མདུན་ཤོག- རིག་གནས།- གསུང་འབུམ།

ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས།ལེའུ་དང་པོ།

    2015-03-10 11:06

    ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། གདོད་ནས་རྣམ་དག་ཆོས་དབྱིངས་ངང་ཉིད་ནས། ། ཐུགས་རྗེས་སྐལ་བཟང་འགྲོ་ངོར་བདེ་སྟོང་གི། རྣམ་རོལ་མཁྱེན་བརྩེའི་བློ་གྲོས་སྩོལ་བའི་ལྷ། ། གཞོན་ནུའི་ཚུལ་འཆང་འཇམ་པའི་དབྱངས་ལ་འདུད། ། སངས་རྒྱས་གསུང་རབ་རིན་ཆེན་ཁམས་ཡངས་པོར། ། བློ་གྲོས་དཀྱིལ་འཁོར་ཡོངས་རྫོགས་འོད་སྟོང་ཅན། ། ཐུབ་བསྟན་ཕྱོགས་བཅུར་ཉིན་མོར་བྱེད་པའི་དཔལ། ། ཡོངས་འཛིན་བླ་མ་རྣམས་ལ་གུས་པས་འདུད། ། རྣམ་མང་མཚུངས་མེད་མཚན་དཔེས་བརྒྱན་པའི་སྐུ། ། ལེགས་བཤད་བདུད་རྩིའི་དབྱར་རྔའི་དབྱངས་ལྡན་གསུང༌། ། སྤྲོས་ཀུན་ཉེར་ཞི་དོན་གཉིས་མཐར་ཕྱིན་ཐུགས། ། ལྷ་མཆོག་མ་ཕམ་བྱམས་པ་མགོན་ལ་འདུད། །

    གཞུང་དངོས་ལ་འཇུག་པ།

    དེ་ལ་འདིར། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་སྙིང་པོའི་དོན་རྣམ་པར་བཤད་པ་རིན་པོ་ཆེའི་སྣང་བ་ཞེས་བྱ་བ་འདི་ཉིད་འཆད་པ་ལ། སྔོན་འགྲོ། དངོས་གཞི། མཇུག་བསྡུ་བཤད་པ་དང་གསུམ།

    དང་པོ། སྔོན་འགྲོ་འཆད་པ།

    དང་པོ་ལ། བསྟན་པའི་བདག་པོའི་ཆེ་བ་དང༌། བསྟན་པ་ཇི་ལྟར་རྒྱས་ཚུལ་དང༌། དེ་ལྟར་རིམ་པར་བརྒྱུད་ཚུལ་དང་གསུམ། དང་པོ་ནི། མཉམ་མེད་ཐུགས་རྗེའི་བདག་ཉིད་སྲིད་ཞི་ཀུན་གྱི་སྐྱབས་གཅིག་འོ་སྐོལ་གྱི་སྟོན་པ་ཤཱཀྱ་ཐུབ་པ་འདི་ནི། སྔོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཚོགས་གཉིས་རྒྱ་ཆེན་པོ་མཐར་ཕྱིན་པ་རྫོགས་པར་མཛད་ཅིང༌། སྐྱེ་འགྲོ་མཐའ་ཡས་པ་བདེ་བ་ལ་བཀོད། ཁྱད་པར་བསྐལ་བ་བཟང་པོ་འདི་ལ་འཛམ་བུ་གླིང་པ་ཚེ་ལོ་ཉི་ཁྲིའི་དུས་སུ་བདག་ཅག་གི་སྟོན་པ་དགའ་ལྡན་གྱི་གནས་ན། ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་ཚུལ་བཟུང་ནས་ལྷ་མི་ལ་སོགས་པའི་འགྲོ་བ་གྲངས་མེད་པ་སྨིན་གྲོལ་ལ་བཀོད། དེ་ནས་འཛམ་བུ་གླིང་པ་ཚེ་ལོ་བརྒྱ་པར་གྱུར་ཚེ། རིགས་དང་༑ཡུལ་དང༌། དུས་དང༌། རྒྱུད་དང༌། ཡུམ་སྟེ། གཟིགས་པ་ལྔ་ལ་གཟིགས་ནས་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔ་ལ་བབ་པ་ན། ཡུམ་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཡང་བསྙེན་གནས་ལ་ཡང་དག་པར་གནས་ཚེ། ནམ་གྱི་གུང་ཐུན་ལ། བྱང་ཆུབ་སེམས་དཔའ་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་གཟུགས་སུ་སྤྲུལ་ནས་ཡུམ་གྱི་ལྷུམས་སུ་ཞུགས། དེའི་ཚེ་སྐུའི་སྲུང་མ་ལ་ལྷའི་བུ་ལག་ན་རལ་གྲི་དང༌། མདུང་དང༌། མདུང་ཐུང་དང་༑མདའ་བོ་ཆེ་ཐོགས་པ་དཔའ་ཞིང་བརྟུལ་ཕོད་པ་བཞི་སྲུང་མར་བཞག། དེ་ནས་ཟླ་བ་བཅུ་ལོན་ཚེ། ཡབ་ཡུམ་དཔུང་དང་བཅས་པ་ལུསྦི་ནིའི་ཚལ་དུ་བྱོན། མདོ་གཞན་ལྟར་ན། ཚེས་བརྒྱད་ཀྱི་སྔ་དྲོའི་དུས་རྒྱུ་སྐར་རྒྱལ་གྱི་རྐང་པ་དང་པོ་ལ་བབ་པ་ན་སྐུ་བལྟམས་གསུངས་པ་གང་ལྟར་ནའང༌། བྱང་ཆུབ་སེམས་དཔའི་སྐུ་(༣ན)བལྟམས་ཚེ་ཡུམ་གྱི་དཀུ་གཡས་པ་ནས་བརྟོལ་ཏེ་བྱོན་ཅིང་སྐུ་བལྟམས་མ་ཐག་ནས་རྨའི་སྒོ་མི་མངོན་པ་ལ་སོགས་པ་གནོད་པ་ཅི་ཡང་མེད་དོ། ། བཙས་མ་ཐག་ཏུ་ནམ་མཁའ་ནས་ཆུ་བསིལ་དྲོ་གཉིས་དབུ་ཐོག་ཏུ་འབབ་ཅིང་ལྷ་རྣམས་ཀྱིས་ཁྲུས་གསོལ་ལྷའི་རོལ་མོ་དང་བཅས་མཆོད་རྫས་སྣ་ཚོགས་ཀྱིས་མཆོད། སྐུ་བལྟམས་པའི་འོད་ཟེར་གྱི་སྣང་བས་ཕྱོགས་ཀུན་ཁྱབ་པར་བྱས་པའི་ཚེ། དྲང་སྲོང་ཉོན་མོངས་མེད་ཅེས་པའི་བསམ་གཏན་པ་གཅིག་ལ་རང་གི་སློབ་མ་མེས་བྱིན་ཟེར་བ་ཞིག་གིས༑འདི་ནི་ཉི་མ་ཐམས་ཅད་དག། ཅིག་ཅར་ཤར་བར་གྱུར་ཏམ་ཅི། ། ཞེས་ཞུས་པ་ན། དྲང་སྲོང་གི་ཞལ་ནས། ཉི་མའི་འོད་ནི་རྒྱུན་དུ་རྣོ། ། བུ་གཅིག་སྣང་བའི་འོད་འདི་དག། ཡན་ལག་རེག་ན་བདེ་བསིལ་བས། ། ངེས་པར་ཐུབ་པ་དེ་ཡི་འོད། ། ཅེས་གསུངས་ཤིང་ཤིན་ཏུ་དད་པར་གྱུར་ཏོ། །

    གང་གི་ཉིན་སྐུ་བལྟམས་པའི་ཞག་དེ་ལ། བཟང་ལྡན་ལ་སོགས་ཤཱཀྱའི་བུ་ལྔ་བརྒྱ་བུ་མོ་ལྔ་བརྒྱ་རིམ་གྲོ་པ་ལ་ཡང་འདུན་པ་སོགས་བུ་ལྔ་བརྒྱ། འདུན་མ་སོགས་བུ་མོ་ལྔ་བརྒྱ་བཙས། གཞན་ཡང་གླང་ཆེན་བུ་ལྔ་བརྒྱ། རྟེའུ་ཡང་ལྔ་བརྒྱ་བཙས། གཏེར་ལྔ་བརྒྱ་ཁ་ཕྱེ། གཞན་གྱི་རྒྱལ་ཕྲན་རྣམས་ཀྱིས་དཔྱ་ཕུལ་ལོ། ། དེའི་ཚེ་རྒྱལ་པོ་ཟས་གཙང་གི་ཐུགས་ལ་བདག་གི་བུ་བཙས་མ་ཐག་ནས་དོན་ཐམས་ཅད་འགྲུབ་པར་བྱུང་བས། རྒྱལ་བུའི་མཚན་ལ་དོན་ཐམས་ཅད་གྲུབ་པར་བཏགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེར་སྐྱའི་གཞིར་གཤེགས་ཚེ། ཤཱཀྱ་གཏུམ་པོ་རྣམས་སྤྱོད་ལམ་ཞི་དུལ་དུ་གནས། ཤཱཀྱ་མ་རུངས་པ་རྣམས་ཐུབ་པ་ལྟར་གནས་པ་བྱུང་བས། གཞོན་ནུའི་མཚན་ལ་ཤཱཀྱ་ཐུབ་པ་ཞེས་བཏགས། གནོད་སྦྱིན་ཤཱཀྱ་འཕེལ་གྱིས་གུས་པས་གཞོན་ནུའི་ཞབས་ལ་འདུད་པས། གཞོན་ནུའི་མཚན་ལ་ལྷ་ཡི་ལྷ་ཞེས་གསོལ། གཞོན་ནུའི་སྐུ་ལ་བལྟ་བས་མི་ངོམས་པ། གསུང་སྙན་ཅིང་འཇེབས་པ། སྤྱན་མི་འཛུམ་ཞིང་ཀུན་ཏུ་ཁོ་ར་ཁོར་ཡུག་ཏུ་གཟིགས་པ། ཚིག་དོན་ཟབ་མོ་དག་སོ་སོར་འབྱེད་པ་སོགས་ཡ་མཚན་པའི་སྤྱོད་པ་མཛད་དོ། ། ལན་ཅིག་དྲང་སྲོང་ཆེན་པོ་ཉོན་མོངས་མེད་རྒྱལ་པོའི་ཕོ་བྲང་དུ་ཕེབས། བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད་ནས་མཚན་བརྟག་ཞུས། དེ་ནས་མ་མའི་གཙོ་མོས་དྲང་སྲོང་ལ་གཏད་པས། དྲང་སྲོང་གི་ཞལ་ནས་རྒྱལ་པོ་ལ་ལྷ། གཞོན་ནུ་ལ་མཚན་མཁན་རྣམས་ཀྱིས་ལུང་ཇི་ལྟར་བསྟན་གསུངས། རྒྱལ་པོས་གཞོན་ནུ་འདིའི་འགྲོ་བ་གཉིས་ཏེ་ཞེས་སོགས་ལུང་བསྟན་ཚུལ་རྒྱས་པར་ཞུས་པས། དྲང་སྲོང་ཉོན་མོངས་མེད་ཀྱི་ཞལ་ནས། ས་བདག་རྟོག་པ་པོ་རྣམས་བློ་འཁྲུལ་ཏེ༑། རྩོད་པའི་དུས་ན་འཁོར་ལོས་བསྒྱུར་མི་འབྱུང༌། ། བསོད་ནམས་མཆོག་གི་ཆོས་ཀྱི་མཛོད་འདི་ནི། ། ཉེས་ལས་རྣམ་པར་རྒྱལ་ནས་སངས་རྒྱས་འགྱུར། ། ཞེས་སངས་རྒྱས་པར་ལུང་བསྟན། དེ་མ་ཐག་དྲང་སྲོང་རང་གི་སྤྱན་ཆབ་དྲག་པོ་ཤོར་བ་རྒྱལ་པོས་གཟིགས་ཏེ་ཐུགས་གཡོས་ནས་ཐལ་མོ་སྦྱར་ཏེ། གཞོན་ནུ་ལ་དོགས་པ་འཚལ་ནས་འདུག་གམ་ཞེས་ཞུས་པས། དྲང་སྲོང་གི་ཞལ་ནས་གཞོན་ནུ་ལ་རྡོ་རྗེའི་ཐོག་སེར་བབ་ཀྱང་སྐྱོན་གྱིས་མི་གོས་ལགས་གསུངས། འོ་ན་སྤྱན་ཆབ་ལྷུང་བ་ཅི་ལགས་ཞུས་པས། དྲང་སྲོང་གི་ཞལ་ནས། མི་དབང་བདག་གི་རྒུད་པ་མཐོང་ནས་ནི། ། གང་ཕྱིར་ཞི་བ་མི་འཐོབ་བདག་དུ་མོད། ། ཆོས་ཀྱི་མཛོད་མཆོག་འདི་དང་འཕྲད་ནས་ནི། ། དོན་མ་ཐོབ་པར་བདག་ནི་འཆི་བར་འགྱུར། ། ཞེས་གསུངས་ཤིང༌། དེ་ནས་བཀུར་སྟི་ཆེན་པོ་དང་བཅས་རང་གནས་སུ་རྫུ་འཕྲུལ་གྱིས་གཤེགས་སོ། ། ཡང་གཞོན་ནུས་མ་མའི་པང་ནས་འབྲས་ཆན་སོགས་ཀྱི་འཚོ་བ་མང་དུ་བཞེས་པར་བརྩམས་ཚེ། མ་མའི་ཚོགས་འཇིགས་ནས་བཀག་པས་མ་ཁོག་འཕྲོག་ཀྱང་འཕྲོག་མ་ཐུབ། འབྲས་ཆན་གསེར་སྣོད་ལ་ཐག་པས་བཏགས༑གླང་ཆེན་ལྔ་བརྒྱ་ལ་འཐེན་དུ་བཅུག་ཀྱང༌། གཞོན་ནུའི་ཕྱག་གཡོན་གྱི་མཛུབ་མོས་གསེར་སྣོད་ཀྱི་ཕྱིར་འཐེན་པས་གླང་ཆེན་ལྔ་བརྒྱ་དབང་མེད་དུ་ཁ་ཕྱིར་ཕྱོགས་པར་བྱས་ཤིང༌། དེ་ལྟར་ན་ཕྱག་གཉིས་ཀྱིས་གླང་ཆེན་སྟོང་ཡང་འདྲེན་ནུས་སོ། ། ཞེས་མཚན་ལ་གླང་ཆེན་སྟོང་གི་སྟོབས་ཅན་ཞེས་གསོལ་ཏོ། ། གཞོན་ནུས་བཟོའི་གནས་ལ་སྦྱངས་དུས་སློབ་དཔོན་སྲིན་བུའི་གོ་ཆ་ཅན་ཞེས་དགེ་བའི་བཤེས་གཉེན་གྱི་ཡི་གེ་གཅིག་ནས་ཡིག་རིགས་ལྔ་བརྒྱའི་བར་བྲིས་ནས་ཕུལ་ཀྱང༌། དེ་ནི་ངས་ཤེས་སོ། ། གཞན་དག་བྲིས་ཤིག་གསུངས། སློབ་དཔོན་གྱིས་དེ་ལས་མི་ཤེས་སོ། ། ཤེས་ན་ཁྱེད་རང་བྲིས་ཟེར་བས། གཞོན་ནུས་ཡི་གེ་གཞན་རྣམས་བྲིས་ནས་བསྟན་པས་ཁོ་ཤིན་ཏུ་ཡ་མཚན་པར་གྱུར་ཅིང་ནམ་མཁའ་ནས་ལྷ་རྣམས་ཀྱིས་དེ་དེ་བཞིན་ནོ་གསུངས༑འཕོངས་ཀྱི་གནས་ལྔ་ལ་སྦྱངས་དུས། སློབ་དཔོན་སྲིད་སྒྲུབ་ཀྱི་དྲུང་དུ་བྱོན་ནས་གསན་ཀྱང༌། སྔར་གྱི་ཡི་གེའི་སྐབས་བཞིན་བསྟན་མ་དགོས་པར་མཁྱེན། གནས་ལྔ་ནི། རྒྱང་ནས་ཕོག་པ་དང༌། སྒྲ་གྲགས་པར་ཕོག་པ་དང༌། གནད་དུ་ཕོག་པ་དང༌། མི་འཆོར་བར་ཕོག་པ་དང་༑ཚབས་ཆེ་བར་ཕོག་པ་དང་ལྔའོ། ། སྒྱུ་རྩལ་གྱི་སྟོབས་འགྱེད་པའི་དུས་སུ་ལྷ་བྱིན་ཕྱག་གིས་བླང་སྟེ་ནམ་མཁའ་ནས་ཕྱོགས་གཞན་དུ་དོར་ཚུལ་དང༌། གླང་ཆེན་མཇུག་མ་ནས་བཟུང་སྟེ་ཕྱོགས་གཞན་དུ་དོར་ཚུལ་དང༌། ཤིང་གཅོད་ཀྱི་རྩལ་དང༌། མདའ་ཚབས་འགྲན་ཚུལ་སོགས་རྩལ་ཁྱད་པར་ཅན་གྱི་སྒོ་ནས་གདོན་མི་ཟ་བར་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་ཏོ། ། དེ་ནས་བཙུན་མོ་ཁབ་ཏུ་བཞེས་ཚུལ་དང་རྒས་ནད་འཆི་དང་དགེ་སློང་གཟིགས་པའི་རྐྱེན་གྱིས་མཆོད་རྟེན་རྣམ་དག་དྲུང་དུ་རབ་ཏུ་བྱུང་བར་མཛད་དོ། ། དེ་ནས་ལམ་ཚོལ་བ་ལ་དགོངས་ཤིང་ཅུང་ཟད་ཅིག་བཞུགས་ནས་མྱུར་བར་ཆུ་བོ་གངྒྰར་བརྒལ་ཏེ་མཐར་གྱིས་རྒྱལ་པོའི་ཁབ་ཏུ་བྱོན། དེར་བསོད་སྙོམས་ལ་གཤེགས་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས་མཐོང་སྟེ། སྤྱོད་ལམ་ལ་ཤིན་ཏུ་དད་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད། བརྟུལ་ཞུགས་འདིས་ཅི་ཞིག་བཞེད་ལགས་ཞུས། འདིས་རྫོགས་པའི་བྱང་ཆུབ་འཐོབ་བོ་གསུངས། ཡང་གསོལ་བ། ཁྱེད་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་པའི་དུས་ན་བདག་ལ་དགོངས་པར་ཞུ་ཞེས་གསོལ། བྱང་ཆུབ་སེམས་དཔས་དེ་བཞིན་དུ་བསམ་མོ་གསུངས༑དེ་ནས་བྱ་རྒོད་ཕུང་པོའི་རིར་བྱོན། དྲང་སྲོང་མེ་ལྔ་བཏུང་བ་སོགས་དཀའ་ཐུབ་ཀྱི་སྤྱོད་པ་དྲང་སྲོང་རྣམས་ལས་ལྷན་ཅིག་སྤྱོད་པས་བྱང་ཆུབ་སེམས་དཔས་ཉིས་འགྱུར་དུ་ལྷག་པར་སྤྱད་པས་དྲང་སྲོང་ཐུགས་མཉེས་ཏེ། དྲང་སྲོང་ཆེན་པོ་དང༌། དགེ་སྦྱོང་ཆེན་པོ་ཞེས་མཚན་གསོལ། དེ་ནས་དྲང་སྲོང་རིང་འཕུར་དྲུང་དུ་བྱོན། ཅི་ཡང་མེད་ཀྱི་སྐྱེ་མཆེད་ཀྱི་བར་ཚུན་ཆད་ཀྱི་གདམས་ངག་ཞུ་སྟེ་དེ་ནུབ་གཅིག་པོ་ལ་ཐོབ་པར་མཛད། དེ་ནས་ལྷག་སྤྱོད་ཀྱི་གནས་སུ་བྱོན། དེའི་དྲུང་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དེ་སྲིད་རྩེའི་ཏིང་ངེ་འཛིན་གྱི་བར་ཐམས་ཅད་ཐོབ་པར་མཛད། ཐུགས་ལ་གདམས་ངག་འདི་ཙམ་གྱིས་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་སོ་དགོངས་ཏེ་གཞན་དུ་གཤེགས་ཚེ། དཀའ་སྤྱད་ཀྱིས་ངལ་བ་ཡབ་རྒྱལ་པོས་གསན་ནས༑ ཕ་མའི་ཕྱོགས་ནས་རིམ་གྲོ་པ་ལྔ་བརྒྱ་བཏང་ཀྱང་སྐྱེ་བོ་མང་པོ་དང་ལྷན་ཅིག་ཏུ་བྱང་ཆུབ་ཐོབ་པ་དཀའ་དགོངས་ནས། ཕ་ཕྱོགས་ནི་གསུམ་མ་ཕྱོགས་ནི་གཉིས་ཏེ་ལྔ་བཟུང༌། གཞན་རྣམས་ཕྱིར་བཏང་༑དེ་ལྔ་ཡང་དྲང་སྲོང་གི་ཆ་བྱད་དུ་བསྒྱུར་ཏེ། ལྷན་ཅིག་ཏུ་ལྟེང་རྒྱས་ཀྱི་སར་གཤེགས་ནས་ཆུ་བོ་ནེ་རལྗ་ནའི་འགྲམ་དུ། ནེའུ་བསིང་ཤིང་ནགས་ཚལ་གྱིས་བརྒྱན་པ་ཞིག་གཟིགས་ནས་འདིར་བྱང་ཆུབ་མངོན་དུ་བྱའོ་དགོངས་ནས། ཤིང་དྲུང་ཞིག་ཏུ་སྐྱིལ་ཀྲུང་བཅས་ནས་བཞུགས་སོ། ། སྒོ་གསུམ་དུ་མངོན་པར་བསྡམས་ཤིང་དཀའ་སྤྱད་ཆེན་པོ་མཛད་པས་ཚོར་བ་མྱོང་ཡང༌། དྲན་པ་ཉེ་བར་བཞག། ཐུགས་རྩེ་གཅིག་པས་བསམ་གཏན་བསྒོམས་པས་དབུགས་འབྱུང་རྡུབ་འགག་པས་ཟུག་རྔུ་ལྕགས་ཕུར་བཏབས་པ་ལྟར་བྱུང་ཡང་མ་ཞུམ། དེ་བཞིན་དུ་བསམ་གཏན་དང་པོ་ཐོབ་པའི་དུས་སུ་རླུང་འགགས་ནས་སྙན་གཉིས་ནས་རླུང་ཆེར་རྒྱུ་བ་དང༌། བསམ་གཏན་མཐར་ཕྱིན་པ་སྙོམས་ཞུགས་སོགས་ཀྱི་དུས་སུ་རླུང་འགགས་ནས་ཕྱལ་རྒྱས་པ་དང༌། དབུ་ལ་ཟུག་རྔུ་དྲག་པོ་དང༌། སྐུ་ཁོག་ཏུ་ཆུ་གྲི་རྣོན་པོས་དྲལ་བ་ལྟ་བུ་དང༌། མེ་དོང་དུ་བྱིང་བ་ལྟ་བུའི་ཚོར་བ་བྱུང་ཡང་སྐད་ཅིག་ཙམ་ཡང་མ་ཞུམ་ཞིང་ཤིན་ཏུ་དཔའ་བར་མཛད། ཁ་ཟས་རྒྱ་སྲན་སོགས་ངན་ངོན་ཙམ་གསོལ་བ་སྔ་མ་མ་ཡལ་བར་ཕྱི་མ་མི་གསོལ། ལྷ་རྣམས་ཀྱིས་ལུས་ཀྱི་མདངས་བསྒྲུབ་ཕྱིར་ཅུང་ཟད་གསོལ་བ་ཞུས་ཀྱང་དེ་ལྟར་སྒྲུབ་པ། ཚུལ་འཆོས་དང༌། ལོག་འཚོ། རྫུན་ཆོས་གཞན་སླུ་བྱེད་ཡིན་ཞེས་ཕྱིར་བཟློག་མཛད་དོ། །

    དེ་ལྟར་དཀའ་སྤྱད་དྲག་པོ་གནང་བའི་རྐྱེན་གྱིས་སྐུ་ལུས་ཀུན་ནས་སྐམ་ཞིང༌། དབུ་འབར་འབུར་ཅན་དང༌། སྤྱན་འབྲས་ཁྲོན་པའི་སྐར་མ་ལྟར་ཕུགས་སུ་སོང༌། སྐུའི་རྩིབས་ལ་མཐོ་དམན་དང༌། སྒལ་ཚིགས་སྐྲའི་ལན་བུ་ལྟ་བུར་གྱུར། བཞེངས་བཞུགས་ཙམ་ཡང་དཀའ་བ་སོགས་ལུས་ཀྱི་ཁ་དོག་དང་སྟོབས་སོགས་ནུབ་པར་གྱུར་ཏོ། ། དེ་འདྲའི་གཏམ་ཡང་རྒྱལ་པོས་གསན་པས་མྱ་ངན་ལ་ཞུགས་སོ། ། དེ་དུས་ཀྱང་བྱང་ཆུབ་སེམས་དཔའི་ཐུགས་དགོངས་ལ་དཀའ་སྤྱད་འདི་ཙམ་གྱིས་ཀྱང་མི་ཆོག་གོ་དགོངས་ནས། བེའུ་འོ་མ་འཐུང་བ་རྣམས་ཀྱི་ཆུ་དང་ལྕི་བའི་རིལ་བུ་ཕྲ་མོ་རེ་བཞེས་ཏེ་ཅུང་ཟད་ཅིག་མནལ་ཚེ། དུར་ཁྲོད་ཅིག་ཏུ་གཤེགས། མི་རོ་དབུ་སྔས་སུ་མཛད། ལུས་ཤིན་ཏུ་རིད་པར་གྱུར༑དེ་དུས་གྲོང་ཁྱེར་གྱི་ཕྱུགས་རྫི་དག་འོངས་ནས། ལ་ལས་ཀྱེ་ཕྱག་དར་ཁྲོད་ཀྱི་ཤ་ཟ་ལ་ལྟོས། ཞེས་སོགས་བརྗོད་ནས་སྐུ་ལ་བོང་བ་དང་གསེག་མ་སོགས་དོར་བར་བྱེད། ལ་ལས་རས་བལ་དང་མེ་ཏོག་སོགས་སྙན་གྱི་བུ་ག་ནས་བཅུག་སྟེ་ཤིང་བུས་བདས་ནས་ཤངས་བུག་ནས་ཕྱིར་འབྱིན། ཤངས་བུག་ནས་བཅུག་སྟེ་སྙན་བུག་ནས་ཕྱིར་འབྱིན་པ་སོགས་བྱས་ཀྱང༌། བྱང་ཆུབ་སེམས་དཔའི་ཐུགས་ཅུང་ཟད་ཙམ་ཡང་མི་ངལ་བར་མཛད། དེ་ལྟ་བུའི་དཀའ་སྤྱད་ལོ་དྲུག་མཛད་པའི་མཐར་འདི་ཙམ་གྱིས་བྱང་ཆུབ་རེག་ནུས་པ་མ་ཡིན་ནོ། ། ལུས་ཀྱི་མདངས་སྟོབས་རྒྱས་པར་བྱ་དགོངས་ནས་ཁ་ཟས་རགས་པ་ཡང་གསོལ༑ཆུ་འཇམ་པོས་ཁྲུས་གསོལ་བ་སོགས་མཛད་པས། རིམ་གྲོ་པ་ལྔ་ནི་མ་དད་ཅིང་གཞན་དུ་སོང༌། བྱང་ཆུབ་སེམས་དཔས་རིམ་གྱིས་སྐུ་ལུས་ཀྱི་མདངས་སྟོབས་བསྐྱེད་དེ་སྡེ་ཅན་གནས་སུ་གཤེགས། ཆུ་ཀླུང་ནེ་རལྗ་ནར་སྐུ་ཁྲུས་གསོལ་ནས་བཞེངས་པར་བརྩམས་ཀྱང་བཞེངས་མ་ནུས་པས། ལྷ་རྣམས་ཀྱིས་ཤིང་གི་ཡལ་ག་མནན་པ་ལ་ཕྱག་བརྟེན་ནས་བཞེངས། ཆོས་གོས་གསོལ་ཏེ་ཆུ་འགྲམ་ན་བཞུགས་སོ། །

    དེའི་ཚེ་སྡེ་ཅན་གྱི་རྒྱལ་པོ་ལ་བུ་མོ་རིན་པོ་ཆེ་གཉིས་ཡོད་པ་དེ་དག་གིས་ལོ་བཅུ་གཉིས་སུ་ཚུལ་ཁྲིམས་དང༌། བརྟུལ་ཞུགས་ལ་བརྟེན་ནས་བ་མཆོག་སྟོང་གི་འོ་མ་བཞོས་ཏེ་འོ་ཐུག་བསྐོལ་བ་བྱང་ཆུབ་སེམས་དཔའ་ལ་ཕུལ། དེ་དགྱེས་བཞིན་དུ་བཞེས་མ་ཐག་ནས་སྐུ་ལུས་ཉམས་སྟོབས་རྒྱས་ཏེ། གསེར་གྱི་ཁ་དོག་དང་ལྡན་པར་གྱུར་ཏོ། ། རྡོ་རྗེ་གདན་དུ་ཕེབས་ཏེ་རྩྭ་འཚོང་བཀྲ་ཤིས་དང་མཇལ། དེའི་རྩྭ་འཇམ་ཞིང་རེག་ན་བདེ་བ་དང་ལྡན་པར་འགྱུར་བ་ཁུར་པོ་གཅིག་ཡོད་པ་བསླངས་ནས་ཁོས་གུས་པས་ཕུལ། དེ་ནས་བྱང་ཆུབ་སྙིང་པོར་རྡོ་རྗེ་གདན་དུ་ཤིང་ཨ་ཤྭཏྠ་བྱང་ཆུབ་ཤིང་གི་དྲུང་དུ་རྩྭ་བཏིང་བ་གཡས་ཕྱོགས་སུ་འཁྱིལ་བའི་སྟེང་དུ་སྐྱིལ་ཀྲུང་བཅས་སྐུ་དྲང་པོར་བསྲིངས་དྲན་པ་མངོན་དུ་མཛད་ནས་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིལ་ཀྲུང་མི་གཞིག་པའི་དམ་བཅའ་མཛད་ནས་བཞུགས་སོ། ། དེ་ལ་བདུད་ཀྱི་ཚོགས་མ་བཟོད་པར་ཐབས་སྣ་ཚོགས་ཀྱིས་བར་ཆད་བརྩམས་ཤིང་ཁྱད་པར་མི་གཙང་བའི་ཆར་དང༌། མཚོན་ཆའི་ཆར་དང༌། རི་འཕེན་པ་ལ་སོགས་བར་ཆད་གང་བྱས་ཀྱང་གཡང་དུ་བསྒྱུར་ཏེ་རྩེ་གཅིག་ཏུ་མཉམ་པར་བཞག། རབ་མཐའི་བསམ་གཏན་ལ་བརྟེན་ནས་ལྷའི་སྤྱན་དང༌། རྣ་བ་དང༌། གཞན་སེམས་ཤེས་པ་དང༌། སྔོན་གནས་རྗེས་དྲན་དང༌། ཟག་ཟད་ཀྱི་མངོན་ཤེས་རྣམས་བསྒྲུབས། བླ་ན་མེད་པའི་བྱང་ཆུབ་བརྙེས་ཏེ་མངོན་པར་རྫོགས་པར་སངས་རྒྱས་ཞེས་དེ་བཞིན་གཤེགས་པར་གྱུར། དེ་ལྟརའས་ག་ཟླ་བའི་ཚེས་བཅོ་ལྔའི་ནུབ་མོ་བཅོམ་ལྡན་འདས་ཀྱིས་རྫོགས་པའི་བྱང་ཆུབ་མངོན་དུ་མཛད། དེའི་ཚེ་བདུད་རྣམས་མྱ་ངན་ལ་ཞུགས། དཀར་པོའི་ལྷ་རྣམས་ཤིན་ཏུ་དགའ་བས་ཡ་མཚན་པའི་མཆོད་ཚོགས་མཛད། ཕ་ཡུལ་དུ་སྲས་སྒྲ་གཅན་འཛིན་འཁྲུངས་པས་དགའ་སྟོན་ཆེན་པོ་བྱས་སོ། ། བཅོམ་ལྡན་འདས་ཀྱིས་མེའི་ཁམས་ལ་སྙོམས་པར་ཞུགས་ཏེ། བདུན་ཕྲག་གཉིས་སྐྱིལ་ཀྲུང་མི་གཞིག་པར་བཞུགས། བདུན་ཕྲག་གསུམ་པའི་དུས་སུ་ཚོང་དཔོན་ག་གོན་དང་བཟང་པོས་སྦྲང་རྩིའི་ལྡེ་གུ་ཕུལ་བས་སྟེང་ནས་རྒྱལ་ཆེན་བཞིས་རྡོ་ལས་བྱས་པའི་ལྷུང་བཟེད་བཞི་ལེན་སྣོད་དུ་ཕུལ་བ་ལྷུང་བཟེད་གཅིག་ཏུ་བྱིན་གྱིས་བརླབས་ཏེ་བཞེས་ནས་གསོལ། དེ་བཞིན་བདུན་ཕྲག་བདུན་མཐར་རིམ་གྱིས་ཝྰ་ར་ཎྰ་སིར་བྱོན། ཆོས་འཁོར་བསྐོར་བར་དགོངས་ཏེ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བྱོན་ནས། ལྔ་སྡེ་ལ་ཆོས་བསྟན་ཞེས་པ་བདེན་བཞིའི་ཆོས་འཁོར་བསྐོར་ཏེ་བདེན་པ་ལ་བཀོད། དེ་ནས་རིམ་གྱིས་གྲགས་པ་ལ་སོགས་འོད་སྲུངས་ཆེན་པོ་ཆུ་ཀླུང་འོད་སྲུངས། ཀ་ཡ་འོད་སྲུངས་ལ་སོགས་པ་དགྲ་བཅོམ་པར་བཀོད་པ་སོགས་ཆོས་འཁོར་རིམ་པ་གསུམ་གྱི་སྒོ་ནས་སྐྱེ་འགྲོའི་དོན་རྒྱ་ཆེར་མཛད་དོ། །

    གཉིས་པ་རྒྱས་པར་མཛད་ཚུལ་ལ། ཐབས་མཁས་པ་བཅུའི་སྒོ་ནས་རྒྱས་པར་མཛད་ཚུལ་དང༌། བཀའ་བསྡུ་སོགས་མཛད་པའི་སྒོ་ནས་རྒྱས་པར་བྱས་ཚུལ་གཉིས། དང་པོ་ནི། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་འཁོར་ལྔ་སྡེ་བཟང་པོ་དང༌། གྲགས་པ་སོགས་ལ་ཆོས་འཁོར་བོསྐོར་བ་སོགས་ཀྱིས་འགྲོ་བ་བགྲངས་ཡས་པའི་དོན་མཛད། དེ་ནས་དེ་ལྟར་ཆོས་འཁོར་བསྐོར་ནས་ཡུན་མི་རིང་བར་ཉིད་ནས། ཉེ་རྒྱལ་ཞེས་ཤཱ་རིའི་བུ་དང༌། པང་ནས་སྐྱེས་ཞེས་མོའུ་འགལ་གྱི་བུ་དང་གཉིས་འཁོར་ལྔ་བརྒྱ་རེ་དང་བཅས་སྟོན་པའི་འཁོར་དུ་འདུས་ཏེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང༌། འཕགས་རྒྱལ་དང༌། རྒྱལ་པོ་གསལ་རྒྱལ་སོགས་འགྲོ་བ་དཔག་མེད་བདེན་པ་ལ་བཀོད༑མུ་སྟེགས་སྟོན་པ་དྲུག་དང་ཀླུ་ཨེ་ལའི་འདབ་མ་ཅན་དང་༑དགའ་བོ་དང༌། ཉེ་དགའ་བོ་ལ་སོགས་པའི་གདུག་པ་ཅན་ཀུན་བཏུལ་ཞིང་དམ་ལ་བཏགས། རྒྱལ་པོ་ཨུ་ཏྲ་ཡ་ན་སྨིན་གྲོལ་དུ་བྱས། རྒྱལ་པོ་ཀ་པི་ན་འཕྲིན་གྱི་སྒོ་ནས་བཀུག་ཅིང་རྫུ་འཕྲུལ་གྱི་སྒོ་ནས་བཏུལ་བར་མཛད་པ་སོགས་གཞན་ལ་ཕན་ཕྱིར་དུ་དགོངས་ནས། གསུང་རབ་ཡན་ལག་བཅུ་གཉིས་ལ་བསླབ་ཚུལ། སོ་སོར་ཐར་པའི་མདོ་དང༌། བསླབ་པའི་གཞི་ཕྲན་ཚེགས་ཀྱི་སྐབས་དབྱེ་ཚུལ་སོགས་བཀའ་སྩལ་པ་དང་བཅས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ། མཛད་འཕྲིན་མཐར་ཕྱིན་ཅིང་དེ་ནས་མཐོ་རིས་སུ་འགྲོ་བར་བྱའོ་ཞེས་བཀའ་སྩལ་ནས། བཞི་པ་རབ་ཀྱི་མཐའ་ལ་བརྟེན་ནས་ཡོངས་སུ་མྱ་ངན་ལས་འདས་སོ། ། དེའི་ཚེ་སྐུ་གདུང་འཁོར་ལོས་བསྒྱུར་བའི་གདུང་བཞིན་བྱས། བཀུར་སྟི་ཆེན་པོ་མཛད་པ་དང༌། དེའི་རྗེས་སུ་སྐུ་གདུང་ཆ་བརྒྱད་དུ་བགོས་ཏེ་སྐྱེ་རྒུའི་བསོད་ནམས་ཀྱི་ཞིང་དུ་བཞུགས་སོ། །

    གཉིས་པ་བཀའ་བསྡུ་མཛད་པའི་སྒོ་ནས་རྒྱས་པར་བྱས་ཚུལ་ལ། སྟོན་པའི་མཛད་འཕྲིན་ནི་མཐར་ཕྱིན། དགུང་ལོ་བརྒྱད་ཅུ་བཞེས་དུས་དགོངས་པ་ཡོངས་སུ་མྱ་ངན་ལས་འདས། དེའི་རྗེས་ལ་བསྡུ་བ་ཇི་ལྟར་མཛད་པའི་ཚུལ་ལ། བཀའ་དང་པོ་བསྡུ་བའི་ཚུལ་དང༌། བར་པ་དང༌། གསུམ་པ་བསྡུ་ཚུལ་དང་གསུམ་མོ། དེ་གསུམ་པོ་རེ་རེ་ལ་དོན་དགུ་དགུས་ཤེས་པར་བྱ་སྟེ། དུས་ནམ་གྱི་ཚེ་བསྡུས་པ་དང༌། ཚོགས་པ་ཇི་ཙམ་གྱིས་བསྡུས་པ་དང༌། གནས་གང་དུ་བསྡུས་པ་དང༌། གསོལ་བ་འདེབས་པ་པོ་གང་ཡིན་པ་དང༌། བསྡུ་བར་བྱ་བ་གང་ཡིན་པ་དང༌། སྦྱིན་བདག་གང་ཡིན་པ་དང༌། དགོས་པ་གང་གི་ཕྱིར་བསྡུས་པ་དང༌། བསལ་བྱ་གང་ཡིན་པ་དང༌། སྡུད་པ་པོ་གང་ཡིན་པའོ། །

    དེ་ལ་དང་པོའི་དུས་ནི་སངས་རྒྱས་དགོངས་པ་མྱ་ངན་ལས་འདས་པའི་ཕྱི་དེ་ལོའི་དབྱར་རོ། ། ཚོགས་པ་ནི་མང་དུ་ཐོས་པ་རྣམས་ཀྱི་མཆོག་ཀུན་དགའ་བོ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱའོ། ། གནས་ནི་རྒྱལ་པོའི་ཁབ་ཀྱི་ཕྱོགས་ཤིག་ཨ་སུ་རའི་བྲག་ཕུག་ཅེས་བྱ་བར་བསྡུས་སོ། ། གསོལ་བ་འདེབས་པ་པོ་ནི་འཕགས་པ་འོད་སྲུངས་ཆེན་པོའོ། ། བསྡུ་བྱ་ནི་སྡེ་སྣོད་རྣམ་པ་གསུམ་མོ། ། སྦྱིན་བདག་ནི་རྒྱལ་པོ་མ་སྐྱེས་དགྲས་བྱས་སོ། ། དགོས་པ་ནི་མ་འོངས་པའི་གདུལ་བྱ་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་མེད་པ་དག་གིས་ཡན་ལག་ལ་སྒྲོ་འདོགས་པ་དང་སྐུར་བ་འདེབས་པ་སྤོང་བའི་ཕྱིར་སྡེ་སྣོད་རྣམ་པ་གསུམ་དུ་བསྡུ་བ་མཛད་དོ། ། བསལ་བྱ་ནི་ལྷའི་བུ་བསྐལ་བར་ཐུབ་པ་དག་གིས་འདི་ལྟར་བཅོམ་ལྡན་འདས་འཇིག་རྟེན་གྱི་སྒྲོན་མེ་ནི་ཡོངས་སུ་མྱ་ངན་ལས་འདས། སངས་རྒྱས་ཀྱི་བསྟན་པ་ཡང་བུད་ཤིང་ཟད་པའི་མེ་ལྟར་མོག་མོག་པོར་གྱུར་ཏོ་ཞེས་འཕྱ་བ་བསལ་བའི་ཕྱིར་རོ། ། སྡུད་པ་པོ་ནི་ཀུན་དགའ་བོས་མདོ་སྡེའི་སྡེ་སྣོད། ཉེ་བར་འཁོར་གྱིས་འདུལ་བའི་སྡེ་སྣོད། འོད་སྲུངས་ཀྱིས་མངོན་པའི་སྡེ་སྣོད་བསྡུས་སོ། ། བཀའ་བསྡུ་བ་གཉིས་པ་ལ་ཡང་དགུའི་དང་པོ། དུས་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན་བསྡུས་སོ། ། ཚོགས་པ་ནི་དགྲ་བཅོམ་པ་ཐམས་ཅད་འདོད་དང་རྒུར་བོ་ལ་སོགས་པ་དགྲ་བཅོམ་པ་བདུན་བརྒྱའོ། ། གནས་ནི་གྲོང་ཁྱེར་ཡངས་པ་ཅན་དུའོ། ། གསོལ་བ་འདེབས་པ་པོ་དགྲ་བཅོམ་པ་གྲགས་པའོ། ། བསྡུ་བྱ་ནི་བསྡུ་བ་དང་པོས་བསྡུས་པའི་སྡེ་སྣོད་གསུམ་པོ་དེ་ཉིད་ཡིན་ལ། དེའི་རྗེས་ལ་དགེ་འདུན་རྩོད་པའི་གཞི་འགའ་ཞིག་བྱུང་ནས། རྩ་བའི་སྡེ་བ་བཞིར་གྱེས་པའི་བསྡུ་བ་བྱས་སོ། ། སྦྱིན་བདག་ནི་ཆོས་རྒྱལ་མྱ་ངན་མེད་ཡིན་ནོ། ། བསལ་བར་བྱ་བ་ནི་དགེ་སློང་ལྷ་ཆེན་པོའི་རུང་བ་མ་ཡིན་པའི་གཞི་བཅུ་སྟེ། ཧུ་ལུ་ཧུ་ལུ་ཡི་རང་དང༌། ། ཀུན་སྤྱོད་གནོད་དང་ལན་ཚྭ་དང༌། ། ལམ་དང་སོར་གཉིས་དཀྲུག་དང་གདིང༌། ། གསེར་གྱིས་རུང་བ་བྱས་པ་ནི། ། དེ་དག་རུང་མིན་གཞི་བཅུར་འདོད། ། ཅེས་པ་སྟེ། དེ་དག་སངས་རྒྱས་ཀྱི་བསྟན་པ་ཡིན་པ་བསལ་བའི་ཕྱིར་བསྡུས་སོ༑། དགོས་པ་ཡན་ལག་ལ་སྒྲོ་འདོགས་པ་སྤངས་པ་དང༌། སྐད་གཞན་ལ་མོས་པ་རྣམས་ཀྱང་ཚེགས་ཆུང་ངུས་རྟོགས་པའོ། ། སྡུད་པ་པོ་ནི་དགྲ་བཅོམ་པ་གྲགས་པ་ལ་སོགས་པའོ། ། བསྡུ་བ་གསུམ་པའི་དོན་ལ་ཡང་དགུ་སྟེ། དུས་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ལོན་པ་ནའོ། ། འདུས་པ་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དགྲ་བཅོམ་པ་ལྔ་བརྒྱ། སོ་སོ་སྐྱེ་བོའི་དགེ་སློང་གཟུངས་ཐོབ་པ་ཁྲི་དྲུག་སྟོང་ངོ༌། ། གནས་ནི་ཁ་ཆེའི་དགོན་པ་ཛ་ལན་རྙ་རའོ། ། གསོལ་བ་འདེབས་པ་པོ་དང༌། སྦྱིན་བདག་ནི་རྒྱལ་པོ་ཀ་ནི་ཀའོ། ། བསྡུ་བར་བྱ་བའི་ཆོས་ནི་གྱེས་པའི་སྡེ་བ་བཅོ་བརྒྱད་དོ། ། དེ་རྣམས་གང་ཡིན་ན། རྩ་བའི་སྡེ་བ་བཞི་ལས། ཐམས་ཅད་ཡོད་པར་སྨྲ་བ་ལ་བདུན་ཏེ༑གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་དང༌། འོད་སྲུང་གི་སྡེ་དང༌། ས་སྟོན་པའི་སྡེ་དང༌། ཆོས་སྲུང་བའི་སྡེ་དང༌། མང་དུ་ཐོས་པའི་སྡེ་དང་༑གོས་དམར་ཅན་གྱི་སྡེ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེའོ། ། དགེ་འདུན་ཕལ་ཆེན་པའི་སྡེ་ལ་ལྔ་སྟེ། ཤར་གྱི་རི་བོའི་སྡེ། ནུབ་ཀྱི་རི་བོའི་སྡེ༑གངས་ཀྱི་རི་ལ་གནས་པའི་སྡེ། བརྟགས་པར་སྨྲ་བའི་སྡེ། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེའོ། ། གནས་བརྟན་པའི་སྡེ་ལ་གསུམ་སྟེ། རྒྱལ་བྱེད་ཚལ་ན་གནས་པའི་སྡེ། འཇིགས་མེད་རི་ལ་གནས་པའི་སྡེ། གཙུག་ལག་ཁང་ཆེན་ལ་གནས་པའི་སྡེའོ། ། མང་པོས་བཀུར་བ་ལ་གསུམ་སྟེ། ས་སྒྲོག་རིས་ཀྱི་སྡེ། སྲུང་བ་པའི་སྡེ། གནས་མ་བུའི་སྡེའོ། ། བསྡུ་བ་བྱ་བའི་དགོས་པ་ནི་བར་བར་འདྲ་ལ། བསལ་བྱ་ནི་གྱེས་པ་བཅོ་བརྒྱད་ཆོས་མ་ཡིན་ཟེར་བ་བསལ་ཏེ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བསྟན་པ་ཡིན་པར་བསྟན་པའོ། ། སྡུད་པ་པོ་ནི་སྐྱེ་བ་ཐ་མ་པའི་བྱང་ཆུབ་སེམས་དཔའ་བྷ་སུ་མི་ཏྲ་དང༌། དགྲ་བཅོམ་པ་སུར་ནི་ཀའོ། ། དེ་རྣམས་ནི་ཐེག་པ་ཐུན་མོང་བའི་འདོད་ཚུལ་གཙོ་ཆེ་ལ༑ཐེག་པ་ཆེན་པོ་པ་ལྟར་ན། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་ལ་སྭ་བྷྰ་ཝ་ཞེས་བྱ་བའི་རི་ལ་བྱང་ཆུབ་སེམས་དཔའ་ས་ལ་གནས་པ་འབུམ་ཕྲག་བཅུ་འདུས་ནས་ཆོས་ཀྱི་མཛོད་ཆེན་པོ་བསྡུ་བ་ལས། མདོ་སྡེ་ཕྱག་ན་རྡོ་རྗེ་དང༌། འདུལ་བ་བྱམས་པ་དང༌། མངོན་པ་འཕགས་པ་འཇམ་དཔལ་གྱིས་བསྡུས་སོ་ཞེས་ཀྱང་གྲགས་སོ། །

    གསུམ་པ་བསྟན་བཅོས་ཀྱི་རང་བཞིན་ངེས་པར་བྱ་བ་ལ། བཀའི་དགོངས་པ་འགྲེལ་པར་བྱེད་པའི་བསྟན་བཅོས་ཇི་ལྟར་བྱུང་བའི་ཚུལ་དང༌༑ཆོས་དེ་ཉིད་ཇི་ལྟར་བཤད་པ་དང་མཉན་པར་བྱ་བའི་ཚུལ་གཉིས་ལས། དང་པོ་ནི། དེ་ལ་བཀའ་དང་བསྟན་བཅོས་ཀྱི་ཁྱད་པར་གང་ཡིན་ཞེ་ན། བཀའ་དང་བསྟན་བཅོས་ཀྱི་ཁྱད་པར་འདི་ནི་འོག་ཏུ་གཞུང་གི་སྐབས་སུ་འཆད་པར་བྱེད་དོ། ། འདིར་བསྟན་བཅོས་དངོས་ལ་བཀའ་སྤྱིའི་འགྲེལ་པ་དང༌། སོ་སོའི་འགྲེལ་པ་གཉིས་ཡོད་ལ། སྤྱིའི་འགྲེལ་པ་ལ་ཚིག་གི་ཆ་ལ་འཁྲུལ་བ་སེལ་བར་བྱེད་པ་སྒྲའི་བསྟན་བཅོས་དང༌། དོན་གྱི་ཆ་ལ་འཁྲུལ་བ་སེལ་བར་བྱེད་པ་ཚད་མའི་བསྟན་བཅོས་དང་གཉིས་ཡོད་དོ། ། སོ་སོའི་འགྲེལ་པ་ལ་ཇི་ལྟར་བྱུང་ཚུལ་ནི། ཁོ་བོས་བྱས་པའི་རིན་ཆེན་ཐེམ་སྐས་སུ་ཅུང་ཟད་བརྗོད་པ་ཡོད་པས་དེར་ལྟ་བར་བྱའོ། །

    འདིར་མགོན་པོ་བྱམས་པས་མཛད་པའི་བྱམས་ཆོས་ལྔར་གྲགས་པ་འདི་ཇི་ལྟར་བྱུང་བའི་ཚུལ་ནི། སྔོན་གྱི་དུས་ན་རྒྱ་གར་གྱི་གཙུག་ལག་ཁང་ཞིག་ན་ཆོས་མངོན་པའི་གཞུང་མང་པོ་བཞུགས་པ་ལ། དེའི་ཚེ་སྤྲང་པོ་ལོང་བ་གཅིག་དང་དེའི་ལོང་ཁྲིད་པ་གཅིག་དང་གཉིས་ཀྱིས་གནས་དེར་ཟས་སློང་དུ་ཕྱིན་པས། དགེ་འདུན་གྱི་ཚ་བའི་དུས་སུ་ཐོན་པ་ན་ནན་ཆེར་བསླངས་པས་མེ་ཐབ་པས་ཚིག་རྩུབ་མོ་བྱུང་ནས་ལུས་ལ་འཁྲུད་མ་གཏོར་ཏོ། ། དེར་སྤྲང་པོ་ལོང་བ་འཁྲུགས་ཏེ་ང་ལ་ཟས་སྦྱོར་མཁན་བྱུང་ན་ངས་ཉི་མ་བསྒྲུབས་ཏེགཙུག་ལག་ཁང་འདི་མེད་པར་བྱེད་པ་ཡིན་ཟེར་རོ། ། དེར་གཡོག་པོས་ཁོ་བོས་ཟས་སྦྱར་གྱིས་ཟེར་ནས་ལོང་བ་དོང་ཞིག་ཏུ་ཞུགས་ནས་ཉི་མ་བསྒྲུབ༑གཡོག་པོས་ཟས་བཙལ་ནས་བྱིན་ནོ། ། དུས་ནམ་ཞིག་ན་ལོང་བ་ན་རེ་ཁོ་བོ་དོང་ནས་ཕྱུངས་ཤིག་ཟེར། གཡོག་པོ་དགའ་སྟེ་ཁྱོད་ཀྱིས་ཉི་མ་གྲུབ་བམ་བྱས་པས་ཉི་མ་མ་གྲུབ་ཟེར། གཡོག་པོ་ན་རེ་ངའི་གདོང་ཤ་མི་ལ་བྱིན་ཞིང་བྱིན་ཤ་ཁྱི་ལ་བྱིན་ནས་ཟས་བཙལ་བ་ཡིན་པས་ཉི་མ་མ་གྲུབ་ན་ཁྱོད་ཉིད་དོང་གི་ནང་དུ་གསད་པར་བྱའོ་ཞེས་སྨོས་སོ། ། དེར་ལོང་བ་ན་རེ་ཁོ་བོས་ད་དུང་བསྒྲུབ་ཀྱི་ཟས་ཚོལ་ཅིག་ཟེར། དེ་ལྟར་བྱས་པས་དུས་རེ་ཞིག་ན་ད་ནི་དོང་ནས་ཐོན་ལ་གཙུག་ལག་ཁང་དེའི་སྒོ་དྲུང་དུ་ཁྲིད་ཅིག་ཟེར་རོ། ། དེར་ཁྲིད་པས་ལོང་བས་མིག་ཅུང་ཟད་ཕྱེ་བས་མིག་ནས་མེ་བྱུང་སྟེ། གཙུག་ལག་ཁང་དེ་ཚིག་པར་གྱུར་ཏོ། །

    དེའི་དུས་ན་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཡིན་པ་དང་སྨོན་ལམ་གྱི་སྟོབས་ཀྱིས་བུད་མེད་ལུས་བཟུང་བ་ཞིག་ཡོད་པ་དེའི་བསམ་པ་ལ་ཁོ་མོ་རྟེན་དམན་པས་སངས་རྒྱས་ཀྱི་བསྟན་ལ་ཆེར་ཕན་པར་མི་ནུས་པས། བདག་གི་ལུས་འདི་ལ་བུ་བསྐྱེད་དེ་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པར་བྱའོ་སྙམ་དུ་ཐུགས་བསྐྱེད་ནས། རྒྱལ་རིགས་གཅིག་དང་ལྷན་ཅིག་ཏུ་གནས་པ་ལས་འཕགས་པ་ཐོགས་མེད་འཁྲུངས་ལ། བྲམ་ཟེ་ཞིག་དང་ལྷན་ཅིག་ཏུ་གནས་པ་ལས་སློབ་དཔོན་དབྱིག་གཉེན་འཁྲུངས་སོ། ། དེ་གཉིས་ཆེར་སྐྱེས་པ་དང་སློབ་དཔོན་དབྱིག་གཉེན་ནི་ལྷོ་ཕྱོགས་ཁ་ཆེར་བྱོན་ནས། སློབ་དཔོན་འདུས་བཟང་ཞེས་བྱ་བ་ལ་ཆོས་མང་དུ་གསན་ཏེ། རང་ལས་མཁས་པའི་སློབ་མ་བཞི་འབྱུང་བ་ལ་སོགས་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་ཀྱི་བྱ་བ་ཆེན་པོ་མཛད་དོ། ། སློབ་དཔོན་ཐོགས་མེད་ནི་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། ། བསྟན་བཅོས་དེ་ནི་དོན་ལ་མཁས། ། མདོ་སྡེ་ངེས་དོན་དྲང་བའི་དོན། ། རྣམ་པ་མང་པོ་རབ་ཏུ་འབྱེད། ། འཇིག་རྟེན་རིག་པ་སྟོན་བདག་ཉིད། ། གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། ། ཞེས་ལུང་བསྟན་པ་ལྟར་རིག་པའི་གནས་ལྔ་ལ་མཁས་པའི་མཆོག་ཏུ་གྱུར་ཀྱང༌། དེ་དུས་དེ་བཞིན་གཤེགས་པའི་གསུང་གི་གསང་བའི་གནས་ཤིན་ཏུ་ཕྲ་བ་འགའ་ཞིག་ལྐོག་ཏུ་གྱུར་པར་མཁྱེན་ནས། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་བླ་ན་མེད་པ་བརྙེས་པ་སྐྱེ་བ་གཅིག་གི་འོག་རོལ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་བཅོམ་ལྡན་འདས་མགོན་པོ་བྱམས་པ་བསྒྲུབ་པར་དགོངས་ཏེ། ཨ་སུ་རའི་བྲག་ཕུག་ཅེས་བྱ་བར་བྱོན་ནས་ལོ་གསུམ་བསྒྲུབས་པས་མཚན་མ་ཅུང་ཟད་ཀྱང་མ་མཐོང་བས་སྐྱོ་སྟེ། ཕྱིར་ཐོན་པ་ན་རྒན་པོ་ཤིང་བལ་གྱི་འདབ་མས་ལྕགས་ཀྱི་སྡོང་བུ་ལ་ཁབ་བྱེད་པ་མཐོང་ནས་དྲིས་པར། སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། ། བསྒྲུབ་ན་མི་འགྲུབ་གང་ཡང་མེད༑། དཀའ་ཡང་བརྣག་པ་མ་དོར་བས། ། རི་བོ་རྣམས་ཀྱང་ཐལ་བར་རློག། ཅེས་ཟེར་བས་རྐྱེན་བྱས་ཏེ་ཕྱིར་ལོག་ནས་ཡང་ལོ་གསུམ་བསྒྲུབས་ནས་ཐོན་པ་ན། ཆུ་ཐིགས་ཀྱིས་བྲག་ཟད་པ་མཐོང་ནས་བརྩོན་པའི་བློ་སྐྱེས་ཏེ་ཕྱིར་ལོག། ཡང་ལོ་གསུམ་བསྒྲུབས་ཏེ་ཐོན་པ་ན་བྱ་སྒྲོས་བྲག་ཟད་པ་མཐོང་ནས་སྔར་ལྟར་ཕྱིར་ལོག། ཡང་ལོ་གསུམ་བསྒྲུབས་པས་མཚན་མ་མ་བྱུང་བར་སྐྱོ་སྟེ་གཞན་དུ་བྱོན་པས། ལམ་ཀ་ཅིག་ན་ཁྱི་མོ་ཞིག་གི་ཁོག་སྨད་འབུས་ཁྱེར་ནས་མི་ཐེག་ཀྱང་ཁོག་སྟོད་བཏེག་ནས་སློབ་དཔོན་ལ་ཟུག་པ་གཟིགས་པས་དེ་ལ་ཐུགས་སྐྱོ་བ་ཆེན་པོ་སྐྱེས་ཏེ། ཀྱེ་མ་འདི་ལྟ་བུའི་སེམས་ཅན་ལས་ཀྱིས་མནར་བ་སྙིང་རྗེ་བར་དགོངས་ཏེ། འབུ་ཐང་ལ་བོར་བས་ནི་འབུ་འཆི་བར་འགྱུར་ལ་འབུ་མ་བསལ་ན་ཁྱི་མོ་འཆི་བར་གཟིགས་ཏེ། རང་ཉིད་ཀྱི་བརླའི་ཤ་བཅད་པའི་གསེབ་ཏུ་འབུ་རྣམས་བཞག་པས་ཅུང་ཞིག་བརྒྱལ་བར་གྱུར་ཏོ། ། དེ་ནས་བརྒྱལ་བ་སངས་པ་དང་མགོན་པོ་བྱམས་པ་མདུན་གྱིས་ནམ་མཁར་བྱོན་པ་མངོན་སུམ་དུ་གཟིགས་སོ། ། སློབ་དཔོན་གྱིས་ཁོ་བོས་དེ་ཙམ་དུ་འབད་ཀྱང་ཞལ་མི་སྟོན་པ་ཐུགས་རྗེ་རེ་ཆུང་བྱས་པས། བཅོམ་ལྡན་འདས་ཀྱི་ཞལ་ནས་བྲག་ལ་ཆུ་ཕོག་པ་དང་ཁྱི་མོ་ལ་སོགས་པ་དེ་རྣམས་ཐམས་ཅད་ཁོ་བོ་ཡིན་ཏེ་ཁྱོད་ཀྱི་སྒྲིབ་པ་མ་དག་པས་མ་མཐོང་བར་ཟད་དོ། ། ད་ལྟ་གདུང་ཤུགས་དྲག་པོ་དེས་སྒྲིབ་པ་དག་སྟེ་མཐོང་ངོ༌། ། དེ་ཡིན་མིན་ང་སྤྱི་བོའི་ཐོག་ཏུ་གནས་ཀྱིས་གྲོང་ཁྱེར་དུ་སོང་ཞིག་གསུངས། དེ་ལྟར་བྱས་པས་སུས་ཀྱང་མ་མཐོང༌། རྒན་མོ་སྣང་བ་དག་ཤོས་ཤིག་གིས་ཁྱི་མོར་མཐོང་ངོ༌། ། དེ་ནས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་ལ་བརྟེན་ནས་དགའ་ལྡན་དུ་བྱོན་ཏེ་ལོ་ངོ་གསུམ་བར་དུ་བཞུགས་ནས་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་གསན་པས་ཤེས་རབ་ཀྱི་དབང་པོ་ཤིན་ཏུ་རྒྱས་པར་གྱུར་ནས་སྔར་གྱི་ཐེ་ཚོམ་ཐམས་ཅད་དང་བྲལ་བར་གྱུར་ཏོ། ། དེ་ནས་འཛམ་བུ་གླིང་ལ་སྐལ་བ་དང་ལྡན་པ་རྣམས་ལ་ཕན་གདགས་པར་བཞེད་ནས། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ཟབ་མོ་རྣམས་ཀྱི་དགོངས་པ་བསྡུས་ནས་སྟོན་ཅིང་ཉམས་ལེན་དུ་གོ་བདེ་བར་མཛད་པའི་བསྟན་བཅོས་རྒྱན་རྣམ་པ་གཉིས་དང༌། རྣམ་འབྱེད་རྣམ་པ་གཉིས་དང༌། ཐེག་པ་ཆེན་པོ་རྒྱུད་བླ་མ་སྟེ་ལྔ་གདན་དྲངས་ནས་བྱོན་ཏོ། ། དེ་ལ་མངོན་རྟོགས་རྒྱན་དང་རྒྱུད་བླ་མ་གཉིས་ལ་སློབ་དཔོན་འཕགས་པ་ཉིད་ཀྱིས་འགྲེལ་པ་མཛད་ལ། མདོ་སྡེའི་རྒྱན་དང་འབྱེད་རྣམ་པ་གཉིས་ཏེ་གསུམ་ལ་སློབ་དཔོན་དབྱིག་གཉེན་གྱིས་འགྲེལ་པ་མཛད་དེ། འཛམ་བུ་གླིང་གི་རྒྱན་ཆེན་པོར་གྱུར་ནས་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་དར་ཞིང་རྒྱས་པར་མཛད་དོ། ། དེ་དག་ལས་དྲང་དོན་གྱི་གསུང་རབ་དང་ངེས་དོན་གྱི་གསུང་རབ་གང་ཡིན་ཞེ་ན། ཁ་ཅིག་ན་རེ། དང་པོ་བཞི་ཁ་ཡང་དྲང་དོན་དུ་མཛད་པའི་དགོངས་པ་འགྲེལ་པའི་བསྟན་བཅོས་ཡིན་ཟེར་བ་ནི་མི་འཐད་དེ། མངོན་རྟོགས་རྒྱན་གྱིས་བཀའ་འཁོར་ལོ་བར་པ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་པ་ཇི་ལྟ་བ་བཞིན་མ་བཤད་པར་འགྱུར་ཏེ། དྲང་དོན་གྱི་མདོའི་དགོངས་པ་འཆད་བྱེད་ཡིན་པའི་ཕྱིར་རོ། ། འདོད་ན། འདི་ལྟར་རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་ཀྱང་ཞེས་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་འགྲེལ་པ་ཡིན་པར་བཤད་པས་སོ། །

    དེས་ན་མངོན་རྟོགས་རྒྱན་གྱིས་ནི་བཅོམ་ལྡན་འདས་ཀྱི་ཆོསཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པའི་མདོ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་ངེས་དོན་གྱི་མདོའི་བརྗོད་བྱ་ཟབ་མོ་སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས་མངོན་པར་རྟོགས་པའི་ལམ་གྱི་རིམ་པ་རྣམས་ཡུལ་དང་སྦྱར་ནས་སྟོན་པ་ཡིན་ལ།

    མདོ་སྡེ་རྒྱན་གྱིས་ནི། བཀའ་འཁོར་ལོ་བར་པའི་བརྗོད་བྱ་ཡུལ་ཟབ་མོ་སྟོང་པ་ཉིད་དང་དེ་རྟོགས་པའི་ཡུལ་ཅན་ཡེ་ཤེས་ལ་སྐྲག་པ་སྤོང་བའི་དོན་དུ་རེ་ཞིག་ཐེག་པ་གསུམ་དུ་སྟོན་ཅིང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པའི་མདོ་རྣམས་དགོངས་པ་ཅན་དུ་འཆད་པའི་མདོ་སྡེ་རྣམས་ཀྱི་དགོངས་པ་གཏན་ལ་འབེབས་པར་བྱེད་པ་དང༌༑བྱང་ཆུབ་སེམས་དཔའ་རྣམས་ཚོགས་སྦྱོར་ལ་སོགས་པའི་ལམ་གྱི་གནས་སྐབས་དེ་དང་དེ་དག་ཏུ་རང་ཉིད་ཁྱད་པར་དུ་འགྲོ་བ་དང༌༑གང་ཟག་གཞན་རྗེས་སུ་འཛིན་པའི་ཐབས་ཀྱི་སྤྱོད་པ་རྗེས་སུ་སྒྲུབ་པའི་ཚུལ་གྱིས་སྟོན་པར་བྱེད་དོ། །

    ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པས་ནི། གཟུང་འཛིན་གཉིས་སྣང་ཞེན་པ་དང་བཅས་པའི་ཡུལ་དང་ཡུལ་ཅན་ནི་འཁོར་བའི་རྟེན་ཆོས་ཅན་ཡིན་ལ། དེ་དག་ངོ་བོ་ཉིད་ཀྱིས་དག་པའི་སྟོང་པ་ཉིད་ནི་མྱ་ངན་ལས་འདས་པ་ཐར་པའི་རྟེན་ཆོས་ཉིད་དུ་སྟོན་ཏོ། །

    དབུས་དང་མཐའ་རྣམ་པར་འབྱེད་པས་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་མཚན་ཉིད་གསུམ་གྱི་རང་བཞིན་དུ་བསྟན་ཏེ། ཤེས་བྱ་དང་ལམ་དང་འབྲས་བུ་སྟེ་གསུམ་དུ་རྣམ་པར་བཞག་གོ།

    ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་ཀྱིས་ནི། བཀའ་འཁོར་ལོ་བར་པའི་བརྗོད་བྱ་དོན་དམ་པ་དེ་ཉིད་རྒྱུ་མཚན་དང་བཅས་ཏེ་གཏན་ལ་འབེབས་པར་བྱེད་པ་བཀའ་འཁོར་ལོ་གསུམ་པའི་མདོ་རྣམས་ཀྱི་ནང་ནས། ངེས་དོན་གྱི་མདོ་སྡེ་དམ་པའི་ཆོས་པདྨ་དཀར་པོ་དང་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་དང་འཕགས་པ་ཡེ་ཤེས་སྣང་བ་རྒྱན་དང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་ལ་སོགས་པ་ཕྱིར་མི་ལྡོག་པའི་ས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་ཉན་རང་རྣམས་ཀྱི་སྤྱོད་ཡུལ་ལས་འདས་པ་མཐར་ཐུག་ཐེག་པ་གཅིག་ཏུ་ངེས་པར་བྱེད་པའི་མདོ་སྡེ་རྣམས་ཀྱི་དོན་ཕྱིན་ཅི་མ་ལོག་པར་གསལ་བར་བྱེད་པ་ཡིན་ནོ། ། དེས་ན་མངོན་རྟོགས་རྒྱན་དང་རྒྱུད་བླ་མ་གཉིས་ནི། ངེས་དོན་གྱི་མདོའི་དགོངས་པ་སྒྲ་ཇི་བཞིན་དུ་འགྲེལ་པར་བྱེད་པས་ངེས་དོན་ཡིན་ནོ། ། གཞན་གསུམ་གྱིས་ནི་ཆོས་ཐམས་ཅད་གཙོ་ཆེར་སེམས་ཙམ་དུ་གསལ་བར་མཛད་ཅིང་ཐེག་པ་གསུམ་ཅི་རིགས་པར་སྟོན་པས་དྲང་དོན་གྱི་མདོའི་དགོངས་པ་འགྲེལ་པར་བྱེད་པའི་བསྟན་བཅོས་ཡིན་ནོ། ། གལ་ཏེ་དེ་ལྟར་ན་མདོ་ལས། གང་དུ་སྟོན་པ་བདེ་བར་གཤེགས་པའི་བསྟན། ། ངེས་དོན་མདོ་སྡེའི་བྱེ་བྲག་ཤེས་པར་གྱིས། ། གང་ལས་བདག་དང་སེམས་ཅན་སྐྱེས་བུ་བསྟན། ། ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས༑། ཞེས་ཀུན་རྫོབ་སྟོན་པ་ཐམས་ཅད་དྲང་དོན་དུ་གསུངས་ལ། དེ་ལྟར་ན་མངོན་རྟོགས་རྒྱན་ལས་བདེན་པ་བཞིའི་རྣམ་གཞག་དང་དགེ་འདུན་ཉི་ཤུ་དང༌། འཕགས་པ་བཞི་ཀའི་སྤངས་རྟོགས་གསལ་བར་བྱེད་པས་དྲང་དོན་དུ་འགྱུར་རོ། ། ཅི་སྟེ་ན་ཀུན་རྫོབ་ཀྱང་སྟོན་པའི་ཕྱིར་རོ་ཞེ་ན། བདག་དང་སེམས་ཅན་ལ་སོགས་པ་འཁྲུལ་ངོ་ན་བཏགསརྭཔ་ཙམ་དུ་ཡོད་པ་ལ་དགོངས་ནས་དེ་དག་ཀུན་རྫོབ་ཏུ་ཡོད་པ་ལྟར་གསུངས་པ་ནི་དྲང་བའི་དོན་ཡིན་ཏེ། དེ་ལྟར་གསུངས་པའི་དགོངས་པ་ནི་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པ་ཡིན་པའི་ཕྱིར་རོ། ། ཀུན་རྫོབ་ཙམ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་གསུངས་པ་ནི་དྲང་དོན་མ་ཡིན་ཏེ། དེ་ནི་ཤེས་བྱའི་གནས་ལུགས་བརྗོད་པ་ཡིན་པའི་ཕྱིར། དེའི་དགོངས་པ་གཞན་དུ་དྲང་མི་དགོས་ཏེ། དཔེར་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པ་བཞིན་ནོ། ། བདེན་པ་བཞི་ལ་དམིགས་རྣམ་དུ་བཤད་པ་དང༌། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ཏུ་བཤད་པ་དང༌། དགེ་འདུན་ཉི་ཤུའི་རྣམ་གཞག་ལ་སོགས་པ་ཡང་ཡུམ་རྒྱས་འབྲིང་ལ་སོགས་པ་ནས་དེ་ལྟར་གསུངས་ལ། དེ་ལྟར་བཤད་པས་དྲང་དོན་དུ་ཡང་མི་འགྱུར་ཏེ། བརྗོད་བྱའི་གཙོ་བོ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། ། འཕགས་པ་བཞི་ཀའི་སྤངས་རྟོགས་གསལ་བར་བྱེད་པ་ནི། ཐེག་ཆེན་འཕགས་པའི་ལམ་གྱི་ནང་དུ་འཕགས་པ་འོག་མ་གཉིས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་གྱི་ཆ་དེ་དག་ཡར་ལྡན་དུ་འདུས་པར་སྟོན་ལ། གཞན་ཐེག་པ་དམན་པའི་ལམ་གྱི་གཞི་ལམ་འབྲས་བུ་དང་བཅས་པ་ཐམས་ཅད་ཐེག་པ་ཆེན་པོའི་ལམ་གྱི་མི་མཐུན་ཕྱོགས་སུ་གསུངས་པའི་ཕྱིར་རོ། ། དེ་ལྟར་ཆོས་རྣམ་པ་ལྔའི་ནང་ནས་འདིར་ནི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་འཆད་པར་བྱེད་དོ། །

    གཉིས་པ་ཆོས་དེ་ཉིད་ཇི་ལྟར་བཤད་པ་དང་མཉན་པར་བྱ་བའི་ཚུལ་ལ་གསུམ་སྟེ། ཇི་ལྟར་བཤད་པའི་ཚུལ་དང༌། ཇི་ལྟར་མཉན་པའི་ཚུལ་དང༌། ཚུལ་དེ་ལྟར་བཤད་པ་དང་མཉན་པའི་ཕན་ཡོན་ནོ། །

    དང་པོ་ལ་གཉིས་ཏེ། ཆོས་སྟོན་པ་པོའི་གང་ཟག་དང༌། དེས་ཇི་ལྟར་སྟོན་པའི་ཚུལ་ལོ། ། དང་པོ་ནི་མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། ། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག། དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། ། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། ། ཞེས་གསུངས་ཏེ། ཡོན་ཏན་དེ་དག་དང་ལྡན་པ་ནི་རབ་ཡིན་ལ་དེ་ལྟ་མ་ཡིན་ན། རྒྱ་ཆེ་ཐེ་ཚོམ་སྤོང་བ་དང༌། ། གཟུང་འོས་དེ་ཉིད་གཉིས་སྟོན་པ། ། འདི་ནི་བྱང་ཆུབ་སེམས་དཔའ་ཡི། ། སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། ། ཞེས་གསུངས་པས། མང་དུ་ཐོས་པས་རྒྱ་ཆེར་འཆད་པ་དང༌། ཤེས་རབ་ཆེ་བས་གཞན་གྱི་ཐེ་ཚོམ་གཅོད་པ་དང༌། སྒོ་གསུམ་ཁ་ན་མ་ཐོ་བ་མེད་པས་ཚིག་གཟུང་བར་འོས་པ་དང༌། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་དེ་ཁོ་ན་ཉིད་གཉིས་སྟོན་པ་ལ་ལུང་རིགས་མན་ངག་རྣམས་དང་མི་འགལ་བས་བཤད་བྱའི་དོན་ལ་མཁས་པ་དང༌། འཆད་བྱེད་ཀྱི་བརྡ་དག་པ་དང༌། བཤད་པའི་ངག་ཚིག་མི་ཟློས་ཤིང་འབྲེལ་བ་དང༌། འཆད་དུས་ཀྱི་དབྱངས་སྙན་ཞིང་གཞན་དོན་ལ་མཁས་པ་བསམ་པ་དགེ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་དེ་རྣམས་དང་ལྡན་པ་ནི་ཆོས་སྟོན་པར་འོས་པའི་གང་ཟག་ཡིན་ནོ། ། གཉིས་པ་གང་ཟག་དེས་ཇི་ལྟར་སྟོན་པའི་ཚུལ་ནི། ཆོས་སྟོན་པའི་དུས་ན་ངལ་དུབ་ལ་སོགས་པའི་གནོད་པ་དང་འཁོར་གྱིས་ལོག་སྒྲུབ་བཟོད་པར་བྱས་ནས་ལེགས་པར་བཤད་པའི་དོན་སྟོན་པ་ཡིན་ཏེ། དེ་ཡང་གདུལ་བྱའི་དབང་པོ་དང་བསྟུན་ནས་དབང་པོ་རྣོན་པོ་མགོ་སྨོས་པ་ཙམ་གྱིས་གོ་བ་ལ་མདོར་བསྡུས་པའི་ཚུལ་གྱིས་སྟོན་པ་དང༌། ཅུང་ཟད་ཕྱེ་སྟེ་སྟོན་པས་གོ་བ་ལ་རྣམ་པར་འབྱེད་པ་དང༌། རྒྱ་ཆེར་སྤྲོས་པས་གོ་བ་ལ་རྒྱ་ཆེར་འགྲེལ་པར་བྱེད་པའོ། ། དེ་ལྟར་སྟོན་པ་ལ་གལ་ཏེ་ཁྱོད་ཀྱི་ཆོས་སྟོན་པ་འདི་ནི་ལུང་འདི་དང་འགལ་བ་དང༌། རིགས་པ་འདི་དང་འགལ་བ་དང༌༑གཞུང་སྔ་ཕྱི་ཟློས་པ་དང་མ་འབྲེལ་བ་ལ་སོགས་པའི་སྐྱོན་འདི་དང་འདི་དག་ཡོད་དོ་ཞེས་རྒོལ་ན། དེ་ལ་ལེགས་པར་དཔྱད་པར་བྱ་སྟེ༑ཆགས་སྡང་གིས་ཀུན་ནས་བསླངས་ཏེ་དོན་ལ་སྐྱོན་མི་གནས་པའི་རྩོད་པའམ། རྨོངས་པའི་གང་ཟག་ཚིག་དང་དོན་མ་གོ་བར་གཞན་དུ་མུ་ཅོར་སྨྲ་བའི་རྩོད་པའམ། འོན་ཏེ་སྤྱི་བརྟོལ་ཅན་འཕྲལ་གྱི་ཁ་རྒྱལ་ཙམ་དུ་རྩོད་ན་དེ་ལ་ལན་གདབ་པར་མི་བྱ་སྟེ། ལོག་པའི་ལམ་ལ་མཐའ་མེད་ཕྱིར། ། དེ་དག་འདིར་ནི་སྤྲོ་བྱ་མིན། ། ཞེས་གསུངས་སོ། ། དེ་ལྟར་མ་ཡིན་པར་ཆོས་ཀྱི་ཚིག་དོན་ལ་དཔྱོད་ཅིང་ཐེ་ཚོམ་གྱིས་འདྲི་བའམ་རྩོད་པར་བྱེད་ན། དེ་ལ་ལུང་རིགས་དང་མཐུན་པའི་ལན་བཏབ་པས་གཞན་ལ་ཕན་པའི་ངེས་ཤེས་ཀྱི་རྟོགས་པ་སྐྱེད་པར་བྱེད་པ་ཡིན་ནོ། ། དེ་དག་གི་སྒོ་ནས་ཆོས་སྟོན་པ་ལ་སྦྱོར་བ་ཕུན་སུམ་ཚོགས་པ་དང༌། དངོས་གཞི་ཕུན་སུམ་ཚོགས་པ་དང༌། རྗེས་ཀྱི་བྱ་བ་དང་གསུམ་མོ། ། དང་པོ་ནི་གདུལ་བྱ་དད་པ་བསྐྱེད་པའི་ཕྱིར་སྤྱོད་ལམ་རྣམ་པར་དག་པར་བྱ་བ་དང༌། བཤད་པ་མཐར་ཕྱིན་པར་བྱ་བའི་ཕྱིར་དཀོན་མཆོག་ལ་ཕྱག་མཆོད་བྱས་ནས་བར་ཆད་བཟློག་པ་དང་༑ཚད་མེད་བཞིའི་བསམ་པ་སྔོན་དུ་བཏང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། རང་ཉིད་ཀྱང་ཆོས་ཀྱི་རྒྱལ་པོར་མོས་ལ་ཆོས་འཆད་པའི་ངག་ཀྱང་གསུང་དབྱངས་ཡན་ལག་དྲུག་ཅུར་བསྒོམ་མོ༑། གཉིས་པ་དངོས་གཞིའི་དུས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བཤད་པར་བྱ་སྟེ། དེ་དག་ཀྱང་རང་རྒྱུད་ཀྱི་ཚིག་དོན་གྱི་རྟོགས་པ་གཞན་ལ་སྟེར་བར་བྱེད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡིན་ལ། དེ་བཞིན་དུ་སྒོ་གསུམ་གྱི་ཉེས་སྤྱོད་སྤངས་པའི་ཚུལ་ཁྲིམས་དང་༑ཚ་གྲང་དང་བཀྲེས་སྐོམ་ལ་སོགས་པའི་གནོད་པ་ལ་བསྲན་ཐུབ་པའི་བཟོད་པ་དང༌། བཤད་པའི་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང་༑དེ་ལ་སེམས་རྩེ་གཅིག་ཏུ་གནས་པའི་བསམ་གཏན་དང༌། ཆོས་ཀྱི་ཚིག་དོན་དང་འགལ་འབྲེལ་ལ་དཔྱོད་པར་བྱེད་པ་ནི་ཤེས་རབ་སྟེ་དྲུག་དང་ལྡན་ཞིང་དེ་ཡང་འཁོར་གསུམ་དུ་དམིགས་པ་དང་བྲལ་ཞིང་༑རྣམ་པར་མི་རྟོག་པའི་རྩིས་ཟིན་པར་བྱས་ཏེ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པར་བཤད་དོ། ། གསུམ་པ་རྗེས་ལ་ཉེས་པ་འཕགས་པའི་ཚོགས་ལ་བཟོད་པར་གསོལ་བ་དང་དགེ་བ་བྱང་ཆུབ་ཏུ་བསྔོས་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་དྲན་པར་བྱའོ། །

    གཉིས་པ་ཇི་ལྟར་མཉན་པའི་ཚུལ་ཡང་གཉིས་ཏེ། གང་གིས་མཉན་པའི་གང་ཟག་དང༌། གང་ཟག་དེས་ཚུལ་ཇི་ལྟར་མཉན་པའོ། ། དང་པོ་ནི༑འདུན་དང་ཞེ་སྡང་རྨོངས་པ་དང༌། ། འཇིགས་པས་གང་ཞིག་ཆོས་མི་འདའ། ། དེ་ནི་དད་ཅན་ཞེས་བྱ་སྟེ། ། ངེས་པར་ལེགས་པའི་སྣོད་མཆོག་ཡིན། ། ཞེས་གསུངས་པས། མདོར་ན་བསམ་པ་མ་གུས་པ་དང༌། ཁེངས་པ་དང༌། ཁྱད་དུ་གསོད་པ་དང༌། ཀླན་ཀ་ཚོལ་བ་དང༌། ཚོད་ཉུལ་བའི་བསམ་པ་ཅན་དང༌། སྤྱོད་ལམ། མི་ན་བཞིན་དུ་མགོ་དཀྲིས་དང་༑། གདུགས་དང་འཁར་བ་མཚོན་ཐོགས་དང༌། ། མགོ་བོ་གཡོགས་པ་དག་ལ་མིན། ། ཞེས་གསུངས་པ་རྣམས་དང༌། དེ་བཞིན་དུ་ཁྲི་ལ་འདུག་པ་དང་འགྲེང་སྟེ་འདུག་པ་ལ་སོགས་པ་རྣམས་ནི་བསམ་པ་སུ་བླངས་ལ་རྒྱུ་ཉོན་མོངས་པའི་ནད་འབྲས་བུ་སྡུག་བསྔལ་གྱི་ཟུག་གཟེར་དང་བཅས་པ་འདི་བསལ་བར་བྱའོ་སྙམ་པའི་འདུ་ཤེས་ཀྱིས་མཉན་པར་བྱའོ། ། གཉིས་པ་དངོས་གཞི་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་མཉན་ཏེ། དེ་ཡང་ཆོས་སྨྲ་བའི་གདན་ཁྲི་བཤམས་པ་དང༌། མཆོད་པ་བཀྲམ་པ་དང༌། ཆོས་གོས་ལ་སོགས་མེ་ཏོག་གི་བར་དུ་འབུལ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། ། དེ་བཞིན་དུ་སྒོ་གསུམ་ཆོས་ལ་བཀོད་ནས་ཉེས་སྤྱོད་ཐམས་ཅད་སྡོམ་པར་བྱེད་ཅིང༌། ཉན་པའི་སྐྱོན་གསུམ་སྤངས་པའི་ཚུལ་ཁྲིམས་དང༌། ཆོས་མཉན་པའི་དུས་ཀྱི་དཀའ་སྤྱད་ཀྱི་སྡུག་བསྔལ་ཐམས་ཅད་དང་དུ་ལེན་པ་བཟོད་པ་དང༌༑ཆོས་ཀྱི་ཚིག་དང་དོན་ཀུན་ཤེས་པར་བྱའོ་ཤེས་ནས་རང་ཉིད་ཀྱིས་ཚུལ་བཞིན་དུ་སྒྲུབ་པ་དང་གཞན་ལ་ཡང་དོན་ལེགས་པར་སྟོན་པར་བྱེད་པའི་བསམ་པས་ཉན་པ་ལ་སྤྲོ་བར་གྱུར་པའི་བརྩོན་འགྲུས་དང༌༑ཆོས་མཉན་པའི་དུས་ན་ཡིད་གཞན་དུ་མི་གཡེང་བར་ཆོས་འཆད་པའི་སྒྲ་ལ་སེམས་རྩེ་གཅིག་ཏུ་གཏོད་པའི་བསམ་གཏན་དང༌། ཆོས་ཀྱི་ཚིག་དོན་ཕྱི་མ་རྣམས་འཛིན་ཅིང་སྔ་མ་རྣམས་སྐྱོང་ལ་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་ལེགས་པར་དཔྱོད་ཅིང་རྣམ་པ་འབྱེད་པའི་ཤེས་རབ་སྟེ་དེ་དག་ཀྱང་འཁོར་གསུམ་རྣམ་པར་དག་པར་བསྒྲུབ་པར་བྱའོ། ། གསུམ་པ་དེའི་རྗེས་ནི་ནོངས་པ་བཟོད་པར་གསོལ། དགེ་བ་གཞན་དོན་དུ་བྱང་ཆུབ་ཆེན་པོར་བསྔོ་ཞིང་བཀའ་དྲིན་གྱི་ཕྱག་བྱའོ། །

    གསུམ་པ་ཚུལ་དེ་ལྟར་བཤད་པ་དང་ཉན་པའི་ཕན་ཡུན་ལ་གནས་སྐབས་ཀྱི་ཕན་ཡོན་དང༌། མཐར་ཐུག་པ་ཕན་ཡོན་ནོ། ། དང་པོ་ལ་འཆད་པ་པོས་ཐོབ་པའི་ཕན་ཡོན་ནི་ཟང་ཟིང་གི་སྦྱིན་པ་བས་ཆོས་ཀྱི་སྦྱིན་པ་མཆོག་ཡིན་པ་དང༌། ཕན་འདོགས་པ་རྣམས་ཀྱི་ནང་ནས་ཆོས་ཀྱིས་ཕན་འདོགས་པ་མཆོག་ཡིན་པ་དང༌། སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་པས་སྟོན་པ་ལ་མཆོད་པ་བླ་ན་མེད་པར་འགྱུར་བ་དང་གསུམ་སྟེ། མདོ་ལས། སྟོང་གསུམ་འཇིག་རྟེན་ཁམས་འདི་གསེར་དག་གིས། ། བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། ། ཚིག་བཞིའི་ཚིགས་སུ་བཅད་པ་གཅིག་བརྗོད་པ། ། དེ་ཡི་ཕན་ཡོན་དེ་འདྲ་དེ་ལ་མེད། ། ཅེས་གསུངས་སོ། ། ཉན་པ་པོས་ཐོབ་པའི་ཕན་ཡོན་ནི། ལེགས་པར་གསུངས་པའི་གསུང་རབ་ཀྱི་ཚོགས་ལ་སྒྲོ་འདོགས་ཆོད་ནས་ཤེས་རབ་ཀྱི་སྣང་བ་རྒྱ་ཆེན་པོ་སྐྱེ་བ་དང༌། རྒྱུ་མི་དགེ་བ་སྤངས་པའི་འབྲས་བུ་ངན་སོང་གི་སྡུག་བསྔལ་སྤངས་པ་དང་ཐོས་བསམ་སྒོམ་གསུམ་ལ་འཇུག་པའི་རིམ་པ་མ་འཁྲུགས་པ་དང་གསུམ་འབྱུང་སྟེ། མདོ་ལས་ཀྱང༌། ཐོས་པས་དོན་རྣམས་རྟོགས་པར་བྱེད། ། ཐོས་པས་སྡིག་ལས་ལྡོག་པར་བྱེད། ། ཐོས་པས་དོན་མ་ཡིན་པ་སྤོང༌། ། ཐོས་པས་མྱ་ངན་འདས་པ་འཐོབ། ། ཅེས་མང་དུ་གསུངས་སོ། ། གཞན་ཡང་འཆད་པ་པོ་དང་ཉན་པ་པོའི་སྐྱོན་ཡོན་རྟོགས་པ་དང༌། བླང་དོར་གྱི་དམིགས་ཕྱེད་པས་འཇུག་པ་བདེ་བ་དང༌། བཤད་ཉན་ལམ་དུ་གྱུར་ནས་སྒྲིབ་པ་སྤོང་བ་ལ་སོགས་པའི་ཕན་ཡོན་དུ་མ་ཡོད་དོ། ། གཉིས་པ་མཐར་ཐུག་གི་ཕན་ཡོན་ནི་སངས་རྒྱས་ཀྱི་སྐུ་གསུམ་འཕྲིན་ལས་དང་བཅས་པ་ཡིན་ལ། དེ་དག་གི་རྒྱུ་ནི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཡིན་ཞིང༌། དེའི་སྔོན་དུ་ཡང་ཐོས་བྱུང་གི་ཤེས་རབ་འགྲོ་བ་ཡིན་ཏེ། གཞུང་ནས་ཀྱང༌། ཤེས་རབ་ལས་གཞན་དེ་དག་ནི། ། སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར། ། ཤེས་རབ་མཆོག་ཡིན་དེ་གཞི་ནི། ། ཐོས་པ་དེ་ཕྱིར་ཐོས་པ་མཆོག། ཅེས་གསུངས་སོ། ། དེ་བས་ན་ཁྱེད་རྣམས་ཀྱིས་ཀྱང་ཆོས་ཉན་པའི་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དེ་དག་ཡིད་ལ་ཞོག་ལ། ཉན་པའི་ཚུལ་དེ་ལྟ་བུས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། ཁོ་བོས་ཀྱང་བཤད་པའི་ཕན་ཡོན་དེ་དག་ཡིད་ལ་བྱས་ལ་འཆད་པའི་ཚུལ་དེ་ལྟ་བུས་ལེགས་པར་བཤད་པར་བྱ་སྟེ། མདོ་ལས་ཀྱང་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་པར་བྱའོ། ། ཞེས་གསུངས་སོ། །

    གཉིས་པ། དངོས་གཞི་འཆད་པ།

    གཉིས་པ་ནི། དེ་ལྟར་དོན་རྣམ་པ་གསུམ་པོ་དེས་བཤད་ཉན་བྱེད་པའི་ཚུལ་རྣམ་པར་བཞག་ནས་བཤད་པ་དངོས་གཞི་ལ་གཉིས་ཏེ། བསྟན་བཅོས་ཀྱི་མཚན་གྱི་དོན་དང༌། བསྟན་བཅོས་ཀྱི་རང་བཞིན་བཤད་པའོ། །

    ༡ བསྟན་བཅོས་ཀྱི་མཚན་གྱི་དོན་བཤད་པ།

    དང་པོ་ལ་གསུམ་སྟེ། མཚན་སྨོས་པའི་དགོས་པ། མཚན་བསྒྱུར་བ། མཚན་བཤད་པའོ། ། དང་པོ་ལ་རྒྱ་གར་གྱི་སྐད་སྨོས་པ་བསྟན་བཅོས་ཁུངས་བཙུན་པར་ཤེས་ནས་ཆོས་ལ་ཡིད་ཆེས་སྐྱེས་པར་འགྱུར་བའོ། ། བོད་སྐད་སྨོས་པས་མིང་དོན་གྱི་འབྲེལ་བ་ཤེས་ནས་མིང་ལས་དོན་རྟོགས་པའོ། ། གཉིས་ཀ་སྨོས་པས་འགྱུར་གྱི་རྣམ་པ་རྟོགས་པས་ལོ་པཎ་ལ་དད་པར་འགྱུར་བའོ། །

    གཉིས་པ་མཚན་བསྒྱུར་བ་ནི། ཡཱ་ན་ཞེས་པ་ནི་ཐེག་པའོ། ། མཧཱ་ནི་ཆེན་པོའོ། ། ཏནྟྲ་ནི་རྒྱུད་དོ། ། ཨུཏྟ་ར་ནི་བླ་མའོ། ། ཤཱསྟ་ནི་བསྟན་བཅོས་ཏེ་སྒྲ་ཐད་ལོག་ཏུ་བསྒྱུར་བའོ། །

    གསུམ་པ་མཚན་བཤད་པ་ནི། བགྲོད་པའི་རྟེན་བྱེད་པས་ན་ཐེག་པ་ཞེས་བྱ་བ་ཡིན་ལ། ཆེན་པོ་ནི་ཐེག་པ་གསུམ་ལས་མཆོག་ཏུ་གྱུར་པ་ཆེན་པོ་བདུན་དང་ལྡན་པས་ཐེག་པ་ཆེན་པོའོ། །

    དེ་ལ་གསུམ་སྟེ། ཐེག་ཆེན་གྱི་མཚན་ཉིད་དང༌། དབྱེ་བ་དང༌། སྒྲ་དོན་ནོ། ། དང་པོ་ནི། ཐབས་ཤེས་ཀྱི་རྟོགས་པ་ལ་གནས་ཤིང་འཁོར་འདས་ཀྱི་མཐའ་གཉིས་ལ་མི་གནས་པར་དངོས་དང་བརྒྱུད་པས་རང་གཞན་གྱི་དོན་སྒྲུབ་པ་སྟེ། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང༌། ། སྙིང་རྗེས་ཞི་ལ་མི་གནས་དང༌། ། ཞེས་པ་དང༌། འདི་ཉིད་ལས་ཀྱང༌། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་དེ། ། སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། ། དེ་ལྟར་བློ་བརྩེ་བྱང་ཆུབ་ཐབས་བརྟེན་ནས། ། འཕགས་པ་འཁོར་བའམ་མྱ་ངན་འདས་མི་འགྱུར༑། ཞེས་སོ། །

    དབྱེ་བ་ལ་གཉིས་ཏེ་འགྲོ་བྱེད་ལམ་གྱི་ཐེག་པ་དང༌། བགྲོད་པ་འབྲས་བུའི་ཐེག་པའོ། ། དང་པོ་ནི་ཐེག་པ་ཆེན་པོའི་སློབ་པའི་ལམ་བཞི་ཡིན་ལ། དེ་ལའང་ཚོགས་ལམ་དང་སྦྱོར་བའི་ལམ་གཉིས་ནི་ཐབས་སྙིང་རྗེས་བདག་གཞན་དངོས་སུ་བརྗེས་པར་མི་ནུས་ཤིང༌། ཤེས་རབ་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་མ་མཐོང་ལ། དོན་དེ་ལ་མོས་པས་སྤྱོད་ཅིང་ལམ་དུ་བྱེད་པའི་ཕྱིར་མོས་པས་སྤྱོད་པའི་ས་ཞེས་བྱའོ། ། མཐོང་བ་དང་སྒོམ་པའི་ལམ་གཉིས་ནི་སྔ་མ་གཉིས་ལས་བཟློག་པའི་ཕྱིར་ན་དེ་ཁོ་ན་ཉིད་ཡིན་ལ་བྱེད་པའི་ལམ་ཞེས་བྱའོ། ། བགྲོད་པ་འབྲས་བུའི་ཐེག་པ་ནི་སངས་རྒྱས་ཀྱི་ས་ཁོ་ན་ཡིན་ཏེ་དེའི་གོང་ན་བགྲོད་པར་བྱ་བ་གཞན་མེད་པའི་ཕྱིར་རོ། ། སྒྲ་དོན་ཆེན་པོ་བདུན་དང་ལྡན་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱ་སྟེ། མདོ་སྡེ་རྒྱན་ལས༑དམིགས་པ་ཆེ་བ་ཉིད་དང་ནི། ། དེ་བཞིན་སྒྲུབ་པ་གཉིས་དག་དང་༑། ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། ། ཐབས་ལ་མཁས་པར་གྱུར་པ་དང༌། ། ཡང་དག་འགྲུབ་པ་ཆེན་པོ་དང༌། ། སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། ། ཆེན་པོ་འདི་དང་ལྡན་པའི་ཕྱིར། ཐེག་ཆེན་དུ་ནི་ངེས་པར་བརྗོད༑། ཅེས་སོ། ། དེ་ལ་མདོ་སྡེ་ལ་སོགས་པ་ཐེག་ཆེན་གྱི་གསུང་རབ་འབུམ་ཕྲག་མང་པོ་ལ་དམིགས་པས་ན་དམིགས་པ་ཆེན་པོ་དང༌། རང་གཞན་གཉིས་ཀའི་དོན་སྒྲུབ་པས་སྒྲུབ་པ་ཆེ་བ་དང༌། རྟོགས་པའི་དུས་ན་བདག་མེད་གཉིས་ཀ་རྟོགས་པས་ཡེ་ཤེས་ཆེ་བ་དང༌། བསྐལ་པ་གྲངས་མེད་གསུམ་དུ་རྟག་པ་དང་གུས་པར་སྦྱོར་བས་བརྩོན་འགྲུས་ཆེ་བ་དང༌། བསམ་པ་ཉོན་མོངས་པས་མི་གོས་པར་གཞན་དོན་དུ་འཁོར་བ་མི་འདོར་བའི་ཐབས་ལ་མཁས་པ་ཆེན་པོ་དང་ལྡན་པ་སྟེ། ལྔ་པོ་འདིས་འགྲོ་བས་ན་ལམ་གྱི་ཐེག་པ་ཡིན་ལ། སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་ཐོབ་པས་ཡང་དག་པར་འགྲུབ་པ་ཆེན་པོ་དང༌། འཁོར་བ་ཇི་སྲིད་པ་དེ་སྲིད་དུ་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་པས་འཕྲིན་ལས་ཆེན་པོ་སྟེ་འདི་ཉིད་འབྲས་བུའོ། ། ཉན་ཐོས་ཀྱི་ཐེག་པ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟར་འཇིག་རྟེན་ལས་དང་ཉོན་མོངས་རྒྱུར་བཅས་བྱེད་རྒྱུར་ལྡན་འབྱུང་དང༌། ། ལས་དང་ཉོན་མོངས་པ་དག་ལྡོག་རྒྱུ་དེ་ཡང་འདྲེན་པས་རབ་ཏུ་གསུངས། ། གང་ན་སྐྱེ་དང་རྒ་དང་རྒུད་པའི་སྡུག་བསྔལ་ཉེས་པར་མི་གནས་པ། ། ཐར་པའི་མཆོག་དེ་སྨྲ་བའི་ཁྱུ་མཆོག་དེ་ཡི་རང་གིས་མཁྱེན་ཏེ་གསུངས། ། ཞེས་པ་ལྟ་བུའི་ཚིགས་སུ་བཅད་པ་གཅིག་ཙམ་གྱི་དོན་རྟོགས་པས་ཀྱང་གྲོལ་བའི་ཕྱིར། རང་དོན་འབའ་ཞིག་སྒྲུབ་པ་དང༌། གང་ཟག་གི་བདག་མེད་ཙམ་རྟོགས་པ་དང༌། མྱུར་བ་སྲིད་པ་གསུམ་གྱི་མཐར། ། ཞེས་པ་ལྟར་ཚེ་གསུམ་ཙམ་འབད་ཀྱང་མཐར་ཕྱིན་པ་དང༌། སྲིད་ཞི་གཉིས་ཀྱི་མཐར་ལྟུང་བས་ཐབས་ལ་མཁས་པ་མེད་པ་དང༌། རྣམ་པར་གྲོལ་བའི་སྐུ་ཙམ་ལས་སྟོབས་སོགས་ཀྱི་ཡོན་ཏན་མ་ཐོབ་པ་དང༌། ཕུང་པོ་ལྷག་མེད་དུ་གྱུར་པ་ན་ཟད་པས་འཕྲིན་ལས་རྒྱུན་ཆད་པའི་ཕྱིར་རོ། ། རྒྱུད་ཅེས་བྱ་བ་ནི་རྒྱུན་ཆགས་པས་ན་རྒྱུད་དེ། ཇི་སྐད་དུ། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། ། འཁོར་བ་རྒྱུད་དུ་འདོད་པ་ཡིན༑། མྱ་ངན་འདས་པ་རྒྱུད་ཕྱི་མ། ། ཞེས་པ་དང༌། རྒྱུད་ནི་རྣམ་པ་གཉིས་པ་ཡིན་ཏེ། ། འཁོར་བ་དང་ནི་མྱ་ངན་འདས། ། ཞེས་གསུངས་སོ། ། བླ་མ་ནི་འཁོར་བ་རྒྱུན་ཆགས་པའི་རྒྱུན་མ་ཡིན་གྱི། མྱ་ངན་ལས་འདས་པ་རྒྱུན་མ་ཆད་པའམ་བར་མ་ཆད་པར་ཐོབ་པ་ཡིན་ཏེ༑འདི་ལྟར་འདས་པའི་སངས་རྒྱས་སྔ་མ་སྔ་མ་རྣམས་ཀྱིས་བྱང་ཆུབ་དང་ཡོན་ཏན་དང་འཕྲིན་ལས་གསུམ་ཐོབ་པས་རྐྱེན་བྱས་ལ། གདུལ་བྱ་རྣམས་ཀྱི་ཁམས་ཀྱིས་རྒྱུ་བྱས་ནས་ཀྱང་གང་ཟག་ཕྱི་མ་རྣམས་ཀྱིས་འབྲས་བུ་དཀོན་མཆོག་གསུམ་ཐོབ་པ་ནི་རྒྱུད་བླ་མའོ། ། བསྟན་བཅོས་ནི་བརྗོད་བྱ་དེ་དག་སྟོན་པའི་རྗོད་བྱེད་ཡིན་ཏེ། ངོ་བོ་ནི་འོག་ཏུ་བརྗོད་ལ། བསྟན་བཅོས་དེ་ཐོས་པ་ལ་བརྟེན་ནས་དོན་བསམ་པ་འབྱུང་ལ་བསམས་པའི་དོན་བསྒོམས་པས་བསྒོམ་བྱུང་གི་ཤེས་རབ་ཀྱི་འཁོར་བའི་རྒྱུད་སྤངས་ནས་མྱ་ངན་ལས་འདས་པའི་རྒྱུད་ཐོབ་པར་བྱེད་དོ། །

    དེ་ཡང་བསྟན་བཅོས་ལ་གསུམ་སྟེ། མཚན་ཉིད་དང༌། སྒྲ་དོན་དང༌། དབྱེ་བའོ། ། དང་པོ་ནི། བརྟགས་པ་གསུམ་གྱིས་དག་པའི་ངག་གང་ཞིག་འཆོས་སྐྱོབ་དང་ལྡན་པའོ། ། བྱེ་བྲག་ཏུ་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་ཀྱི་མཚན་ཉིད་ནི། བརྟག་པ་གསུམ་གྱིས་དག་པའི་ངག་གང་ཞིག་སྟོན་པ་ལས་གཞན་གྱིས་བཀའི་དགོངས་འགྲེལ་དུ་བྱས་ཤིང་འཆོས་སྐྱོབ་གཉིས་ལྡན་པ་སྟེ། འདི་ཉིད་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད༑། ཐར་པ་འཐོབ་པའི་ལམ་དང་རྗེས་མཐུན་པ། ། དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། ། ཞེས་སོ། ། གལ་ཏེ་འགའ་ཡང་བསྟན་བཅོས་སུ་འགྱུར་རོ་ཞེ་ན། དེ་ནི་འདོད་པ་ལ་གནོད་བྱེད་མེད་དོ། །

    གཉིས་པ་སྒྲ་དོན་ནི་ཤཱསྟྲའི་སྒྲ་ལས་དྲངས་ན་རྒྱུའི་དུས་ན་ཉོན་མོངས་པ་ཅན་གྱི་བློས་བསླབ་པ་གསུམ་དུ་བཅོས་པས་འབྲས་བུའི་དུས་སུ་ངན་འགྲོ་དང་སྲིད་པ་ལས་སྐྱོབ་པར་སྐྱེད་པ་སྟེ། རྣམ་བཤད་རིགས་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། ། ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། ། འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། ། གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། ། ཅེས་སོ༑། དབྱེ་བ་ལ་ཕྱི་ནང་གི་བསྟན་བཅོས་ལ་སྤྱིར་དབྱེ་བ་བྱས་ན་དགུ་ཡོད་པར་བཤད་དོ། ། འཕགས་པ་ཐོགས་མེད་ཀྱི་ཐོས་པ་ལས་བྱུང་བའི་བསྡུ་བ་ལས། བསྟན་བཅོས་ནི་དགུ་སྟེ། ཐོས་པ་ལྷུར་ལེན་པ་ནི་བྲམ་ཟེའི་གསང་ཚིག་རྣམས་སོ། ། རྩོད་པ་ལྷུར་ལེན་པ་ནི་ཕྱི་རོལ་པ་རྣམས་ཀྱི་བསྟན་བཅོས་སོ། ། སྒྲུབ་པ་ལྷུར་ལེན་པ་ནི་སངས་རྒྱས་ཀྱི་བཀའ་འོ། ། གཞན་ཡང་གསུམ་སྟེ། དོན་མེད་པ་དང༌། དོན་ལོག་པ་དང་༑དོན་དམ་པའི་བསྟན་བཅོས་སོ། ། གཞན་ཡང་གསུམ་སྟེ། ངན་གཡོ་དང༌། སྙིང་རྗེ་མེད་པ་དང༌། སྡུག་བསྔལ་ལས་ངེས་པར་འབྱུང་བའི་བསྟན་བཅོས་སོ། ། ཞེས་གསུངས། རྣམ་བཤད་རིགས་པ་ལས། ཐོས་རྩོད་སྒྲུབ་པ་ལྷུར་ལེན་དང༌། དོན་མེད་དོན་ལོག་དོན་དང་ལྡན། ། ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང༌། ། བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། ། ཅེས་གསུངས་ཏེ། དེ་ལྟར་དགུ་ལས་དྲུག་ནི་དམན་པ་ཡིན་པས་དོར་བྱ་ཡིན་ལ། གསུམ་ནི་མཆོག་ཡིན་པས་བླང་བྱ་ཡིན་ནོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་པ་ནི་འགྱུར་གྱི་མཆོད་བརྗོད་དམ་ཕྱོཊ་གར་གཏོགས་པ་ངོས་བཟུང་བའོ། །

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག