང་ངག་དྲི་མ་མེད། ། གཞུང་མང་དག་ལ་ཡུན་རིང་གོམས་པའི་བློ་དང་བླ་མ་མཁས་མཆོག་རྣམས་ཀྱི་གསུང་བཞིན་དུ། ། ལེགས་པར་བཤད་ཀྱིས་ཅུང་ཟད་ནོངས་པ་མཆིས་གང་རྒྱལ་དང་རྒྱལ་སྲས་ཚོགས་ལ་བཟོད་པར་ཞུ། ། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་མཆོག་གིས་ནོར་འཛིན་ཀུན་ཁྱབ་སངས་རྒྱས་བསྟན་པ་ཡོངས་བཟུང་སྟེ། ། གང་ལ་གང་གིས་ཇི་ལྟར་ཕན་པའི་ཐབས་མང་སྒྲུབ་པ་རྒྱལ་སྲས་སྤྲོད་པ་ལེགས་སྤྱོད་ཞིང༌། ། དེ་ལས་བྱུང་བའི་བསོད་ནམས་ཡེ་ཤེས་ཚོགས་ཀྱི་དགེ་བའི་སྟོབས་ཀྱིས་ཞིང་ཁམས་མ་ལུས་ཡོངས་སུ་ཁྱབ། ། ཀུན་མཁྱེན་ཡེ་ཤེས་རྒྱ་མཚོའི་རླབས་འཕྲེང་བསིལ་ཟེར་དྲི་མེད་འཕྲིན་ལས་ས་ཆེན་བརྟན་པའི་གཞིར་གྱུར་ཅིག། ཅེས་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་སྙིང་པོའི་དོན་རྣམ་པར་བཤད་པ་རིན་པོ་ཆེའི་སྣང་བ་ཞེས་བྱ་བ་འདི་ནི། གུས་པས་མཁས་བཙུན་མང་པོའི་ཞབས་ཀྱི་པདྨོ་ལ་གཏུགས་ཏེ། ལུང་དང་མན་ངག་གི་ཚོགས་མང་དུ་འཛིན་པ། དམ་ཆོས་སྨྲ་བའི་དགེ་སྦྱོང་དོན་རིན་གྱིས་བྱ་ཁྱུང་བྲག་གི་དབེན་གནས་སུ་ཡི་གེར་བཀོད་ཅིང་ལེགས་པར་སྦྱར་བའོ། ། དཔེ་འདི་འབུམ་ཁང་དུ་བཞུགས་པ་ཡུན་རིང་པའི་རྐྱེན་གྱིས་མགོ་ནས་ཤོག་གུ་དྲུག་དང༌། མཇུག་ཏུ་གཅིག་སོགས་ཕྲན་ཚེགས་ཆུད་ཟོས་སུ་སོང་བ་མ་བཟོད་ནས་བསབ་པར་བསམ་ཀྱང་དཔེ་གཞན་མ་རྙེད་པར་སྟག་དཀར་བ་བདག་གིས་བསབ་པས་མཁས་བཙུན་གང་གི་ཐུགས་དགོངས་སུ་བཞུགས་ན་བསབ་པ་གནང་བར་ཞུ་ཞུ། ། ། །

    རྒྱ་ཆེན་ཚོཊ་གཉིས་དཔལ་གྱིས་ལེགས་བསྐྲུན་བལྟ་བས་མི་ངོམས་ཕུལ་བྱུང་མཚན་དཔེའི་སྐུ། ། བརྗོད་པ་རེར་ཡང་དོན་གྱི་རྣམ་པ་ཀུན་རྫོགས་སྙན་འཇེབས་ཡན་ལག་དྲུག་ཅུའི་གསུང༌། ། ཆགས་ཐོགས་དམན་པའི་སྒྲིབ་པ་ཀུན་བྲལ་ཤེས་བྱའི་གནས་ཀུན་གསལ་བར་གཟིགས་པའི་ཐུགས། ། རྣམ་འདྲེན་ཤཱཀྱ་སེངྒེའི་ཞབས་སེན་ནོར་བུ་ལྷར་བཅས་འགྲོ་བའི་གཙུག་གིས་མཆོད། ། རྒྱལ་བའི་འཁོར་ཚོགས་རྒྱུ་སྐར་ཕྲེང་བའི་དབུས། ། འགྲོ་ལ་རྗེས་ཆགས་བྱམས་བརྩེའི་འཛུམ་དཀར་འོད། ། མཚུངས་པ་མེད་པས་རང་གི་རྒྱལ་ཚབ་ཏུ། ། མངོན་པར་དབང་བསྐུར་མི་ཕམ་མགོན་དེར་འདུད། ། མི་ཕམ་རྒྱལ་བའི་དགྱེས་འཛུམ་འོད་སྟོང་གིས། ། གང་གི་བློ་གྲོས་པསྨོ་མངོན་བཞད་པས། ། ཐེག་མཆོག་ཆོས་ཀྱི་སྦྲང་རྩིས་སྐལ་ལྡན་འགྲོ། ། ལེགས་པར་ཚིམས་མཛད་ཐོགས་མེད་སྲིད་གསུམ་མིག ། ཤར་ཕྱོགས་རིགས་པའི་དཔའ་བོ་ཞེས་བྱ་དོན་ལྡན་སྙན་པའི་དྲིལ་ཆུང་གིས། ། འཇམ་མགོན་གཞོན་ནུའི་ཟུར་ཕུད་ལ་ཡང་ཞབས་སེན་སྐལ་བཟང་འཛིན་པ་ཅན། ། རང་གཞན་གྲུབ་མཐའི་ཕ་རོལ་སོན་ཅིང་ཡོན་ཏན་རིན་ཆེན་མཛོད་མངའ་བ། ། ཡོངས་འཛིན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་སྒོ་གསུམ་དད་པས་ཕྱག་བགྱིའོ། །

    མི་ཕམ་གཞུང་བཟང་རྒྱལ་ཡུམ་དགོངས་པའི་གནད། ། འཁྲུལ་མེད་གསལ་བྱེད་ནོར་བུའི་མེ་ལོང་ནི། ། རྣམ་ལྔ་ཚུལ་གཉིས་སྲོལ་ལ་ལེགས་བརྟེན་པའི། ། དཀའ་གནད་གཟུགས་མཚར་བཀྲ་བའི་གཟིགས་མོར་ཆེ། ། ཁྱད་པར་མཐའ་ཡས་འགྲོ་རྒྱུད་རང་བཞིན་ཁམས། ། སྒྲིབ་བྱེད་དྲི་མ་ཡོངས་སྦྱོང་རྡོ་རྗེའི་གནས། ། རྣམ་བདུན་ཚིག་དོན་གྱིས་མཛེས་བླ་མའི་གཞུང༌། ། ཟབ་མོའི་མདོ་དོན་གསལ་བ་ཉིན་མོར་བྱེད། ། འདི་ཡི་དྲི་མེད་རིགས་པའི་སྲོལ་ཆེན་པོ། ། འཕགས་ཡུལ་ཤིང་རྟ་ཆེ་དེས་རྣམ་ཕྱེ་ཡང༌། ། ད་དུང་རང་དགར་འཇུག་པའི་སྤྱི་རྟོལ་གྱིས། ། ལོག་པའི་ལམ་དུ་འཕྱན་པ་མང་མཐོང་ནས། ། རྒྱལ་བའི་ངེས་དོན་དམ་ཆོས་འཛིན་པའི་མཐུ། ། ལེགས་པར་གྲུབ་པའི་བཤེས་གཉེན་གདེངས་ཅན་གཙོ། ། གང་དེའི་མཁྱེན་ཡངས་རིན་ཆེན་འབྱུང་གནས་སོགས། ། རྣམ་དག་བཤད་པའི་ཉིན་བྱེད་སླར་ཡང་ཤར། ། དེ་ལྟ་མོད་ཀྱི་འགྲོ་བའི་བསོད་ནམས་མཐུ། ། ཆེར་སྙིགས་མར་ངོར་སྤྱོད་པ་དང་འགྲོགས་པས། ། ལེགས་བཤད་ཟླ་སྣང་མཐའ་ཀླས་མོས་པའི་མཚོར ། རྩེན་པའི་དགེ་མཚན་རེ་ཞིག་གསལ་མ་གྱུར། ། ཚུལ་དེར་རིང་ནས་གདུང་བའི་མེ་ལྕེས་སྙིང་གི་ཆུ་གཏེར་ཁོལ་གྱུར་ཅིང༌། ། བསྟན་ལ་གཅིག་ཏུ་དགེ་བའི་ལྷག་བསམ་རབ་དཀར་ལུས་འདེགས་བསྐྱོད་པ་ཅན། ། བློ་ལྡན་ངང་པའི་དེད་དཔོན་འབུམ་ཕྲག་བཤད་སྒྲུབ་ཡོན་ཏན་དར་རྒྱས་པའི། ། མངོན་འདོད་དད་པས་ཉེ་བར་བསྐུལ་ཏེ་རྣམ་གྲོལ་ནོར་བུའི་གླིང་མཆོག་འདིར། ། བི་ཤྭ་ཀརྨའི་འཕྲུལ་ལས་བཏོན་པ་ལྟའི། ། ངོ་མཚར་ཡིག་རིས་དབུ་བའི་འཛུམ་ཕྲེང་ཅན། ། འཛད་མེད་པར་གྱི་མཆོད་ཡོན་ལམ་གསུམ་འབབས། ། འགྲོ་རྒྱུད་ཉེས་པའི་དྲི་མ་སྦྱང་ཕྱིར་བསྐྲུན། ། འདིར་འབད་ལེགས་བྱས་འབུམ་ཕྲག་ཟླ་ཤེལ་གཟུགས། ། གཅིག་ཏུ་བསྡུས་པྲ་ཆེས་དཀར་འོད་སྣང་ཅན། ། གང་དེས་འགྲོ་བ་སྲིད་པའི་མཚོ་ཆེན་ལས། ། བདེ་བླག་བརྒལ་ནས་ཀུན་མཁྱེན་གླིང་བགྲོད་ཤོག ། ཐུབ་བསྟན་བདུད་རྩིའི་ཆུ་གཏེར་བསྲུབས་པའི་བཅུད། ། དགེ་ལྡན་ལུགས་བཟང་ཉིན་མོར་བྱེད་པའི་བདག ། སྔོན་མེད་ལེགས་བཤད་འོད་བརྒྱ་འབར་བའི་གཟིས། ། ས་གསུམ་རྒུད་པའི་མུན་རིམས་དྲུངས་འབྱིན་ཤོག ། རྨད་བྱུང་རྣམ་ཐར་གཙང་མའི་མཛད་བཟང་གིས། ། ལུང་རྟོགས་ཆོས་ཀྱི་སྲིད་ལ་དབང་བསྒྱུར་བ། ། ཟླ་བྲལ་བཤེས་གཉེན་དམ་པའི་ཞབས་སྐྱེས་ནོར། ། སྐལ་བཟང་རལ་པའི་རྒྱན་དུ་རྟག་གནས་ཤོག ། དགེ་བཅུའི་དཔལ་ཡོན་རྫོགས་ལྡན་ལ་འགྲན་བཤད་སྒྲུབ་རླབས་ཕྲེང་མཁའ་ལ་རྩེན། ། བླ་མེད་ཡོན་ཏན་བདུད་རྩིའི་དགའ་སྟོན་དར་ཞིང་རྒྱས་པའི་གླིང་ཆེན་པོར། ། ལུང་རིགས་མགྲིན་པའི་རྫ་རྔ་བརྡུང་མཁས་སྡོམ་བརྩོན་ངང་མོ་འབུམ་ཕྲག་གིས། ། ཡོངས་སུ་གང་བའི་དགེ་མཚན་དཔལ་ནི་དུས་ཀྱི་མཐར་ཡང་ཉམས་མེད་ཤོག། འབྲེལ་ཐོགས་ཀུན་ཀྱང་ཚེ་རབས་པདྨའི་ཕྲེང༌། ། བཤེས་གཉེན་ཉི་མའི་ཟེར་གྱིས་རྟག་བསྐྱངས་ཏེ། ། མི་ཕམ་ཆོས་ཚུལ་རྫོགས་ལྡན་མངོན་པའི་ཚེ། ། ཐེག་མཆོག་སྦྲང་རྩིའི་བཅུད་ཀྱིས་འཚོ་བར་ཤོག ། མདོར་ན་རྒྱལ་བསྟན་ཀུན་གསལ་སྒེག་མོའི་བཞིན་རས་རྣམ་དག་བཤད་སྒྲུབ་ཉི་ཟླའི་སྣང་བས་མཛེས། ། ཚངས་སྤྱོད་འདུས་པའི་པད་ཚལ་ཀུན་ཏུ་བློ་གསལ་རྐང་དྲུག་ཚོགས་རྣམས་ལུང་རིགས་རྩེ་འཇོས་བྲེལ། ། མཐའ་ཀླས་སྐྱེ་རྒུ་ཡོངས་ཀྱི་དད་གུས་ཟུར་ཕུད་སྐྱབས་མཆོག་རིན་ཆེན་རྣམ་གསུམ་ཅོད་པཎ་གྱིས། ། ཉེ་བར་འཁྱུད་པའི་སྐལ་བཟང་དེ་ཡིས་རྒྱལ་ཁམས་ཀུན་ཏུ་དགེ་ལེགས་སྣང་བ་འབར་གྱུར་ཅིག ། ཅེས་རྗེ་རྒྱལ་བ་གཉིས་པའི་ཡོངས་འཛིན་དམ་པ་༧ཤར་ཕྱོགས་རིགས་པའི་དཔའ་བོ་ཆོས་ཀྱི་རྗེ་དོན་གྲུབ་རིན་པོ་ཆེའི་ཞལ་སྔ་ནས་མཛད་པའི་རྒྱུད་བླའི་ཊྰིཀྐ་ལེགས་བཤད་རྨད་དུ་བྱུང་བ་འདི་ཉིད་སྔ་མོ་ནས་དཔེ་རྒྱུན་དཀོན་པར་བརྟེན། ཕྱིས་གདན་སའི་མཁན་པོ་སྟག་དཀར་བ་བློ་བཟང་ཆོས་དབྱིངས་ཀྱིས་དཔེ་འཐོར་མང་པོའི་ཁྲོད་ནས་རྙེད་པ་དབུ་ནས་ཤོག་གྲངས་དྲུག་དང་མཇུག་ནས་གཅིག་མ་ཚང་བ་དེ་ཉིད་ཀྱིས་ཁ་བསྐངས་པར་བཤད། དེ་ལས་ཀྱང་དཔེ་མང་པོ་མ་འཕེལ་བས་ས་འོག་གི་གཏེར་བཞིན་སོང་བ། རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ལོར་བསྟན་འགྲོའི་གཉེན་གཅིག་ཆེན་པོ་༧རྗེ་ཐར་ཤུལ་རིན་པོ་ཆེ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ་དཔལ་བཟང་པོས་སྐུ་གོང་མའི་ཕྱག་དཔེའི་གྲྭས་སུ་བཞུགས་པ་གཡར་པོའི་བཀའ་དྲིན་བསྐྱངས། དེ་ཡང་གོང་འོག་ཀུན་ཏུ་བྲིས་ནོར་རྒྱུན་འབྱམས་སུ་སོང་བ། ཁ་གྱའི་རི་ཁྲོད་པ་དགེ་འདུན་ཕུན་ཚོགས་ཀྱིས་ཞུས་དག་བྱས་ནས་པར་དུ་འགོད་པའི་ཚེ། བསྟན་པའི་སྲོག་ཤིང་ཆེན་པོ་རྣམས་ཀྱིས་པར་ཐེབས་སུ། སྐུ་ཕྱོགས་ཨ་རོལ་རིན་པོ་ཆེ་ནས་གོར་མོ་ཞེ་གཅིག་དང་དོང་ཁྲོན་བརྒྱ་དང་ཉི་ཤུ། སྐུ་ཕྱོགས་ཁོ་ཚེ་རིན་པོ་ཆེ་ནས་དངུལ་སྲང་བཅུ་དང་དོང་ཉིས་བརྒྱ། སྐུ་ཕྱོགས་རྒྱལ་ཚབ་ཚང་ནས་ཕྲུག་གཅིག་དང་དོང་ཁྲོན་ལྔ་བཅུ། སྐུ་ཕྱོགས་ཐལ་ཤུལ་རིན་པོ་ཆེས་དོང་ཁྲོན་ལྔ་བཅུ། སྐུ་ཕྱོགས་ཞྭ་དམར་རིན་པོ་ཆེས་དངུལ་སྲང་གསུམ་དང་ཞོ་ལྔ། སྐུ་ཕྱོགས་བེ་སི་ཚང་དོང་ཁྲོན་བརྒྱ། གཟིམས་ཁང་ཚང་དོང་ཁྲོན་ཉེར་ལྔ། མཁན་པོ་ཚང་གདན་གཅིག ། འཕྱོར་ཚང་མཁན་ཟུར་གདན་གཅིག ། མི་ཉག་མཁན་ཟུར་གྲོ་བྲེ་ཉི་ཤུ། མཁན་པོ་ཁྲི་ཐོག་བས་ཇ་གཅིག ། རྩ་བ་ཆུང་བ་ཚང་གདན་དཀར་གཅིག ། བྲང་ཁང་ཚང་ཇ་གཅིག ། ཆགས་ཀའི་ཞབས་དྲུང་གདན་གཅིག ། བླ་བྲང་ཨ་ལགས་རིན་པོ་ཆེ་ནས་སྒོར་མོ་བཞི་བཅས་ཕུལ་བ་དང༌། དགེ་སློང་སངས་སྐྱབས་ཀྱི་དགེ་རྩ་ལ་དངུལ་སྲང་བཅུ། ས་དཀར་ཆོས་རྗེ་གྲགས་པ་བརྩོན་འགྲུས་དོང་ཁྲོན་བརྒྱ། རྩ་རིང་མོ་རི་ཁྲོད་པ་བློ་བཟང་དཔལ་ལྡན་དངུལ་སྲང་ཉི་ཤུ། རྡི་ཚའི་དགེ་རྒན་དོང་ཁྲོན་བརྒྱ། གླིང་ནས་བསྡོམས་པའི་དོང་ཁྲོན་ལྔ་བརྒྱ་ལྷག་ཙམ། ནང་སོ་མགོན་པོ་ཚེ་རིང་གྲོ་བྲེ་བརྒྱ་དང་དོང་ཁྲོན་བརྒྱ། རྐང་ཚའི་ཆེན་ཧུ་གནས་བརྟན་ནས་དངུལ་སྲང་བཅུ། དོར་སྡེ་གཤོང་གསུམ་སོགས་ཉིན་ཐུབ་རྣམས་ཀྱིས་ཀྱང་འབྲུ་བསོད་དང་བུད་ཤིང་སོགས་ཀྱིས་ཆ་རྐྱེན་སྦྱར་ཏེ་པར་དུ་བརྐོ་བའི་ཚེ། ཡི་གེ་འབྲི་མི་དགོན་ལུང་རི་ཁྲོད་པ་དབང་ཕྱུག་རྒྱ་མཚོ། པར་རྐོན་མཁན་བསྟན་འཛིན་ཕུན་ཚོགས། དགེ་འདུན་ཐབས་མཁས། བློ་བཟང་དོན་ཡོད། རྒྱལ་མཚན་འཕྲིན་ལས། བློ་བཟང་སྦྱིན་པ། དགེ་འདུན་བརྩོན་འགྲུས། དགེ་འདུན་སྦྱིན་པ། བློ་བཟང་ཐབས་མཁས། བསམ་གཏན་རྒྱ་མཚོ། སྔགས་འཆང་ཕག་མོ་ཚེ་རིང༌། དོ་དམ་པ་བཀའ་བཅུ་ཡེ་ཤེས་རྒྱ་མཚོ། བཀའ་བཅུ་ཡེ་ཤེས་གྲགས་པ། བཀའ་བཅུ་དགེ་འདུན་འོད་ཟེར། བཀའ་བཅུ་བློ་བཟང་སྦྱིན་པ། བཀའ་བཅུ་བློ་བཟང་མཆོག་ལྡན། དགེ་སློང་ཚུལ་ཁྲིམས་རབ་རྒྱས། ཇ་མ་དགེ་སློང་བློ་བཟང་ཚུལ་ཁྲིམས་རྣམས་ཀྱིས། བསམ་པ་གྲུ་ནང་མའི་དཔེ་བཞིན་ཕུར་ཐག་བྱས་ཏེ་མཇུག་ལེགས་པར་གྲུབ་པའི་པར་བྱང་སྨོན་ཚིག་འདི་ལྟ་བུ་དགོས་ཞེས་ནན་གྱིས་བསྐུལ་བ་མ་ཟློག་པར་༧ གྱི་ན་པ་དགེ་འདུན་བསྟན་པ་ཕུན་ཚོགས་ཀྱིས་བྲིས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། མངྒ་ལཾ། ། ། །

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག