མདུན་ཤོག- རིག་གནས།- གསུང་འབུམ།

ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས།ལེའུ་གསུམ་པ།

    2015-03-10 10:59

    ལེའུ་གསུམ་པ།ཡོན་ཏན་བཤད་པ།

    གསུམ་པ་ཡོན་ཏན་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དཔེ་དང་ཆོས་མཐུན་སྦྱར་བའོ། ། དང་པོ་ལ་ཡང་བསྟན་པ་དང༌། བཤད་པ་གཉིས་ལས། དང་པོ་ལ་ཡོན་ཏན་གྱི་རྟེན་སྐུ་ནི་རང་དོན་དོན་དམ་པའི་སྐུ་དང་ནི་དེ་ལ་བརྟེན་པ་གཞན་དོན་ཀུན་རྫོབ་པའི་སྐུ་ཉིད་དེ་རྣམ་པ་གཉིས་སོ། ། སྐུ་དེ་དག་ལ་བརྟེན་པའི་ཡོན་ཏན་ནི་བྲལ་བའི་འབྲས་བུ་སྟོབས་ལ་སོག་སེ་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང༌། རྣམ་པར་སྨིན་པའི་འབྲས་བུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཏེ་དབྱེ་བས་དྲུག་ཅུ་རྩ་བཞི་པོ་འདི་དག་གོ་ཞེས་པའོ། ། གཉིས་པ་ལ་ཡང་རྟེན་སྐུ་ནི་བདག་ཉིད་ཀྱི་ནི་དོན་ཕུན་སུམ་ཚོགས་པ་འབྱོར་བའི་གནས་དང་གཞི་ནི་དམ་པའི་དོན་ཞེས་པ་ཆོས་ཀྱི་སྐུ་ཡིན་ཏེ། དྲང་སྲོང་ཞེས་པ་སངས་རྒྱས་རྣམས་ཀྱི་བརྡ་དང་ཐ་སྙད་པའི་གཟུགས་ཀྱི་སྐུ་ནི་ཕ་རོལ་པོ་གདུལ་བྱ་རྣམས་ཀྱི་དོན་ཕུན་སུམ་ཚོགས་པའི་གནས་ཡིན་ནོ། ། བརྟེན་པ་ཡོན་ཏན་ནི་དང་པོ་ཆོས་ཀྱི་སྐུ་ནི་སྤང་བྱ་ལས་གྲོལ་བས་སྟོབས་བཅུ་ལ་སོགས་པས་བྲལ་བའི་ཡོན་ཏན་རྣམས་དང་ལྡན་ནོ། ། གཉིས་པ་གཟུགས་ཀྱི་སྐུ་ནི་དགེ་བའི་འབྲས་བུ་སྨིན་པས་ན་སྐྱེས་བུ་ཆེན་པོའི་མཚན་རྣམ་པར་སྨིན་པའི་ཡོན་ཏན་རྣམས་དང་ལྡན་ནོ། །

    གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྡོམ་དུ་བསྟན་པ་དང་། སོ་སོའི་རང་བཞིན་ནོ། །

    དང་པོ་སྡོམ་ནི། སྟོབས་བཅུ་པོ་ཉིད་ནི་མ་རིག་པ་ལ་སོགས་པའི་སྒྲིབ་པ་འཇོམས་པ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱི་རྡོ་རྗེ་བཞིན་ནོ། ། མི་འཇིགས་པ་བཞི་ཉིད་ནི་འཁོར་གྱི་ནང་དུ་ཆོས་སྟོན་པ་ལ་བག་ཚ་བ་མེད་པས་སེང་གེ་བཞིན་ནོ། ། དེ་བཞིན་གཤེགས་པའི་མ་འདྲེས་པའི་ཆོས་བཅོ་བརྒྱད་ནི་གཞན་དང་ཐུན་མོང་མ་ཡིན་པས་ནམ་མཁའ་བཞིན་ཏེ། ཐུབ་པའི་གཟུགས་ཀྱི་སྐུ་བསྟན་པ་རྣམ་པ་གཉིས་ནི་གདུལ་བྱ་རྒྱུད་དག་པ་ལ་སྣང་བས་ཆུ་དང་ནམ་མཁའ་ལ་ཤར་བའི་ཟླ་བ་བཞིན་ནོ། །

    གཉིས་པ་ལ་གསུམ་སྟེ། བྲལ་བའི་ཡོན་ཏན་དང༌། སྨིན་པའི་ཡོན་ཏན་དང༌། ལུང་དང་སྦྱར་བའོ། ། དང་པོ་ལ་གཉིས་ཏེ། སྤྱིའི་རྣམ་གཞག་དང༌། གཞུང་གི་དོན་ནོ། ། དང་པོ་ལ་གཉིས་ཏེ། གཞན་གྱི་འདོད་པ་བརྗོད་པ་དང༌། འཐད་པས་གྲུབ་པའི་དོན་དགོད་པའོ། ། དང་པོ་ནི། དབུ་མ་པ་ཁ་ཅིག་ན་རེ། སངས་རྒྱས་པའི་ཚེ་ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་པ་ཡོད་པ་མི་འཐད་དེ། དེའི་རྒྱུ་མཚན་རིག་པ་མ་རིག་པའི་ཁྱབ་བྱ་ཡིན་པས་ས་བཅུ་རྒྱུན་གྱི་ཐ་མར་ཁྱབ་བྱེད་མ་རིག་པ་ལོག་པ་ནི་ཁྱབ་བྱ་རིག་པ་ཙམ་ལྡོག་པའི་ཕྱིར་རོ། ། དེས་ན་སངས་རྒྱས་པའི་ཚེ་ཡུལ་དང་ཡུལ་ཅན་གྱི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་ཏེ། དེ་ཚེ་རྣམ་པ་གཞན་མེད་པས། ། དམིགས་པ་མེད་པར་རབ་ཏུ་ཞི། ། ཞེས་པ་དང༌། དབུ་མ་འཇུག་པ་ལས། སེམས་འགགས་པས་དེ་སྐུ་ཡིས་མངོན་སུམ་མཛད། ། ཅེས་གསུངས་སོ་ཞེས་ཟེར་རོ། ། འདི་ལ་ཁ་ཅིག་ན་རེ། དེ་ལྟར་ན་སངས་རྒྱས་ཀྱི་ས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མེད་ན་གདུལ་བྱའི་བློ་དང་འཚམས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་འཐད་པ་ལས། བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། ། ཞེས་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསུངས་ལ། དེ་ཉིད་རྣམ་མཁྱེན་གྱི་ཡེ་ཤེས་ལ་བརྟེན་པར་ངེས་ཏེ། མདོ་ལས། དེ་བཞིན་གཤེགས་པས་ཆོས་བསྟན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་པ་ཡིན་ཏེ། ཞེས་སོ། ། ཡེ་ཤེས་མེད་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་གདུལ་བྱའི་བློའི་སྣང་བ་ཙམ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་རིགས་ཏེ། དེ་ལྟར་ན་བདེ་བར་གཤེགས་པའི་གསུང་རབ་ལ་ཐུན་མོང་དུ་གདུལ་བྱ་རྣམས་ལ་ཡིད་ཆེས་པའི་སྒྲུབ་བྱེད་དང་གནོད་བྱེད་ཀྱི་ལུང་དུ་ཡང་མི་འགྱུར་ཏེ། རང་རང་གི་བློའི་སྣང་བ་ཙམ་ཡིན་པའི་ཕྱིར་རོ། ། དཔེར་ན་རང་གི་རྣམ་པར་རྟོག་པས་བཀོད་པའི་ཚིག་བཞིན་ནོ། ། ཞེས་འགོག་པར་མཛད་དོ། ། ཡང་འགའ་ཞིག་ན་རེ། གལ་ཏེ་སངས་རྒྱས་ལ་ཡེ་ཤེས་ཡོད་མོད་དེས་དག་པའི་སྣོད་དང་བཅུད་མཁྱེན་ཡང་མ་དག་པའི་སྣོད་བཅུད་མི་མཁྱེན་ཏེ། དེ་དག་ནི་སེམས་ཅན་གྱི་ཉོན་མོངས་པ་དང་ལས་ཀྱིས་སྣང་བ་ཡིན་པའི་ཕྱིར་དང༌། སངས་རྒྱས་ལ་ནི་མ་དག་པའི་སྣང་བ་ཐམས་ཅད་རྣམ་པར་དག་པར་གནས་གྱུར་པར་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། ། དེ་ཡང་མ་ཡིན་ཏེ། མ་དག་པའི་སྣོད་དང་བཅུད་ཀྱི་སེམས་ཅན་དེ་དག་ཤེས་བྱ་ལ་ཡོད་ན། ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མི་མཁྱེན་པ་མི་སྲིད་ལ་ཡོད་ཀྱང་མ་མཁྱེན་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཇིག་གོ། གལ་ཏེ་མེད་ན་འཁོར་བ་མེད་པས་མྱ་ངན་ལས་འདས་པའང་མེད་པར་འགྱུར་ཏེ། དེ་གཉིས་ཕན་ཚུན་བལྟོས་ནས་བཞག་པས་སོ། ། འོ་ན་མ་དག་པའི་སྣང་བ་དེ་མཁྱེན་ན། སངས་རྒྱས་ལ་མ་དག་པ་མངའ་འམ། དེ་ལྟར་ན་སྒྲིབ་པ་ཡོད་པར་འགྱུར་རམ་ཞེ་ན། མ་དག་པའི་སྣང་བ་མཁྱེན་ཡང་སྒྲིབ་པ་དང་བཅས་པར་མི་འགྱུར་ཏེ། དེ་རང་གི་ལས་ཀྱི་སྣང་བ་མ་ཡིན་པའི་ཕྱིར་རོ། ། དཔེར་ན་ཆུ་དྭངས་པའི་ནང་དུ་དུད་འགྲོའི་གཟུགས་བརྙན་ཤར་བ་མི་ལ་སྣང་ཡང་མི་དུད་འགྲོར་མི་འགྱུར་བ་བཞིན་ནོ། ། མ་དག་པའི་སྣང་བ་གནས་གྱུར་པ་ནི། རང་གི་གནས་དང་དོན་དང་ལུས་སུ་སྣང་བ་གནས་གྱུར་པ་ཡིན་གྱི་གཞན་གྱིས་དེ་དག་གནས་གྱུར་པ་ནི་མ་ཡིན་ཏེ། དཔེར་ན་འདོད་པའི་ལྷ་ལ་ངན་སོང་བའི་གནས་དོན་ལུས་སུ་སྣང་བ་ཡུལ་དུ་བྱེད་པ་མི་འགལ་བ་བཞིན་ནོ། །

    གཉིས་པ་འཐད་པས་གྲུབ་པའི་དོན་དགོད་པ་ལ་གསུམ་སྟེ། ཡེ་ཤེས་ཀྱི་དབྱེ་བ། ཤེས་བྱ་མཁྱེན་ཚུལ། འཐོབ་པའི་རྒྱུའོ། །

    དང་པོ་ལ་ཇི་ལྟ་བ་མཁྱེན་པ་དང༌། ཇི་སྙེད་པ་མཁྱེན་པའི་ཚུལ་གཉིས་ལས། དང་པོ་ནི་ཤེས་བྱའི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ནམ་མཁའ་ལྟ་བུར་འགའ་ཡང་གཟིགས་པ་མེད་པའི་ཚུལ་གྱིས་མཁྱེན་པ་ཡིན་ཏེ། མདོ་ལས། ཆོས་གཅིག་མཁྱེན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། ཆོས་ཉིད་ཞི་བའི་རྣམ་པས་སོ། ། ཞེས་སོ། ། གཉིས་པ་ལ་གསུམ་སྟེ། སྤྱིའི་མཚན་ཉིད། ཐུན་མོང་གི་དབྱེ་བ། སོ་སོའི་རང་བཞིན་ནོ། ། དང་པོ་ནི་ངོ་བོ་དང་རྒྱུ་འབྲས་ལ་སོགས་པ་ཤེས་བྱའི་རྣམ་པ་ཐམས་ཅད་མ་ལུས་པར་སྒྱུ་མ་ལྟ་བུར་མངོན་སུམ་དུ་མཁྱེན་པ་ཡིན་ཏེ། མདོ་ལས། རྣམ་པ་གང་དག་དང་རྟགས་གང་དག་དང་མཚན་མ་གང་གི་ཆོས་རྣམས་རབ་ཏུ་བརྗོད་པའི་རྣམ་པ་དེ་དག་དང་མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ་ཞེས་སོ༑། གཉིས་པ་ནི། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་བཞི་སྟེ། མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པའི་ཡེ་ཤེས་སོ། ། དེ་ལ་དང་པོ་ནི་ཕྱི་མ་གསུམ་གྱི་རྟེན་ཡིན་ཀྱང་སྐད་ཅིག་བར་མ་ཆད་པར་འཇུག་པས་མི་གཡོ་བའོ། ། ཕྱི་མ་གསུམ་ནི་དེ་ལ་བརྟེན་པ་དང་རེས་འགའ་བ་ཡིན་པས་གཡོ་བ་སྟེ། རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་བ། ། ཡེ་ཤེས་གསུམ་ནི་དེ་ལ་བརྟེན། ། མཉམ་པ་ཉིད་དང་སོ་སོར་རྟོག། བྱ་བ་སྒྲུབ་པ་ཁོ་ནའོ། ། ཞེས་སོ། ། ཡེ་ཤེས་འདི་ལས་དང་ཉོན་མོངས་པ་དང་སྐྱེ་བའི་ཉོན་མོངས་པ་སྟེ་གསུམ་པོ་དེ་དག་ལས་གྲོལ་བ་ཙམ་དུ་ཉན་རང་གི་ཡེ་ཤེས་དང་འདྲ་ཡང༌། སེམས་བསྐྱེད་དང་སྨོན་ལམ་ལ་སོགས་པའི་ཐབས་ཁྱད་པར་ཅན་བསམ་གྱིས་མི་ཁྱབ་པ་ཡུན་རིང་དུ་གོམས་པར་བྱས་པ་ལས་བྱུང་བས་དེ་དག་གི་ཡེ་ཤེས་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རྒྱན་ལས། ཇི་ལྟར་མདུད་པའི་དབང་གིས་ན། ། གོས་ལ་ཚོན་བཀྲ་མི་བཀྲ་བ། ། དེ་བཞིན་འཕེན་པའི་དབང་གིས་ན། ། གྲོལ་བའི་ཡེ་ཤེས་བཀྲ་མི་བཀྲ། ། ཞེས་སོ། །

    གསུམ་པ་ལ་བཞི་ལས། དང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་ལྔ་དང་ལྡན་པ་ཡིན་ཏེ། སངས་རྒྱས་རྣམས་ནི་སྣང་བཅས་ཀྱི་ཡེ་ཤེས་མ་འདྲེས་ཀྱང་རང་བཞིན་གྱིས་ཕྱོགས་དང་རིས་སུ་བཅད་པ་མེད་པས་རྒྱུད་ཡོངས་སུ་མ་ཆད་པ་དང༌། ཡུལ་དེ་ན་ཡོད་ན་ཤེས་ལ་གཞན་དུ་ཕྱིན་ན་ནི་མི་ཤེས་པ་མེད་པས་ཡུལ་ཡོངས་སུ་མ་ཆད་པ་དང༌། སྐད་ཅིག་བར་མ་ཆད་པའི་མཐར་ཐུག་པ་མེད་པས་དུས་མ་ཆད་པ་དང༌། གཟུགས་ནས་རྣམ་མཁྱེན་གྱི་བར་མ་ལུས་པ་མཁྱེན་པས་དམིགས་པ་མ་ཆད་པ་དང༌། དོན་གྱི་ཤེས་པ་ལ་རྣམ་པ་འཇོག་པ་ལ་མི་ལྟོས་པར་ཤེས་བྱ་ལ་ཡོད་ཙམ་གྱིས་མཁྱེན་པས་རྣམ་པ་སོ་སོར་མ་ཆད་པ་སྟེ་རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡིར་མེད། ། ཡོངས་སུ་མ་ཆད་རྟག་ཏུ་ལྡན༑། ཤེས་བྱ་ཀུན་ལ་མ་རྨོངས་ལ། ། རྟག་ཏུ་དེ་ལ་མངོན་ཕྱོགས་མིན། ། ཞེས་སོ། ། རིན་པོ་ཆེའི་འབྱུང་ཁུངས་ནས་རིན་པོ་ཆེ་ཐམས་ཅད་འབྱུང་བ་ལྟར་ཡེ་ཤེས་གཞན་གསུམ་ཡང་ཡེ་ཤེས་འདི་ལ་བརྟེན་ནས་འབྱུང་བ་དང༌། རང་ཉིད་ཟབ་མོ་མངོན་པར་རྟོགས་པར་བྱང་ཆུབ་པས་རང་དོན་གྱི་ལོངས་སྤྱོད་རྫོགས་པ་དངོས་ཡིན་ཡང༌། གདུལ་བྱ་ལ་མཚན་དཔེས་བརྒྱན་པའི་ཆོས་སྟོན་པར་སྣང་བ་འབྱུང་བས་གཞན་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བའི་རྒྱུ་ཡིན་ལ། ཇི་ལྟར་མེ་ལོང་གཡའ་དག་པ་ལ་བཞིན་དང་ཕྲད་ན་གཟུགས་བརྙན་འབྱུང་བ་ལྟར༑ཡེ་ཤེས་འདི་ལའང་གདུལ་བྱ་དང་ཕྲད་ན་ཡེ་ཤེས་གཞན་གསུམ་གཟུགས་བརྙན་གྱི་ཚུལ་དུ་འབྱུང་བས་མེ་ལོང་ལྟ་བུ་ཞེས་བྱ་སྟེ། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། ། ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། ། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི། ། ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་རོ། ། ཞེས་སོ། །

    གཉིས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རྒྱུ་སློབ་པའི་ལམ་དུ་བདག་གཞན་མཉམ་པ་ཉིད་ཀྱི་ཐུགས་རྗེ་གོམས་པར་བྱས་པ་ལས་སངས་རྒྱས་པའི་ཚེ་འཁོར་འདས་ཀྱི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་སྟེ། མཉམ་ཉིད་ཡེ་ཤེས་སེམས་ཅན་ལ། ། བསྒོམ་པ་དག་པ་ལས་འདོད་དོ། ། མི་གནས་ཞི་བར་ཞུགས་པ་ནི། ། མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། ། ཅེས་དང༌། དུས་ཐམས་ཅད་དུ་བྱམས་པ་དང་ཐུགས་རྗེའི་ཡོན་ཏན་དང་ལྡན་པས་གདུལ་བྱའི་བསམ་པ་དང་མཐུན་པར་གཟུགས་སྐུའི་སྣང་བ་སྟོན་པའི་མཛད་པ་ཅན་ཡིན་ཏེ། དུས་རྣམས་ཀུན་ཏུ་བྱམས་པ་དང༌། ། ཐུགས་རྗེ་ཆེན་པོ་དག་དང་ལྡན། ། སེམས་ཅན་རྣམས་ལ་མོས་པ་བཞིན། ། སངས་རྒྱས་སྐུ་ནི་ངེས་པར་སྟོན༑། ཞེས་སོ། །

    གསུམ་པ་སོ་སོར་རྟོག་པའི་ཡེ་ཤེས་ནི། ། ཤེས་བྱ་ཀུན་ལ་ཐོགས་པ་མེད་པའི་ཡེ་ཤེས་གདུལ་བྱ་དང་ཕྲད་དེ་ཆོས་སྟོན་པ་ན་དོན་དང་ཆོས་དང་ངེས་པའི་ཚིག་དང་སྤོབས་པ་ཐོགས་པ་མེད་པའི་ཡེ་ཤེས་ཏེ། ལྡོག་པའི་ཆ་དེ་ལ་བྱ་ཡི་གཞན་དུ་ན་མེ་ལོང་ལྟ་བུ་དང་ཐ་དད་མེད་པར་འགྱུར་རོ། ། སོ་སོར་རྟོག་པའི་ཡེ་ཤེས་ནི། ། ཤེས་བྱ་ཀུན་ལ་རྟག་མི་ཐོགས། ། ཞེས་སོ། ། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། ། གཏེར་དང་འདྲ་བ་ཁོ་ན་ཡིན། ། ཞེས་སོ། ། མཛད་པ་ནི་ས་བཅུའི་འཁོར་གྱི་དཀྱིལ་འཁོར་དུ་སྐུའི་འབྱོར་པ་ཕུན་སུམ་ཚོགས་པ་སྟོན་པ་དང༌། ཐེ་ཚོམ་ཐམས་ཅད་གཅོད་པའི་ཆོས་ཀྱི་ཆར་འབེབ་པ་སྟེ། འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། ། འབྱོར་པ་ཐམས་ཅད་སྟོན་མཛད་ཅིང༌། ། ཐེ་ཚོམ་ཐམས་ཅད་གཅོད་མཛད་པའི། ། ཆོས་ཆེན་ཆར་ནི་རབ་ཏུ་འབེབས། ། ཞེས་སོ། །

    བཞི་པ་བྱ་བ་གྲུབ་པའི་ཡེ་ཤེས་ནི། ཡེ་ཤེས་གང་གིས་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྤྲུལ་པ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་སྣ་ཚོགས་སྒྲུབ་པ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ནི། ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང༌། ། དཔག་མེད་བསམ་ཡས་སྤྲུལ་བ་ཡིས། ། སེམས་ཅན་དོན་ཀུན་སྒྲུབ་པའོ། ། ཞེས་སོ། ། མཛད་པ་ནི་གདུལ་བྱའི་དོན་བྱ་བའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང༌། དེ་རེ་རེ་ལ་ཡང་གྲངས་བསམ་གྱིས་མི་ཁྱབ་པ་དང༌། འཕྲིན་ལས་མཛད་པའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་སྟེ། སངས་རྒྱས་སྤྲུལ་བ་དེ་རྟག་ཏུ། ། མཛད་པ་གྲུབ་པའི་བྱེ་བྲག་དང་༑། གྲངས་དང་ཞིང་གིས་རྣམ་ཀུན་ཏུ། ། བསམ་གྱིས་མི་ཁྱབ་ཤེས་པར་བྱ། ། ཞེས་སོ། །

    གཉིས་པ་ཤེས་བྱ་དེ་དག་མཁྱེན་པའི་ཚུལ་ལ། ཉན་ཐོས་སྡེ་བ་དག་སངས་རྒྱས་ཀྱི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཤེས་བྱ་ཐམས་ཅད་དུས་གཅིག་ལ་མཁྱེན་པ་ནི་མ་ཡིན་གྱི་རྒྱུན་རིམ་གྱིས་འཇུག་པ་ཡིན་ཏེ། མཛོད་ལས། རྒྱུན་གྱི་འཇུག་པའི་ཕྱིར་ན་དཔེར། ། མེ་ཡིས་ནགས་ཚལ་བསྲེགས་འདོད་ལྟར། ། དེ་བཞིན་ཐམས་ཅད་མཁྱེན་པར་འདོད། ། ཐམས་ཅད་ཅིག་ཅར་མཁྱེན་ཕྱིར་མིན། ། ཞེས་དཔེར་ན་མེས་ནགས་ཚལ་ཐམས་ཅད་རིམ་གྱིས་བསྲེགས་པ་བཞིན་ནོ་ཞེས་ཟེར་རོ། ། ཡང་ཁ་ཅིག་ན་རེ། ད་ལྟར་བའི་ཤེས་བྱ་དངོས་སུ་མཁྱེན་པས་འདས་པ་དང་མ་འོངས་པའི་ཤེས་བྱ་ཤུགས་ལ་མཁྱེན་པ་ཡིན་ཟེར་རོ། ། ཡང་འགའ་ཞིག་ནི། ཇི་ལྟ་བ་མཁྱེན་པའི་ཚུལ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཉམ་པར་བཞག་པ་ལས་མ་གཡོས་བཞིན་དུ་ཤེས་བྱའི་རྣམ་པ་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་སྒྱུ་མ་ལྟ་བུ་མངོན་སུམ་དུ་མཁྱེན་པས་སྐྱེ་བ་དང་འགག་པ་ལ་སོགས་པར་འཛིན་པའི་སྒྲོ་འདོགས་ཐམས་ཅད་ཤུགས་ལ་ཆོད་པ་ཡིན་ཞེས་ཟེར་རོ། ། དེ་དག་ཐམས་ཅད་རང་རང་གི་བློའི་འདོད་ཚུལ་མ་གཏོགས་པ་མཐའ་གཅིག་ཏུ་ངེས་པར་མི་ནུས་སོ། ། འོན་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཀྱང་དུས་གསུམ་གྱི་ཤེས་བྱ་ཐམས་ཅད་སྐད་ཅིག་མ་གཅིག་ལ་མཁྱེན་པ་ཡིན་ཏེ། དུས་ལ་སོགས་པ་ཤེས་བྱ་གང་ལ་ལྟོས་ནས་ཀྱང་གེགས་སྒྲིབ་པ་ཐམས་ཅད་བྲལ་བའི་ཡེ་ཤེས་ཡིན་པའི་ཕྱིར་རོ། ། དབུ་མ་བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང༌། ། ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། ། ཞེས་སོ། །

    གསུམ་པ་དེ་དག་གི་རྒྱུ་ལ་གཉིས་ལས་གནས་གྱུར་གྱི་རྒྱུ་ནི། མ་དག་པའི་དུས་ཀྱི་རྣམ་ཤེས་བརྒྱད་རྟེན་དང་བཅས་པ་ཡེ་ཤེས་བཞི་འཁོར་དང་བཅས་པར་གནས་གྱུར་པ་ཡིན་ཏེ། སྐུ་གསུམ་ལ་འཇུག་པའི་མདོ་ལས། ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། ། ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། ། ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། ། སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། ། ཞེས་སོ། ། དེ་ལ་ཤེས་པ་དེ་དག་གི་རང་བཞིན་གློ་བུར་གྱི་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དེ་དྲི་མ་རྣམ་པར་དག་པར་གནས་གྱུར་པ་ཡིན་གྱི། ཤེས་པ་དེ་དག་གནས་གྱུར་པ་ནི་མ་ཡིན་ཏེ་དེ་དག་ནི་དག་བྱའི་དྲི་མ་ཡིན་པའི་ཕྱིར་རོ། ། མདོ་སྡེ་རྒྱན་ལས་ཤེས་པ་དེ་དག་གནས་གྱུར་པར་བཤད་པ་ནི་རྣམ་པ་གསལ་བར་མཚོན་པ་ཙམ་ཡིན་ནོ། ། སྒྲུབ་བྱེད་ཀྱི་རྒྱུ་ནི། སློབ་ལམ་དུ་ཐེག་པ་ཆེན་པོའི་མདོ་སྡེ་འབུམ་ཕྲག་དུ་མ་ཐོས་ནས་བཟུང་བས་མེ་ལོང་ལྟ་བུའི་ཡེ་ཤེས་འཐོབ་ལ། བདག་གཞན་མཉམ་པ་ཉིད་དུ་བསྒོམ་པ་དག་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་འཐོབ་པ་དང༌། རང་གིས་ཐོས་པའི་ཆོས་གདུལ་བྱ་ལ་དཔེ་མཁྱུད་མེད་པར་སྟོན་པས་སོ་(༡༤༡བ)སོར་རྟོག་པའི་ཡེ་ཤེས་འཐོབ་པ་དང༌། གཞན་གྱི་དོན་སྒྲུབ་པའི་གྲོགས་བྱས་པས་བྱ་བ་གྲུབ་པའི་ཡེ་ཤེས་འབྱུང་སྟེ། རྒྱན་ལས། འཛིན་པའི་ཕྱིར་དང་སེམས་མཉམ་དང༌། ། ཡང་དག་ཆོས་རབ་སྟོན་ཕྱིར་དང༌། ། བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར། ། ཡེ་ཤེས་བཞི་པོ་ཡང་དག་འབྱུང༌། ། ཞེས་སོ། །

    གཉིས་པ་གཞུང་དོན་ལ་གསུམ་སྟེ། སྟོབས་བཅུ། མི་འཇིགས་པ་བཞི༑མ་འདྲེས་པ་བཅོ་བརྒྱད་དོ། ། དང་པོ་ལ་གཉིས་ལས། དང་པོ་ནི་སྟོབས་ཞེས་པ་དབྱེ་བའི་གཞི་ཡིན་ལ་རྣམ་པ་བཅུ་ཞེས་པ་གྲངས་ཀྱི་དབྱེ་བའོ། ། བཅུ་སོ་སོའི་ངོ་བོ་ནི་གནས་དང་ཞེས་པ་སྟེ། དེ་ལ་གནས་དང་གནས་མ་ཡིན་པ་ནི་སྲིད་པ་དང་མི་སྲིད་པ་སྟེ། རྫོགས་པའི་སངས་རྒྱས་དང་རང་སངས་རྒྱས་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་གསུམ་ནི་སྐྱེས་པའི་རྟེན་ལ་འབྱུང་སྲིད་ཀྱི་བུད་མེད་ཀྱི་རྟེན་ལ་མི་སྲིད་པ་ལྟ་བུའོ། ། དེ་མཁྱེན་པའི་སྟོབས་ནི་མཁྱེན་པའི་ཡེ་ཤེས་ཏེ་དེས་རང་རྒྱུད་ཀྱི་སྒྲིབ་པ་བཅོམ་ནས་གཞན་གྱི་སྒྲིབ་པ་འཇོམས་པའི་ནུས་པ་ཐོབ་པས་གཞན་ཟིལ་གྱིས་གནོན་པར་ནུས་པས་ན་སྟོབས་ཞེས་བྱའོ། ། དེ་ནི་བྱང་ཆུབ་ཀྱི་སེམས་དང་བྱང་ཆུབ་སེམས་དཔའི་སྡོམ་པ་བརྟན་པ་ལས་གྲུབ་བོ། ། ལས་རྣམས་ཀྱི་རྣམ་པར་སྨིན་པ་སོ་སོར་ངེས་པ་མཁྱེན་པ་སྟེ། དགེ་བ་སྤྱད་པས་བདེ་བ་འབྱུང་ལ་མི་དགེ་བ་སྤྱད་པས་སྡུག་བསྔལ་འབྱུང་བ་ལྟ་བུའོ། ། དེ་ནི་ལས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་ལས་གྲུབ་བོ། ། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ནི་ཐེག་ཆེན་དབང་པོ་མཆོག་དང་ཐེག་དམན་དབང་པོ་མཆོག་མ་ཡིན་པར་མཁྱེན་པ་ལྟ་བུ་སྟེ། སྔོན་དབང་པོའི་རིམ་པ་དང་མཐུན་པར་ཆོས་སྟོན་ཅིང་ཞུགས་པ་ལས་གྲུབ་བོ། ། ཁམས་སྣ་ཚོགས་པ་རྣམས་མཁྱེན་པའི་སྟོབས་ནི་ཐེག་པ་གསུམ་གྱི་རིགས་ཐ་དད་པ་མཁྱེན་པ་ལྟ་བུ་ནི། སྔོན་ཁམས་དང་མཐུན་པར་ཞུགས་པ་ལས་གྲུབ་བོ། ། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་ནི་བསམ་པའི་བྱེ་བྲག་གིས་ཐེག་པ་གསུམ་ལ་མོས་པ་ཐ་དད་པ་མཁྱེན་པ་ལྟ་བུ་སྟེ། སྔོན་མོས་པ་ཇི་ལྟ་བ་བཞིན་དུ་ཞུགས་པ་ལས་གྲུབ་བོ། །

    ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ནི་འབྲས་བུ་བྱང་ཆུབ་གསུམ་དུ་འགྲོ་བའི་ཐེག་པ་གསུམ་གྱི་ལམ་ཐ་དད་པ་མཁྱེན་པ་ལྟ་བུ་སྟེ། སྔོན་ཐེག་པ་ཐམས་ཅད་ལས་གོམས་པར་བྱས་པ་ལས་གྲུབ་བོ། ། བསམ་གཏན་སོགས་ཞེས་པ་གཟུགས་མེད་པ་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཉོན་མོངས་པ་ཅན་ནི་བསམ་གཏན་ལ་སོགས་པ་དངོས་གཞིའི་སེམས་དེ་ལ་བརྟེན་པ་སྲེད་པ་ཤས་ཆེ་བས་ཏིང་ངེ་འཛིན་གྱི་བདེ་བ་ལ་ཞེན་པ་དང༌། ལྟ་བ་ཤས་ཆེ་བར་གྱུར་པས་ལྟ་བ་ངན་པའི་གནས་སམ་རྟེན་བྱེད་པ་དང༌། ང་རྒྱལ་ཤས་ཆེ་བར་གྱུར་པས་ཡོན་ཏན་གྱིས་སེམས་ཁེངས་པ་དང༌། མ་རིག་པ་ཤས་ཆེ་བར་གྱུར་པས་དེ་ཁོ་ན་ཉིད་མ་རྟོགས་པ་དང༌། ཐེ་ཚོམ་ཤས་ཆེ་བར་གྱུར་པས་ཐར་པའི་ལམ་ལ་ཐེ་ཚོམ་ཟ་བ་སྟེ་ཉོན་མོངས་པ་ཅན་ལྔ་དང༌། དྲི་མ་མེད་པ་ནི་རྣམ་པར་བྱང་བ་སྟེ། བསམ་གཏན་གཟུགས་མེད་ཀྱི་དངོས་གཞི་འཇིག་རྟེན་པ་ཡིན་ཀྱང་སྔར་གྱི་ཀུན་ནས་དཀྲིས་པའི་དྲི་མ་དེ་དག་དང་བྲལ་ཞིང་ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི་དོན་དུ་ཏིང་ངེ་འཛིན་ལས་སུ་རུང་བ་དེ་དག་ཇི་ལྟ་བ་བཞིན་མཁྱེན་པའི་སྟོབས་ཏེ། སྔོན་ཏིང་ངེ་འཛིན་ལྷུར་ལེན་པ་ལས་གྲུབ་བོ། ། སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་ནི་རང་དང་གཞན་གྱི་ཚེ་རབས་སྔ་མ་རྣམས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་སྟེ། སྔོན་གྱི་དགེ་བ་ཆུད་མ་གསན་པ་ལས་གྲུབ་བོ། ། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་ནི་ལྷའི་མིག་གི་མངོན་པར་ཤེས་པ་སྟེ། སེམས་ཅན་ལ་སྣང་བར་གྱུར་ཅིང་ཐམས་ཅད་ལ་དོན་ཇི་ལྟ་བ་བཞིན་བསྟན་པ་ལས་གྲུབ་བོ། ། ཞི་བ་དག་མཁྱེན་པའི་སྟོབས་ནི་ཟག་པ་ཟད་པའི་མངོན་པར་ཤེས་པ་སྟེ། ཟག་པ་ཟད་པའི་དོན་དུ་ཆོས་བསྟན་པ་ལས་གྲུབ་བོ། ། གཉིས་པ་དཔེ་དང་སྦྱར་བ་ནི་གནས་དང་གནས་མིན་མཁྱེན་པ་དང༌། ལས་ཀྱི་རྣམ་སྨིན་དང༌། ཁམས་དུ་མ་དང༌། གདུལ་བྱ་འགྲོ་བའི་མོས་པ་ཐ་དད་པ་དང༌། ཐར་པའི་ལམ་སྣ་ཚོགས་པ་དང༌། བསམ་གཏན་ལ་སོགས་ཉོན་མོངས་པ་ཅན་དང་རྣམ་པར་བྱང་བ་སྟེ་དག་པ་བ་མཁྱེན་པའི་སྟོབས་གང་ཡིན་པ་དེ་ནི་མི་ཤེས་པ་སྟེ་ཤེས་བྱའི་སྒྲིབ་པའི་གོ་ཆ་སྲ་བ་འབིགས་པའི་ཕྱིར་ལྷ་མ་ཡིན་གྱི་གོ་ཆ་འབིགས་པའི་ལྷའི་དབང་པོའི་རྡོ་རྗེ་བཞིན་ནོ། ། དབང་པོ་རྣོ་རྟུལ་གྱི་ཚོགས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། ལྷའི་མིག་གི་སྟོབས་ཀྱིས་སྙོམས་པར་འཇུག་པའི་སྒྲིབ་པ་རྩིག་པ་བརྟན་པོ་དང་འདྲ་བ་གཞིག་པའི་ཕྱིར་ལྷ་མ་ཡིན་གྱི་རྩིག་པ་གཞིག་པའི་རྡོ་རྗེ་བཞིན་ནོ། ། ཟག་པ་ཟད་པའི་ཚུལ་མཁྱེན་པའི་སྟོབས་ཀྱིས་ཉོན་མོངས་པ་བག་ཆགས་དང་བཅས་པའི་ཤིང་རྣམས་གཅོད་པའི་ཕྱིར་ལྷ་མ་ཡིན་གྱི་ནགས་འཐིབས་པོ་གཅོད་པའི་རྡོ་རྗེ་བཞིན་ནོ། །

    གཉིས་པ་མི་འཇིགས་པ་ལ་གསུམ་ལས། དང་པོ་རང་གི་ངོ་བོ་ནི། མི་འཇིགས་པ་ནི་ཞེས་པ་དབྱེ་བའི་གཞི་ཡིན་ལ་དེ་ལ་རྣམ་པ་བཞི་ཞེས་པ་གྲངས་སོ། ། བཞི་པོའི་ངོ་བོ་གང་ཡིན་ན། རང་དོན་གྱི་རྟོགས་པ་ལ་དམ་བཅའ་བ་ནི་རང་ཉིད་ཀྱི་ཤེས་བྱའི་ཆོས་ཀུན་རྫོགས་པར་ཏེ་མ་ལུས་པར་བྱང་ཆུབ་སྟེ་ཐུགས་སུ་ཆུད་ཅེས་པ་དང༌། གཞན་དོན་དུ་སྤང་བྱ་བར་དུ་གཅོད་པའི་ཆོས་ལུང་སྟོན་པ་ནི་ཐར་པའི་གེགསའདོད་ཆགས་ལ་སོགས་པ་ནི་ལམ་འགོག་པར་བྱེད་པ་སྟེ་མི་མཐུན་ཕྱོགས་ཡིན་ནོ་ཞེས་སྟོན་པར་བྱེད་དེ། དགེ་སློང་དག་འདོད་ཆགས་ཀྱིས་ནི་ཚངས་པའི་འཇིག་རྟེན་ལའང་བར་དུ་གཅོད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ལྟ་ཅི་སྨོས་ཞེས་སོ། ། གཉེན་པོ་ལུང་སྟོན་པ་ནི་ཐེག་པ་གསུམ་གྱི་ལམ་གྱིས་ནི་སྤང་བྱ་ལས་ངེས་པར་འབྱུང་ངོ་ཞེས་ལམ་དུ་སྟོན་ཅིང་དམ་བཅའ་བ་དང༌། རང་དོན་གྱི་སྤངས་པ་ལ་དམ་བཅའ་བ་ནི་འགོག་པ་སྟོན་པ་སྟེ་ང་ནི་སྤང་བྱ་ཐམས་ཅད་སྤངས་པའོ། ། ཞེས་སོ། ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའ། འཁོར་གྱི་ནང་དུ་སེསྒེའི་སྒྲ་བསྒྲགས་པ་ལ། འགྲོ་བས་ཁྱད་པར་དུ་འཕགས་པ་ལྷ་དང༌། དབང་ཕྱུག་གྱིས་ཁྱད་པར་དུ་འཕགས་པ་བདུད་དང༌། རྣམ་པར་དག་པས་ཁྱད་པར་དུ་འཕགས་པ་ཚངས་པ་དང༌། རྟོག་གེས་ཁྱད་པར་དུ་འཕགས་པ་དགེ་སྦྱོང་དང་བྲམ་ཟེ་གང་གིས་ཀྱང་ཤེས་བྱ་འདི་མི་མཁྱེན་ཞེས་པ་དང༌། ཉོན་མོངས་པ་འདིས་བར་དུ་མི་གཅོད་ཅེས་པ་དང༌། མཁྱེན་པ་འདིས་སྤང་བྱ་སྤོང་མི་ནུས་ཞེས་པ་དང༌། སྤང་བྱ་འདི་མ་སྤངས་ཞེས་ཆོས་དང་མཐུན་པར་དངོས་སུ་རྒོལ་བ་མེད་ཅིང་བརྒྱུད་ནས་རྒོལ་བའི་མཚན་མ་ཙམ་ཡང་མེད་པས་ལུས་བདེ་བར་གནས། ངག་བག་ཚ་བ་མེད་པར་གནས། སེམས་མི་འཇིགས་པར་གནས་པ་ཐོབ་པས་ན་མི་འཇིགས་པའོ། ། གཉིས་པ་བྱེད་པ་ནི། དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་ནི་འཁོར་གྱི་དཀྱིལ་འཁོར་གང་དུ་ཐོགས་པ་སྟེ་འཇིགས་ཤིང་བག་ཚ་བ་མེད་ཅེས་པའོ། ། གང་གི་ཚེ་ན་རང་དང་གཞན་གྱི་དོན་དུ་བདེན་པ་བཞི་གསུངས་པའི་ཕྱིར་ཞེས་དེའི་ཚེ་ནའོ། ། བདག་དང་གཞན་གྱི་དོན་གང་ཞེ་ན། ཤེས་པར་བྱ་བའི་དངོས་པོ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཀུན་རང་གིས་མངོན་སུམ་དུ་ཤེས་པ་དང་གཞན་གྱིས་ཤེས་པར་མཛད་པའི་ཕྱིར་དང༌། སྤང་བྱ་ཀུན་འབྱུང་གི་དངོས་པོ་ཀུན་རང་གིས་སྤངས་པ་དང་གཞན་གྱིས་སྤོང་བར་མཛད་པའི་ཕྱིར་དང༌། རྒྱུད་ལ་བསྟེན་པར་བྱ་བ་ལམ་གྱི་དངོས་པོ་རང་གིས་བསྟེན་ཅིང་གཞན་གྱིས་སྟེན་པར་བྱེད་པའི་ཕྱིར་དང་༑ཐོབ་བྱ་བླ་ན་མེད་པ་ཤིན་ཏུ་དྲི་མ་མེད་པའི་འགོག་པ་རང་གིས་ཐོབ་པ་དང་གཞན་གྱིས་ཐོབ་པར་མཛད་པའི་ཕྱིར་ཞེས་པའོ། ། གསུམ་པ་དཔེ་དང་སྦྱར་བ་ནི། ཇི་ལྟར་རི་དྭགས་ཀྱི་དབང་པོ་སེརླེ་དེ་ནགས་ཀྱི་མཐར་དུས་རྟག་ཏུ་རི་དྭགས་རྣམས་ལ་འཇིགས་པ་མེད་ཅིང་སྐྲག་པ་མེད་པར་རྒྱུ་ཞིང་གནས་པ་ལྟར་དེ་བཞིན་དུ་ཐུབ་པའི་དབང་པོ་སེངྒེ་ཡང་དགེ་འདུན་གྱི་ཚོགས་ཀྱི་ནང་ན་འཇིགས་པ་མེད་པར་ལེགས་པར་གནས་པ་དང༌། གཞན་ལ་རག་མ་ལས་པས་ལྟོས་པ་མེད་པ་དང༌། ཏིང་ངེ་འཛིན་ལ་གནས་པས་བརྟན་པ་དང༌། སྤང་བྱ་ཤིན་ཏུ་སྤང་དཀའ་བ་ཡང་བཅོམ་པའི་ཕྱིར་རྩལ་ཕུན་སུམ་ཚོགས་པ་དང་ལྡན་པའི་སེངྒེ་ལྟར་གནས་སོ། །

    གསུམ་པ་མ་འདྲེས་པ་ལ་གསུམ་སྟེ། རང་གི་ངོ་བོ། དེའི་བྱེད་པ། དཔེ་དང་སྦྱར་བའོ། ། དང་པོ་ལ་སྤྱོད་པས་བསྡུས་པ་དྲུག་ནི། སྐུ་ལ་གླང་པོ་ཆེ་དང་ཤིང་རྟ་ལ་སོགས་པ་དང་འདོམ་ཐུག་བྱེད་པའི་འཁྲུལ་བ་མེད་པ་དང༌། གསུང་ལ་ལུང་སྟོང་དུ་སྒྲ་ཆེན་པོ་འབྱིན་པ་ལ་སོགས་པའི་ཅ་ཅོ་མི་མངའ་བ་དང༌། སྟོན་པའི་ཐུགས་ལ་འདས་པའི་དོན་བརྗེད་པའི་དྲན་པ་ཉམས་པ་མི་མངའ་བ་དང༌། དུས་རྟག་ཏུ་མཉམ་པར་མ་བཞག་པའི་རྗེས་ཐོབ་རྣམ་པར་གཡེང་བའི་ཐུགས་མི་མངའ་བ་དང༌། འཁོར་འདས་ལ་ཐ་དད་དུ་འཛིན་པའི་འདུ་ཤེས་སྣ་ཚོགས་ཀྱང་མི་མངའ་བ་དང༌། གདུལ་བྱ་འདུལ་བའི་དུས་ལ་བབ་མ་བབ་མ་བརྟགས་པས་གདུལ་བྱ་སྨིན་རུང་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བ་སྟེ། མདོ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། ། དུས་ལས་ཡོལ་བར་འགྱུར་སྲིད་དེ། ། གདུལ་བར་བྱ་བའི་སྲས་རྣམས་ལ། ། སངས་རྒྱས་དུས་ལས་ཡོལ་མི་མངའ། ། ཞེས་སོ། ། རྟོགས་པས་བསྡུས་པ་དྲུག་ནི་དོན་དུ་གཉེར་བའི་འདུན་པ་དང༌། དགེ་བར་སྤྲོ་བའི་བརྩོན་འགྲུས་དང༌། འདྲིས་པའི་དོན་མི་བརྗེད་པའི་དྲན་པ་དང་༑རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང༌། སྒྲིབ་པ་དང་བྲལ་བའི་རྣམ་པར་གྲོལ་བ་དང༌། དག་པའི་མཁྱེན་པ་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཉམས་པ་མི་མངའ་བའོ། ། འདིར་ཏིང་ངེ་འཛིན་ཉམས་པ་མི་མངའ་བ་མ་བགྲངས་པ་ནི་མཉམ་པར་མ་བཞག་པ་མི་མངའ་བར་འདུས་པར་དགོངས་པའོ། ། འཕྲིན་ལས་ཀྱིས་བསྡུས་པ་གསུམ་ནི་སྐུས་རྫུ་འཕྲུལ་སྟོན་པ་དང༌། གསུང་གིས་ཆོས་སྟོན་པ་དང༌། ཐུགས་ཀྱིས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལ་སོགས་པའི་འཕྲིན་ལས་རྣམས་ཐམས་ཅད་ཀྱི་དང་པོར་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཕྱི་ནས་ཡེ་ཤེས་རྗེས་སུ་འཇུག་པས་ཐམས་ཅད་དུ་ཡེ་ཤེས་ཀྱིས་ཟིན་པའོ༑། ཡེ་ཤེས་ཀྱིས་བསྡུས་པ་གསུམ་ནི་འདས་པའི་དུས་ཐོག་མ་མེད་པ་དང༌། མ་འོངས་པའི་དུས་སུ་མཐའ་མེད་པ་དང༌། ད་ལྟར་གྱི་དུས་ཀྱི་ཤེས་བྱ་མཐའ་ཡས་པ་ལའང་ཡེ་ཤེས་བསྒྲིབས་པ་མེད་པར་འཇུག་པའོ། ། སྤྱིའི་དོན་བསྡུས་པ་ནི། དེ་ལྟར་ན་བཅོ་བརྒྱད་པོ་འདི་དག་ནི་སྟོན་པ་སངས་རྒྱས་ཀྱི་གང་ཟག་གཞན་དང་མ་འདྲེས་པས་ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིན་ནོ། ། གཉིས་པ་བྱེད་པ་ནི་རྒྱལ་བ་ཉིད་དེ་ཞེས་དྲང་ངོ༌། ། རྒྱལ་བ་ཇི་ལྟ་བུ་ཞེ་ན། དམ་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་དང༌། སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའོ། ། གང་དུ་ཆོས་ཀྱི་འཁོར་ལོ་བསྐོར་ན་འགྲོ་བར་ཞེས་པ་གདུལ་བྱ་རྣམས་ལའོ། ། ཇི་ལྟར་ན་འཇིགས་པ་སྟེ་བག་ཚ་བ་མེད་པར་རོ། ། རྒྱུ་གང་ལས་ནམ་འདྲེས་པའི་ཡོན་ཏན་གང་རྟོགས་པ་ལ་བརྟེན་ནས་སོ། ། དེ་དག་གང་ཞེ་ན། སྐུའི་འཁྲུལ་བ་དང༌། གསུང་གི་ཅ་ཅོ་དང༌། འདས་པ་བསྙེལ་བ་དང༌། ཐུགས་གཡོ་བ་སྟེ་མཉམ་པར་མ་བཞག་པ་དང༌། འཁོར་འདས་ཐ་དད་ཀྱི་འདུ་ཤེས་དང༌། གདུལ་བྱ་ལ་ངང་གིས་མ་བརྟགས་པའི་བཏང་སྙོམས་རྣམས་དྲང་སྲོང་ལ་མེད་ལ། འདུན་པ་དང་བརྩོན་འགྲུས་དང་དྲན་པ་རྣམ་པར་དག་པ་དང༌། དྲི་མ་མེད་པའི་ཤེས་རབ་དང༌། རྟག་ཏུ་ཞེས་པ་གཏན་དུ་སྤང་བྱ་ལས་རྣམ་པར་གྲོལ་བ་དང༌། ཤེས་བྱའི་དོན་ཀུན་མངོན་སུམ་དུ་གཟིགས་པའི་གྲོལ་བའི་ཡེ་ཤེས་ལས་ནི་ཉམས་པ་མི་མངའ་ཞིང༌།

    གང་གིས་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་གསུམ་པོ་ཐམས་ཅད་ལ་དང་པོར་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཕྱི་ནས་རྗེས་སུ་འཇུག་པ་དང༌། འདས་པ་ལ་སོགས་པའི་དུས་གསུམ་པོ་རྟག་ཏུ་ཡེ་ཤེས་ཐོགས་པ་མེད་པར་ངེས་པར་མཁྱེན་པ་རྒྱ་ཆེན་པོ་ཤེས་བྱ་ལ་ཁྱབ་པར་འཇུག་པ་སྟེ་ཞེས་པའོ། ། ཡོན་ཏན་དེ་དག་གང་གིས་ཐོབ་ཅེ་ན། སངས་རྒྱས་རྣམས་ཀྱིས་བརྙེས་ཞེས་པའོ། ། གསུམ་པ་དཔེ་དང་སྦྱར་བ་ནི་ས་ལ་སོགས་པའི་འབྱུང་བ་བཞི་ལ་ཡོད་པའི་ཆོས་ཉིད་སྲ་བ་དང་གཤེར་བ་དང་གཡོ་བ་དང་ཚ་ཞིང་སྲེག་པ་གང་ཡིན་པ་དེ་ནི་ནམ་མཁའི་ཆོས་ཉིད་མ་ཡིན་ལ། ཡང་ནམ་མཁའི་མཚན་ཉིད་སྒྲིབ་པ་མེད་པ་དང་ཐོགས་པ་མེད་པ་ལ་སོགས་པའི་ཡོན་ཏན་གང་ཡིན་པ་དེ་འབྱུང་བ་བཞིའི་གཟུགས་ལ་མེད་དོ། ། དེ་བཞིན་དུ་གང་ཟག་གཞན་ལ་ཡོད་པའི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཡོན་ཏན་ལ་མེད་ཅིང་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་རྣམས་ནི་གང་ཟག་གཞན་ལ་མེད་དོ། ། དེ་བས་ཀྱང་ཁྱད་པར་དུ་འཕགས་ཏེ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ནི་འབྱུང་བ་ཙམ་མམ་ཤེས་པ་མ་ཡིན་པར་མཚུངས་པ་ནི་འཇིག་རྟེན་དག་ན་ཐུན་མོང་བ་སྟེ། སངས་རྒྱས་ཀྱི་ཡོན་ཏན་མ་འདྲེས་པ་ཉིད་ནི་འཇིག་རྟེན་དག་ན་རྡུལ་ཕྲན་ཙམ་ཡང་ཐུན་མོང་བ་མ་ཡིན་ནོ། ། མི་འཇིགས་པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་འགྲུབ་པའི་རྒྱུ་ནི་མདོ་ལས་ཤེས་པར་བྱའོ། །

    གཉིས་པ་སྨིན་པའི་ཡོན་ཏན་ལ་གཉིས་ཏེ། སོ་སོའི་ངོ་བོ། དཔེའི་ཆོས་མཐུན་ནོ། ། དང་པོ་ལ་ཞབས་ལེགས་པར་གནས་པ་སྟེ་རུས་སྦལ་གྱི་ལྟོ་བ་ལྟར་མཉམ་པ་དང༌། ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོར་ལོས་མཚན་པ་དང༌། ཞབས་ཀྱི་རྟིང་པ་ཡངས་པ་དང༌། ཞབས་ཀྱི་ལོང་བུ་འབུར་དུ་མི་མངོན་པ་དང༌། ཕྱག་དང་ཞབས་ཀྱི་སོར་མོ་རྣམས་རིང་བ་དང༌། མཐེ་བོང་ལས་གཞན་པའི་སོར་མོའི་བར་རིན་པོ་ཆེའི་དྲ་བ་ཡིས་ནི་འབྲེལ་བ་དང༌། པགས་པ་ཤིན་ཏུ་འཇམ་ཞིང་བྱིས་པ་གཞོན་ནུ་ལྟར་གཞོན་ཤ་ཅན་དུ་ལེགས་པ་ཉིད་དང༌། སྐུ་ནི་ཕྱག་དང་ཞབས་ཀྱི་བོལ་བཞི་དང་མགུར་གྱི་ལྷུན་གཉིས་དང་ལྟག་པའི་ཕྱོགས་ཏེ་བདུན་དག་མཐོ་བ་དང༌། བྱིན་པ་རི་དྭགས་ཨེ་ན་ཡ་དང་འདྲ་བར་རིམ་གྱིས་ཕྲ་བ་དང༌། གསང་བའི་གནས་གླང་པོ་ཆེའམ་རྟ་ཅང་ཤེས་བཞིན་དུ་སྦུབས་སུ་ནུབ་པ་དང༌། སྐུའི་རོ་སྟོད་སེདེ་དང་འདྲ་བར་རྒྱས་ཤིང་འཕེལ་ཀ་ཆེ་བ་དང༌། ཕྲག་པའི་ཐལ་གོང་བར་ན་སྒྲོག་རུས་ཀྱོང་མོ་མེད་པར་རྒྱས་པ་དང༌། དཔུང་པའི་མགོ་ལེགས་པར་ཟླུམ་ཞིང་ཕྲག་པའི་ལྷུན་པ་དང༌། ཕྱག་གཉིས་རེག་པ་འཇམ་ལ་དབྱིབས་ཟླུམ་ཞིང་ཚད་མཐོ་དམན་དང་རིང་ཐུང་མེད་པའི་ཕྱག་རིང་བ་སྟེ་མ་བཏུད་པར་པུས་མོ་ལ་སླེབ་པ་དང༌། ཉེས་པ་ཡོངས་སུ་དག་པའི་སྐུ་ལ་འོད་ཀྱི་དཀྱིལ་འཁོར་འདོམ་གང་བ་དང་ལྡན་པ་དང༌། མགྲིན་པ་དྲི་མ་མེད་པའི་དུང་དང་འདྲ་བ་སྟེ་རིམ་པ་གསུམ་དང་ལྡན་པ་དང༌། འགྲམ་པ་རི་དྭགས་ཀྱི་རྒྱལ་པོ་སེདེ་དང་འདྲ་བར་རྒྱས་པ་དང་༑ཚེམས་ནི་ཡས་ཉི་ཤུ་མས་ཉི་ཤུ་སྟེ་བཞི་བཅུ་ཐམ་པ་ཚང་ཞིང་བླ་འོག་གྲངས་མཉམ་པ་དང༌། བར་མཚམས་མེད་པར་བར་དང་ཚེམས་ཐགས་བཟང་བ་དང༌། རྣམ་པར་དག་པའི་ཚེམས་མཉམ་པ་སྟེ་རིང་ཐུང་དང་སྦོམ་ཕྲ་མེད་པ་ཉིད་དང༌། མཆེ་བ་རབ་མཆོག་དཀར་བ་སྟེ་དུང་གི་བཅག་འཕྲོ་ལྟ་བུ་ཉིད་དང༌། ལྗགས་རིང་བ་སྟེ་རང་གི་ཞལ་གྱི་དཀྱིལ་འཁོར་ཁེབས་པ་དང༌། མཐའ་མེད་ཚད་མེད་ཅིང་གཞན་གྱིས་བསམ་དུ་མེད་པའི་རོ་བྲོ་བའི་མཆོག་མཁྱེན་པ་ཉིད་དེ་ཁ་ཟས་རོ་མི་ཞིམ་པ་ཡང་རོ་བརྒྱ་དང་ལྡན་པར་སྣང་བ་དང༌། རང་བྱུང་སངས་རྒྱས་ཀྱི་གསུང་ཀ་ལ་པིང་ཀའི་སྒྲ་ལྟར་གཏང་བ་མི་བྲ་ཞིང་ཚངས་པའི་དབྱངས་ལྟར་སྙན་ཅིང་རྒྱང་དུ་གྲགས་པ་དང༌། སྤྱན་བཟང་པོ་དཀར་ནག་འབྱེད་པ་དང་ཨུཏཱ་ལའི་འདབ་མ་ལྟར་དཀྱུས་རིང་བ་དང༌། ཁྱུ་མཆོག་གི་རྫི་མ་དང་འདྲ་བར་སྟུག་ཅིང་གནག་ལ་མ་འཛིངས་པ་དང༌། ཞལ་གྱི་དཀྱིལ་འཁོར་མཛེས་ཤིང་དྲི་མ་མེད་ལ་སྨིན་མཚམས་ན་མཛོད་སྤུ་དཀར་པོ་འཐེན་ན་ཁྲུ་གང་ཡོད་པ་བཞག་ན་སྦྲུལ་སྒོང་ལྟར་གཡས་ཕྱོགས་སུ་འཁྱིལ་ཏེ་གནས་པ་དང་ལྡན་པ་དང༌། དབུ་ལ་བྱིན་གྱིས་རང་གི་སོར་བཞིས་མཐོ་བའི་གཙུག་ཏོར་དང་ལྡན་པས་སེམས་ཅན་ཐམས་ཅད་ཀྱིས་སྤྱི་གཙུག་པ་ལྟར་མི་མཐོང་བ་དང༌། པགས་པ་ལ་རྡུལ་ལ་སོགས་པ་མེད་པས་དག་ཅིང་མ་འཁོབས་པས་སྲབ་པ་དང༌། ཁ་དོག་ཤིན་ཏུ་དྭངས་པས་གསེར་གྱི་མདོག་དང་འདྲ་བ་དང༌། སེམས་ཅན་མཆོག་ཅེས་པ་རྫོགས་པའི་སངས་རྒྱས་ཀྱི་བ་སྤུ་རྣམས་ལེགས་པར་ཕྲ་ལ་འཇམ་ཞིང་རེ་རེ་ནས་སྐུའི་གྱེན་དུ་ཕྱོགས་ཤིང་གཡས་ཕྱོགས་སུ་འཁྱིལ་བ་དང༌། དབུ་སྐྲ་དྲི་མ་མེད་ཅིང་རིན་པོ་ཆེ་མཐོན་མཐིང་གི་མདོག་བཞིན་དུ་གནག་པ་དང༌། སྐུ་རྨྱ་གྲོ་ཏའི་ལྗོན་ཤིང་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དང་འདྲ་བར་མཆུ་ཞེང་གབ་པ་དང༌། ཀུན་ཏུ་བཟང་པོ་དཔེ་མེད་དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་ལ་སྲེད་མེད་ཀྱི་བུའི་སྟོབས་མངའ་ཞིང་ཤིན་ཏུ་མཁྲེགས་པའི་སྐུ་ཞེས་པ་ནི་སྐྱེས་བུ་ཆེན་པོའི་མཚན་མཐུ་བོ་ཆེའི་སྐུ་ཀུན་ནས་མཛེས་པའོ། ། འདི་ལ་སྐུ་ཆེ་ཞིང་དྲང་བ་ཞེས་ཀྱང་འབྱུང་སྟེ། སྐུ་ཁྲུ་བདུན་དུ་འཕགས་ཤིང་དྲང་བའོ། ། ཡང་ཁ་ཅིག་ལ་སྐུའི་བདུན་མཐོ་བ་ཞེས་པ་མེད་པར་པགས་པ་དག་ཅིང་སྲབ་པ་དང༌། གསེར་གྱི་མདོག་འདྲ་བ་ལ་གཉིས་སུ་ཕྱེ་སྟེ་སུམ་ཅུ་རྩ་གཉིས་སུ་བརྗོད་དོ། ། བསམ་གྱིས་མི་ཁྱབ་པའི་གཟི་བརྗིད་ཀྱི་དཔལ་འབར་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་པོ་འདི་དག་སྟོན་པ་སངས་རྒྱས་ཀྱིས་མི་དབང་ཞེས་སྐྱེས་བུ་ཆེན་པོར་མཚོན་པའི་མཚན་དུ་གསུངས་སོ། ། དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་མཚན་བཟང་པོ་རྣམས་ཀྱི་འཁོར་རམ་ཡན་ལག་ཡིན་པའི་ཕྱིར་གཙོ་བོ་སྨོས་པས་གོ་སླ་བར་དགོངས་ཏེ་མ་གསུངས་སོ། ། གཉིས་པ་དཔེའི་ཆོས་མཐུན་ནི། ཇི་ལྟར་སྤྲིན་མེད་པའི་ནམ་མཁའི་ཟླ་བའི་གཟུགས་དང་དེའི་གཟུགས་བརྙན་སྟོན་ཀའི་ཆུ་སྔོན་པོའི་མཚོར་ནི་མཐོང་བ་ལྟར། དེ་བཞིན་དུ་རྒྱལ་བའི་སྲས་ཀྱི་ཚོགས་ས་བཅུ་ལ་གནས་པ་དང་མོས་སྤྱོད་ལ་གནས་པ་རྣམས་ཀྱིས་ཁྱབ་བདག་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་གཟུགས་རྫོགས་པའི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་མཐོང་བར་འགྱུར་རོ། ། གསུམ་པ་ལུང་དང་སྦྱར་བ་ནི། དེ་ལྟར་ན་བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་སྨིན་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་ཏེ་ཡོན་ཏན་དྲུག་ཅུ་རྩ་བཞི་པོ་འདི་དག་སོ་སོར་རེ་རེ་ཞིང་རྒྱུ་དང་བཅས་ཏེ་གོ་རིམ་ཇི་ལྟ་བ་བཞིན་དུ་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་རྗེས་སུ་འབྲངས་ནས་རྒྱས་པར་ཤེས་པར་བྱའོ། །

    གསུམ་པ་དཔེ་དང་ཆོས་མཐུན་སྦྱར་བ་ལ་གཉིས་ཏེ། སྤྱིར་བསྟན། སོ་སོར་བཤད་པའོ། ། དང་པོ་སྟོབས་བཅུ་ནི་མི་ཕྱེད་པས་རྡོ་རྗེ་བཞིན་ནོ༑། མི་འཇིགས་པ་བཞི་ནི་སྤོབས་པ་མ་ཞན་པས་སེདེ་བཞིན་ནོ། ། མ་འདྲེས་པ་བཅོ་བརྒྱད་ནི་ཉན་ཐོས་ལ་སོགས་པ་དང་མཚུངས་པ་མེད་པས་ན་ནམ་མཁའ་དག་པ་བཞིན་ནོ། ། མཚན་དང་ལྡན་པའི་གཟུགས་སྐུ་གཉིས་ཆོས་ཀྱི་སྐུ་ལས་གཡོ་བ་མེད་པའི་ཕྱིར་ཆུའི་ནང་གི་ཟླ་བའི་དཔེས་བསྟན་ཏོ། ། གཉིས་པ་ལ་གཉིས་ཏེ། བྲལ་བའི་ཡོན་ཏན་དང༌། སྨིན་པའི་ཡོན་ཏན་དཔེ་དང་སྦྱར་བའོ། ། དང་པོ་ལ་གཉིས་ཏེ། སོ་སོའི་ཆོས་མཐུན་དང༌། ཐུན་མོང་གི་རྟེན་ནོ། ། དང་པོ་ལ་གསུམ་ལས། དང་པོ་སྟོབས་ཀྱི་ཆོས་མཐུན་སྦྱར་བ་ནི་སྟོབས་ལ་སོགས་པའི་ཡོན་ཏན་རྣམས་ལས་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པའི་སྟོབས་དང་པོ་དྲུག་གིས་རིམ་པ་བཞིན་དུ་ཤེས་བྱའི་སྒྲིབ་པ་ཀུན་བསལ་བས་གོ་ཆ་བཞིན་དུ་ཕུག་པའི་ཕྱིར་རྡོ་རྗེ་དང་འདྲའོ། ། བསམ་གཏན་དང་སྙོམས་པར་འཇུག་པ་ལ་སོགས་པ་མཁྱེན་པའི་སྟོབས་ལ་སོགས་པ་གསུམ་གྱིས་སྙོམས་པར་འཇུག་པའི་སྒྲིབ་པ་ཀུན་བསལ་བས་རྩིག་པ་དང་འདྲ་བ་བཤིག་པའི་ཕྱིར་རྡོ་རྗེ་དང་འདྲའོ། །

    ཟག་པ་ཟད་པ་མཁྱེན་པའི་སྟོབས་གཅིག་གིས་ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་ཀུན་བསལ་བས་ཤིང་དང་འདྲ་བ་རྩ་བ་ནས་བཅད་པའི་ཕྱིར་རྡོ་རྗེ་དང་འདྲའོ། ། དེ་དག་གི་རྒྱུ་མཚན་ནི་དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་སྟོབས་ནི་རྡོ་རྗེ་དང་འདྲའོ། ། ཅི་སྟེ་ན། བརླིང་བ་དང༌། སྙིང་པོ་དང༌། བརྟན་པ་དང༌། མི་ཕྱེད་པ་ཡིན་པས་སོ། ། དེ་བཤད་པ་ནི་གང་གི་ཕྱིར་ན་བརླིང་བ་ཡིན་ཏེ། སྙིང་པོ་ཡིན་པའི་ཕྱིར་རོ། ། གང་གི་ཕྱིར་ན་སྙིང་པོ་ཡིན་ཏེ། བརྟན་པའི་ཕྱིར་རོ༑། དེ་ཡང་གང་གི་ཕྱིར་ན་བརྟན་པ་ཡིན་ཏེ་མི་ཕྱེད་པའི་ཕྱིར་རོ། ། དེས་ན་སྟོབས་ཀྱིས་སྤང་བྱ་རྣམས་འཇོམས་ལ་སྤང་བྱས་སྟོབས་བརྫི་བར་མི་ནུས་པས་མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་བཞིན་ནོ། ། མི་འཇིགས་པའི་ཆོས་མཐུན་ནི་འཁོར་ལ་འཇིགས་པ་མེད་པའི་ཕྱིར་དང༌། གཞན་གང་ལ་ཡང་ལྟོས་པ་མེད་པའི་ཕྱིར་དང༌། ཏིང་ངེ་འཛིན་བརྟན་པའི་ཕྱིར་དང༌། སྒྲིབ་པ་ཕྲ་མོ་ཡང་འཇོམས་པས་རྩལ་ཕུན་སུམ་ཚོགས་པའི་ཕྱིར༑ཐུབ་པ་མིའི་སེངྒེ་ནི་རི་དྭགས་ཀྱི་རྒྱལ་པོ་སེངྒེ་བཞིན་དུ་འཁོར་གྱི་ཚོགས་སུ་འཇིགས་པ་དང་བག་ཚ་བ་མི་མངའོ། ། དེ་དག་བཤད་པ་ནི་ཤེས་བྱའི་རྣམ་པ་ཀུན་མངོན་སུམ་དུ་མཁྱེན་པས་དྲི་བ་ཐམས་ཅད་ལུང་སྟོན་པར་ནུས་པའི་ཕྱིར་གང་ཟག་ལའང་འཇིགས་པ་མེད་པར་ནི་རྣམ་པར་གནས་སོ། ། ཉོན་མོངས་པས་དག་པའི་སེམས་ཅན་ཉན་ཐོས་ལ་སོགས་པ་དང་ཡང་བདག་ཉིད་མི་མཉམ་ཞིང་ལྷག་པར་གཟིགས་པའི་ཕྱིར་གཞན་ལ་ལྟོས་པ་མེད་དོ། ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཐུགས་ནི་ཤེས་བྱའི་ཆོས་རྣམས་ཐམས་ཅད་ལ་རྣམ་པ་རྩེ་གཅིག་ཏུ་གནས་པའི་ཕྱིར་ན་བརྟན་པ་ཉིད་དོ། ། མཆོག་ཏུ་སྤང་དཀའ་བ་མ་རིག་པའི་བག་ཆགས་ཀྱི་ས་ལས་ཀྱང་བརྒལ་བའི་ཕྱིར་ན་རྩལ་དང་ལྡན་ནོ། ། མ་འདྲེས་པའི་ཆོས་མཐུན་ནི། འཇིག་རྟེན་པ་སོ་སོའི་སྐྱེ་བོ་དང༌། ཉན་ཐོས་འཕགས་པ་དང༌། མཐའ་གཅིག་ཏུ་སྤྱོད་པ་རང་སངས་རྒྱས་དང༌། བློ་ལྡན་བྱང་ཆུབ་སེམས་དཔའ་དང༌། རང་བྱུང་རྫོགས་པའི་སངས་རྒྱས་རྣམས་གོང་ནས་གོང་དུ་བློ་དག་ནི་ཕྲ་བ་ཡིན་ཏེ། རིམ་པ་བཞིན་དུ་གང་ཟག་ཏུ་འཛིན་པ་དང༌། གང་ཟག་མེད་པ་དང༌། གཟུང་བ་མེད་པ་དང༌། འཛིན་པ་མེད་པ་དང༌། ཤེས་བྱ་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར་རོ། ། དེ་དག་གི་དཔེ་ནི་ས་ཆུ་མེ་རླུང་ནམ་མཁའ་སྟེ་རྣམ་པ་ལྔ་སྔ་མ་སྔ་མ་བས་ཕྱི་མ་ཕྱི་མ་མཚན་ཉིད་ཕྲ་བ་དང་ཆོས་མཚུངས་ལ། ཡང་སངས་རྒྱས་ཀྱང་འཇིག་རྟེན་ཀུན་གྱི་ཉེ་བར་འཚོ་བའི་གཞི་ཡིན་པའི་ཕྱིར་ས་ཆུ་མེ་རླུང་རྣམས་འཇིག་རྟེན་གྱི་ཉེར་འཚོ་ཡིན་པ་དང་ཆོས་མཚུངས་སོ། ། ཡང་ན་རྫོགས་པའི་སངས་རྒྱས་དེ་འཇིག་རྟེན་པ་སོ་སོའི་སྐྱེ་བོ་དང་འཇིག་རྟེན་ལས་འདས་པ་ཉན་རང་ལ་སོགས་པའི་མཚན་ཉིད་ལས་འདས་པའི་ཕྱིར་ནམ་མཁའ་འབྱུང་བ་བཞིའི་མཚན་ཉིད་ལས་འདས་པ་བཞིན་ནོ། ། གཉིས་པ་ཐུན་མོང་གི་རྟེན་ནི་དེ་ལྟར་ན་སྟོབས་སོགས་བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་པོ་འདི་རྣམས་རྟེན་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཡོན་ཏན་ཡིན་ཏེ། དེ་ཡང་གཟུགས་ལ་རྒྱན་དུ་བཏགས་པ་ལྟར་ཐ་དད་པ་མ་ཡིན་གྱི་ཇི་ལྟར་ན་ནོར་བུ་རིན་པོ་ཆེའི་འོད་དང་མདོག་དང་དབྱིབས་བཞིན་དུ་རང་བཞིན་དབྱེ་བ་མེད་པའི་ཕྱིར་རོ། ། གཉིས་པ་སྨིན་པའི་ཡོན་ཏན་དཔེ་དང་སྦྱར་བ་ལ་གཉིས་ལས། གནས་པའི་རྟེན་ནི་མཐོང་བར་གྱུར་ན་གདུལ་བྱའི་ཡིད་ཚིམ་པར་བྱེད་པ་ནི་མཚན་གྱི་བྱེད་ལས་ཡིན་ཏེ། རྒྱན་ལས། ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན༑། སྐྱེས་བུ་དམ་པ་ལགས་པར་འཚལ། ། མཐོང་བ་ཙམ་གྱིས་རབ་དང་བར༑། མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། ། ཞེས་སོ། ། དེ་ལྟ་བུའི་ཡོན་ཏན་གང་ཡིན་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི་རྟེན་སྤྲུལ་པའི་སྐུ་དང་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པ་སྟེ་གཟུགས་ཀྱི་སྐུ་གཉིས་སོ། ། བརྟེན་པའི་ཡོན་ཏན་དཔེ་དང་ཆོས་མཐུན་སྦྱར་བ་ནི། ཆོས་ཀྱི་སྐུ་མཐོང་བའི་སྒྲིབ་བྱེད་དག་པ་ལས་གཟུགས་ཀྱི་སྐུ་དེ་མཐོང་བའི་ཚུལ་རྣམ་པ་གཉིས་སོ། ། གང་ཞེ་ན། གདུལ་བྱ་རིང་བ་སོ་སོའི་སྐྱེ་བོ་དང་ཉན་ཐོས་ལ་སོགས་པ་ལ་འཇིག་རྟེན་དུ་སྤྲུལ་པའི་སྐུར་སྣང་ལ། གདུལ་བྱ་ཉེ་བ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་རྒྱལ་བའི་འཁོར་གྱི་དཀྱིལ་འཁོར་དུ་ལོངས་སྤྱོད་རྫོགས་པའི་སྐུར་མཐོང་སྟེ། དཔེར་ན་ཆུའི་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་དང་ནམ་མཁའི་ཟླ་བའི་གཟུགས་མཐོང་བ་བཞིན་ནོ། ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས་ཡོན་ཏན་གྱི་སྐབས་ཏེ་ལེའུ་གསུམ་པའི་རྣམ་པ་བཤད་པའོ། །

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག