མདུན་ཤོག- རིག་གནས།- རིག་གནས་འགྱུར་སྟངས།

དེང་རབས་ཐང་གའི་སྒྱུ་རྩལ་པ་གསོ་སྐྱོང་བྱེད་པའི་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ

    2015-05-03 14:14

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་༦༠འཁོར་བའི་བརྗོད་བྱ་གཙོ་བོའི“ཐང་ག་བརྒྱའི་འདུ་འགོད”ཀྱི་དཔྱད་གླེང་གསུམ་པ།

    “ཐང་ག་བརྒྱའི་འདུ་འགོད”ནི་བོད་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ཐང་གའི་སྒྱུ་རྩལ་གསར་རྩོམ་རྣམ་གྲངས་ཤིག་དང་བོད་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་ཐོབ་པའི་ཚོད་ལྟ་ཞིག་ཡིན་ལ། དུས་མཚུངས་དེང་རབས་ཀྱི་ཐང་གའི་སྒྱུ་རྩལ་པ་གསོ་སྐྱོང་བྱེད་པའི་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་ཞིག་ཀྱང་རེད། སྐབས་དང་པོའི་ཐང་ག་གསར་པ་ཐོན་པ་དང་སྦྲགས་ཤེས་ཡོན་ལྡན་པ་དང་མི་མངོན་པའི་སྟོབས་ཤུགས་ཆེ་བ། སྒྱུ་རྩལ་ཆུ་ཚད་མཐོ་ཙམ་ཡོད་པ་བཅས་ཀྱི་ཐང་གའི་སྒྱུ་རྩལ་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་རིམ་བཞིན་འཚར་ལོངས་བྱུང་ནས “ཐང་ག་བརྒྱའི་འདུ་འགོད” མུ་མཐུད་ལག་ལེན་བསྟར་བ་དང་བོད་ཀྱི་རིག་གནས་དར་རྒྱས་གོང་འཕེལ་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།

    སྟེགས་བུ་བསྐྲུན་ནས་ཤེས་ལྡན་མི་སྣ་འདྲེན་འགུག་བྱས་པ།

    ཤེས་ལྡན་མི་སྣ་ནི་སྒྱུ་རྩལ་གསར་གཏོད་ཀྱི་རྨང་གཞི་ཡིན་པ་དང་ཕུན་སུམ་ཚོགས་པའི་ཤེས་ལྡན་མི་སྣའི་བང་མཛོད་ནི་གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཤིག་ཡིན།

    ༢༠༡༢ལོའི་ཟླ་བ་ལྔ་པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ཐང་ག་བརྒྱའི་འདུ་འགོད”ལག་ལེན་བསྟར་ཆོག་པའི་ཆོག་མཆན་སྤྲད་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་འཕྲལ་མ་ཉིད་དུ“ཐང་ག་བརྒྱའི་འདུ་འགོད”ཀྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ཤིང་། སྤྱི་ཚོགས་ཡོངས་ལ་ཐང་ག་གསར་པའི་གསར་རྩོམ་ནང་དོན་ཁྱབ་བསྒྲགས་བྱས་པ་དང་འབྲེལ། ཡོངས་ཁྱབ་ངང་འདེམས་པ་དང་གདན་དྲངས་པ་གཉིས་ཕན་ཚུན་ཟུང་འབྲེལ་བྱེད་པའི་བྱ་ཐབས་བརྒྱུད་ལྗོངས་ཕྱི་ནང་གི་ཐང་གའི་སྒྱུ་རྩལ་པ་རྩེ་གྲ་ད་ཐེངས་ཀྱི་སྒྱུ་རྩལ་གསར་རྩོམ་གྱི་བྱེད་སྒོ་ཁྲོད་ཞུགས་རྒྱུར་གདན་དྲངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཁས་དབང་ཚུར་འགུག་བྱེད་པ་དང་དུས་མཚུངས་འགོ་ཁྲིད་ཚོགས་ཆུང་གིས་ད་དུང་ཆེད་མངགས་སྒྱུ་རྩལ་པ་དང་མཁས་དབང་སྒྲིག་འཛུགས་བྱས་ཏེ་མཚོ་སྔོན་དང་སི་ཁྲོན། ཀན་སུའུ། ཡུན་ནན་སོགས་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དུ་བསྐྱོད་ནས་ཐང་གའི་སྒྱུ་རྩལ་དང་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་རྟོག་ཞིབ་བྱས་པ་དང་འབྲེལ་ས་གནས་དེ་གའི་ལྷ་འབྲི་བ་ད་ཐེངས་ཀྱི་ལོ་རྒྱུས་དོན་སྙིང་གལ་ཆེན་ལྡན་པའི་སྒྱུ་རྩལ་གསར་རྩོམ་རྣམ་གྲངས་ཁྲོད་ཞུགས་རྒྱུར་ལྷག་བསམ་རྣམ་དག་ངང་གདན་དྲངས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་རིག་རྩལ་ཁྲུའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “དཔྱད་འདེམས་ཡང་ནས་ཡང་དུ་བྱས་པ་བརྒྱུད་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་མཚོན་བྱེད་རང་བཞིན་གྱི་ལྷ་འབྲི་བ་ཁྱོན་༡༩ཁག་དང་པོའི‘ཐང་ག་གསར་པའི’གསར་རྩོམ་ལས་དོན་ཁྲོད་ཞུགས་ཡོད་པ་རེད” ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་ནས་ཡིན་པའི་བསམ་སྐྱིད་དང་བློ་བཟང་བསྟན་པས་བརྙན་འཕྲིན་ཐོག་ནས་གནས་ཚུལ་དེ་ཤེས་རྟོགས་བྱུང་རང་གི་རྩལ་ལ་བརྟེན་ནས་ཚོད་ལྟ་ཞིག་བྱ་རྒྱུའི་བསམ་བློ་འཁོར། དེ་རྗེས་ཁོང་གཉིས་ཀྱི་ལམ་ཐག་ལ་མི་འཛེམས་པར་ལྷ་སར་ཡོང་བ་མ་ཟད་གྲོང་ཁུལ་ནང་རང་ཉིད་ཀྱི་མ་དངུལ་བཏོན་ནས་ཁང་པ་ལེགས་པོ་ཞིག་བོགས་མར་བླངས་པ་དང་རང་གི་སེམས་ཁོངས་ཀྱི་ཕུགས་འདུན་ལ་གྲ་སྒྲིག་བྱེད་བཞིན་མཆིས། གསར་འགོད་པར་ཤེས་རྟོགས་བྱུང་བར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་༦༠འཁོར་བའི་བརྗོད་བྱ་གཙོ་བོ“ཐང་ག་བརྒྱའི་འདུ་འགོད”གསར་རྩོམ་བྱེད་པའི་བརྒྱུད་རིམ་ཁྲོད་ཁོང་ཚོ་དང་འདྲ་བར་སྒྱུ་རྩལ་གསར་རྩོམ་ལ་རྩེ་གཅིག་ཏུ་གཞོལ་མཁན་ལྷ་འབྲི་བ་ཧ་ཅང་མང་པོ་ཡོད་པ་དང་ཁོང་ཚོས་ཐང་ག་གསར་པའི་ཆེད་དཀའ་ངལ་མཐའ་དག་ཁྱད་དུ་བསད་པ་དང་བློ་རིག་སྐྱེས་སུ་ཕུལ་བ་དང་དུས་མཚུངས་སྒྱུ་རྩལ་གསར་རྩོམ་གྱི་ཉམས་མྱོང་མི་ཉུང་བ་བསགས་ཡོད་པ་རེད།

    བརྒྱུད་རོགས་ཁྲིད་གསུམ་ཐོག་ནས་ཤེས་ལྡན་མི་སྣ་སྐྱེད་བསྲིང་བྱས་པ།

    གསར་འགོད་པར་ཤེས་རྟོགས་བྱུང་བར་ཐང་ག་གསར་པ་གསར་རྩོམ་བྱེད་པའི་བརྒྱུད་རིམ་ཁྲོད“བརྒྱུད་རོགས་ཁྲིད”གསུམ་ཡང་ཁྱད་ཆོས་ཆེ་མོ་ཞིག་རེད། ན་གཞོན་ཚོས་དགེ་རྒན་བསྟེན་ནས་སྒྱུ་རྩལ་སྦྱོང་བ་དང་ཁེངས་སྐྱུངས་ངང་སྐད་ཆ་འདྲི་བ་དང་ལོ་ན་བགྲེས་པའི་སྒྱུ་རྩལ་པ་ཚོས་ལོ་བཅུ་ཕྲག་ཁ་ཤས་ཀྱི་སྒྱུ་རྩལ་གསར་རྩོམ་གྱི་ཉམས་མྱོང་དེ་སྦས་སྐུམ་སྤུ་ཙམ་ཡང་མི་བྱེད་པར་གཞོན་ནུ་ཚོར་བསླབས་ཤིང་སྐབས་རེ་ཁོང་ཚོ་ཕན་ཚུན་དབར་ལྟ་བ་ཞིག་གི་ཐད་རྩོད་གླེང་ཆེན་པོ་ཡོང་གི་ཡོད། “ཐང་ག་བརྒྱའི་འདུ་འགོད”ལག་ལེན་བསྟར་འགོ་བཙུགས་པ་ནས་བཟུང་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧན་ཧྲུའུ་ལི་ཡི་ཁྱིམ་ལྷ་འབྲི་བ་མང་པོའི་སེམས་ནང་གི་མིང་དོན་མཚུངས་པའི་གསར་རྩོམ་ཁང་དུ་གྱུར་ཡོད། ལྷག་པར་དུ་ཁག་དང་པོའི་ཐང་ག་གསར་པ་གསར་རྩོམ་བྱེད་པའི་འགག་རྩའི་དུས་མཚམས་སུ་གསར་རྩོམ་རིག་ཀློང་འཚོལ་བར་ཡོང་མཁན་དང་། སྒྱུ་རྩལ་དཀའ་གནད་ཐག་གཅོད་བྱེད་པར་ཡོང་མཁན། ད་དུང་དེང་རབས་ཀྱི་མཛེས་རྩལ་ཤེས་བྱ་སྦྱོང་བར་ཡོང་མཁན་བཅས་སྒོ་ཁར་ཕར་འགྲོ་ཚུར་འོང་བྱེད་མང་བ་དང་ཁང་པའི་ནང་བྲེལ་འཚུབ་ཀྱིས་ཁེངས་ཀྱི་ཡོད།

    ཐང་ག་གསར་པ《ཇ་ཁང་》ཞེས་པའི་བརྩམས་ཆོས་ཀྱི་རྩོམ་པ་པོ་བཀྲ་ཤིས་ནི་གཞིས་རྩེ་ས་ཁུལ་ནས་ཡིན་པ་དང་སྲོལ་རྒྱུན་ཐང་གའི་སྔར་ཡོད་དཔེ་དབྱིབས་ཀྱི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་ཐང་ག་གསར་པའི་བརྗོད་བྱ་གསར་རྩོམ་བྱེད་སྐབས་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད། ལོ་གཉིས་ལྷག་ཙམ་རིང་སྒྱུ་རྩལ་རིགས་གཅིག་མཁས་པ་ཨུ་ལྷན་གྱི་དགེ་རྒན་ཚོའི་སྐུལ་འདེབས་རྒྱབ་སྐྱོར་དང་ཟུར་ཁྲིད་ཞིབ་ཚགས་འོག་བཀྲ་ཤིས་ཀྱིས་ཕྱོགས་གཅིག་ནས་དེང་རབས་ཀྱི་མཛེས་རྩལ་ཤེས་བྱ་སྦྱོང་བ་དང་ཕྱོགས་གཞན་ཞིག་ནས་གསར་རྩོམ་ཐབས་རྩལ་ཞིབ་འཇུག་བྱ་རྒྱུར་རྩེ་གཅིག་ཏུ་གཞོལ་བས་མཐར་བརྩམས་ཆོས་ལེགས་གྲུབ་ཟིན་པ་དང་དུས་མཚུངས་རང་ཉིད་ཀྱི་སྒྱུ་རྩལ་བྱ་གཞག་ཐད་དོན་སྙིང་ལྡན་པའི་འཕེལ་རྒྱས་ཤིག་བྱུང་ཡོད་པ་རེད། 《བོད་ཞི་བས་བཅིངས་འགྲོལ་གཏོང་བའི་གྲོས་མཐུན་དོན་ཚན་བཅུ་བདུན་ཐོག་མིང་རྟགས་འགོད་པའི་མཛད་སྒོ》དེ་ནི་དམངས་ཁྲོད་དང་སློབ་གླིང་གི་ལྷ་འབྲི་བས་མཉམ་འབྲེལ་ཐོག་ལེགས་སྒྲུབ་བྱས་པའི་སྒྱུ་རྩལ་སྤུས་དག་ཅིག་ཡིན་ཞིང་རྩོམ་པ་པོ་ཝང་ཏེན་ཡུང་གིས་རི་མོའི་སྤྱི་ཡོངས་ཀྱི་གྲུབ་ཆའི་འགན་འཁུར་བ་དང་བསྟན་པས་རྒྱབ་ལྗོངས་ཆེ་མོའི་འགན་འཁུར་བ། བསྟན་དར་གྱིས་མཐའ་མའི་དག་བཅོས་ལས་སྣོན་དང་དཔེ་དབྱིབས་གཏན་འཁེལ་གྱི་འགན་འཁུར་བ་བཅས་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཐུན་མོང་ཐོག་གསར་རྩོམ་བྱེད་པའི་བརྒྱུད་རིམ་རེད་ལ་ཕན་ཚུན་སློབ་སྦྱོང་དང་ལག་རྩལ་བརྗེ་རེས་བྱེད་པའི་བརྒྱུད་རིམ་ཡང་རེད། བྱ་ཐབས་འདི་ལྟ་བུས་གསར་རྩོམ་གྱི་མྱུར་ཚད་མགྱོགས་སུ་བཏང་བ་མ་ཟད་ན་གཞོན་ཐང་ག་འབྲི་མཁན་མང་པོ་མགྱོགས་མྱུར་འཚར་ལོངས་ཡོང་བའི་ཐབས་ལམ་ཞིག་ཀྱང་རེད།

    སྤུས་དག་འགྲེམས་སྟོན་བྱས་ཏེ་ཤེས་ལྡན་མི་སྣ་འོས་སྦྱོར་བྱས་པ།

    རྩེར་སོན་གྱི་སྒྱུ་རྩལ་དཔུང་ཁག་གིས་རྩེར་སོན་གྱི་བརྩམས་བྱའི་ཆུ་ཚད་འགན་ལེན་བྱེད་ཐུབ།

    གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་༦༠འཁོར་བའི་བརྗོད་བྱ་གཙོ་བོ“ཐང་ག་བརྒྱའི་འདུ་འགོད”ནང“བོད་ལ་བརྩེ་སེམས་འཆང་བ”དང་། “ལོ་རྒྱུས་ཀྱི་མཛད་རྗེས་རྡོ་རིང”“འཕོ་འགྱུར་ཆེ་མོ”“བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”བཅས་སྒྲོམ་གཞི་བཞི་ཡོད་པ་དང་གསར་རྩོམ་ལས་འགན་འཁུར་མཁན་གསར་རྩོམ་པ་བསྡོམས་༧༤ཡོད་པ་རེད། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་ལོ་གཉིས་རིང་ཐང་ག་གསར་པ་གསར་རྩོམ་བྱེད་པའི་ཁྲོད་ཐོན་པའི་ཕུལ་བྱུང་ལྷ་འབྲི་བ་མང་པོ་ཞིག་བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་དང་ཀྲུང་གོ་མཛེས་རྩལ་མཁས་ཅན་མཐུན་ཚོགས་ནང་ཞུགས་ཡོད་པ་རེད།

    དོན་སྙིང་གཞན་ཞིག་གི་ཆ་ནས་བརྗོད་ན“ཐང་ག་བརྒྱའི་འདུ་འགོད”ལག་ལེན་བསྟར་བའི་བརྒྱུད་རིམ་དེ“སྒྱུ་རྩལ་མཁས་པའི་འདུ་འགོད”དང“སྤུས་དག་འདུ་འགོད”གསར་གཏོད་བྱེད་པའི་བརྒྱུད་རིམ་ཞིག་ཡིན་ལ་ཐང་གའི་སྒྱུ་རྩལ་གྱི་ཤེས་ལྡན་མི་སྣ་འོས་སྦྱོར་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་རེད། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱིས“ཐང་ག་བརྒྱའི་འདུ་འགོད”ཀྱི་སྟེགས་བུ་གང་ལེགས་སྤྱད་དེ་སྒྱུ་རྩལ་སྤུས་དག་འབོར་ཆེན་ཞིག་བཏོད་པ་དང་སྒྱུ་རྩལ་མཁས་པ་འབོར་ཆེན་ཞིག་འོས་སྦྱོར་བྱས་ནས་རྣམ་གྲངས་དེའི་ཁྲོད་ཐོན་པའི་ཐང་གའི་སྒྱུ་རྩལ་པ་རིམ་བཞིན་བོད་ནས་ཐོན་ཏེ་རྒྱལ་ཡོངས་སུ་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག