སྤྱིར་དཔེ་ཆ་ལྟ་ཀློག་བྱེད་པ་ནི་མིའི་རིགས་ཀྱི་བསམ་བློ་དང་རིག་གནས་འཕེལ་རྒྱས་སུ་འགྲོ་བའི་རྨང་རྡོ་ལྟ་བུ་ཡིན་པས།སློབ་མ་རྣམས་ཀྱིས་དཔེ་ཆ་ཀློག་པ་ནི་ཤིན་ཏུ་གཙོ་ཆེ་བས་འདིར་སློབ་འབྲིང་སློབ་མས་དཔེ་ཆ་རྒྱ་ཆེར་ཀློག་པའི་རྨང་གཞི་འཇོག་པར་དམིགས་ནས་ལྟ་ཀློག་ནུས་པ་སྐྱེད་སྲིང་བྱེད་ཐབས་གླེང་བར་བྱ་སྟེ།

    དང་པོ།ལྟ་ཀློག་ཕན་ནུས་རང་བཞིན།

    སློབ་མ་ཞིག་ལ་མཚོན་ན་བསླབ་བྱ་གང་དང་གང་ཡིན་རུང་ལྟ་ཀློག་དང་འབྲེལ་བ་དམ་པོ་ཡོད་དེ།སློབ་མས་རྒྱུ་ཆ་མང་པོ་ལྟ་ཀློག་བྱས་པ་བརྒྱུད་ནས་རང་རྒྱུད་ལ་ཡོན་ཏན་དང་།ཤེས་བྱ།རིག་གནས་སོགས་ལྷུར་ལེན་པ་ཡིན་ལ།ལྷག་པར་ལྟ་ཀློག་ཁྲོད་ནས་སློབ་མའི་བསམ་པའི་འཁྱེར་སོ་དང་བསྟུན་ནས་རང་ཉིད་དགའ་བའི་ཤེས་བྱ་མང་པོ་སྦྱང་འདོད་ཀྱི་འདུན་པའང་ཡོད་ངེས་པར་མ་ཟད་རིམ་བཞིན་ལྟ་རྒྱ་ཐོས་རྒྱ་ཆེ་རུ་གཏོང་ཐུབ་ལ།མ་འོངས་པར་སྔོན་བྱོན་མཁས་པ་རྣམས་ཀྱི་གསུང་འབུམ་དང་རྒྱལ་ཁབ་ཕྱི་ནང་གི་མཁས་ཆེན་དག་གི་བརྩམས་ཆོས་ཀློག་པར་སྟ་གོན་ལེགས་པོ་ཞིག་ཀྱང་ཡིན།དམའ་འབྲིང་གི་སྐབས་སུ་བོད་ཡིག་ལེགས་པོ་ཞིག་སྦྱང་དགོས་ན་ངེས་པར་ལྟ་ཀློག་དང་རྩོམ་ཡིག་གཉིས་ཀྱི་ཐད་ལ་ཤུགས་རྒྱག་དགོས་པ་ཡིན།དེས་ན་རྩོམ་ཡིག་བཟང་པོ་ཞིག་འཁྱོངས་དགོས་ན་ཐོག་མར་གཞན་གྱི་རྩོམ་ཡིག་མང་པོ་དང་དཔེ་དེབ་སོགས་ཀློག་དགོས་པ་ལ་ནེམ་ནུར་བྱེད་མི་དགོས་པས་ལྟ་ཀློག་ལེགས་པོ་ཞིག་བྱ་རྒྱུ་ནི་ཤེས་བྱ་ཡོན་ཏན་ཀུན་རང་རྒྱུད་ལ་འབྱོར་བའི་གཞི་མ་ལྟ་བུར་གྱུར་ཡོད།

    གཉིས་པ།སློབ་མའི་ཆུ་ཚད་དང་བསྟུན་ནས་ལྟ་ཀློག་བྱེད་དུ་འཇུག་པ།

    ང་ཚོའི་ལག་པའི་མཛུབ་མོར་རིང་ཐུང་ཡོད་པ་བཞིན་འཛིན་གྲྭ་གཅིག་གི་སློབ་ཕྲུག་ཚོའི་སྦྱངས་འབྲས་ལ་ཡང་རབ་འབྲིང་ཐ་གསུམ་གྱི་ཁྱད་པར་ཡོད་པ་ནི་བཤད་མ་དགོས།དེས་ན་སྦྱངས་འབྲས་ལེགས་པའི་སློབ་མར་ལྟ་ཀློག་མང་པོ་བྱ་དགོས་པར་སྐུལ་མ་དང་།སྦྱངས་འབྲས་ཞན་པའི་སློབ་མར་དེ་བས་ཀྱང་རོགས་རམ་གྱིས་ཁོང་ཚོའི་ལྟ་ཀློག་ཐད་ལ་ཟུར་ཁྲིད་དང་ནན་གྱིས་བསྐུལ་ནས་སློབ་མ་ཁྱོན་ཡོངས་ཀྱི་ཀློག་སློབ་བྱང་ཚད་གོང་མཐོར་གཏོང་རྒྱུ་ནི་ང་ཚོ་དགེ་རྒན་རྣམས་ཀྱིས་འདོར་ཐབས་མེད་པའི་འགན་འཁྲི་གཙོ་བོ་ཞིག་རེད།འོ་ན་ཇི་ལྟར་བྱས་ནས་ཆུ་ཚད་དོ་མི་མཉམ་པའི་སློབ་མར་ལྟ་ཀློག་གི་རེ་བ་འདོན་པ་དང་ལྟ་ཀློག་གི་ཐབས་ལམ་བཤད་དགོས་ཤེ་ན།

    གཅིག ཆུ་ཚད་ཅུང་ཞན་པའི་སློབ་མར་ལྟ་ཀློག་གི་རེ་བ་འདོན་པ།

    འདིར་བཤད་པའི་ཆུ་ཚད་ཅུང་དམའ་བའི་སློབ་མས་བོད་ཡིག་སྦྱོར་ཀློག་ཙམ་ཡང་མི་ཐུབ།ཐ་ན་གསལ་བྱེད་སུམ་ཅུའང་མི་ཤེས་པའང་ཡོད། གལ་ཏེ་སློབ་འབྲིང་སློབ་མས་བོད་སྐད་ཡིག་ལ་ལྟ་ཀློག་བྱེད་དུས་ཡི་གེ་བྱང་ཆུབ་པར་འདོན་ཙམ་ཡང་མི་ཐུབ་ཚེ་དེས་དངོས་ནས་ཤེས་བྱ་བསྡུ་ལེན་བྱེད་མི་ཐུབ་པར་གདོན་མི་ཟ།ཐོག་མར་ཆུ་ཚད་ཅུང་ཞན་པ་དག་ངེས་པར་དམིགས་སུ་བཀར་ནས་རེ་བ་འདོན་དགོས་པ་ཡིན། བོད་ཡིག་གི་རྨང་གཞི་ཅུང་ཞན་པ་དག་ལས། ལ་ལ་ནི་སློབ་ཆུང་སྐབས་སུ་བོད་ཡིག་སྦྱང་མ་མྱོང་པ་དང་། ལ་ལས་ལོ་གཉིས་ནས་གསུམ་ལ་བོད་ཡིག་སྦྱངས་པ་དང་།ཡང་ལ་ལས་རང་གི་ཕ་མས་དབྱར་དགུན་གནང་གི་སྐབས་སུ་ཁྲིད་པ་དག་ཡིན་ལ།སློབ་གྲོགས་འདིའི་རིགས་ཀྱིས་བསླབ་དེབ་ནང་གི་སློབ་ཚན་ཡང་གྱེར་འདོན་བྱེད་མི་ཐུབ།དེ་བས་སློབ་ཁྲིད་སྐབས་སུ་སློབ་ཚན་རེ་རེའི་མཇུག་ཏུ་བཀོད་པའི་ཐ་སྙད་དག་སྦྱོར་ཀློག་བྱེད་པ་རྒྱུན་འཁྱོངས་དང་།མཚམས་རེར་སློབ་ཚན་ཁྲོད་ཀྱི་ཚིག་མཛེས་པ་རྣམས་ཡང་དང་བསྐྱར་དུ་ཀློག་ཁྲིད་བྱ་དགོས།དེ་མིན་ལས་བྱ་བཀོད་སྒྲིག་བྱེད་དུས་སློབ་གྲོགས་འདི་དག་ལ་ཀློག་འདོན་གྱི་ལས་བྱ་བཀོད་སྒྲིག་བྱ་རྒྱུ་གལ་ཆེ།སློབ་གསེང་སྐབས་སུ་སློབ་མ་ཚོ་གཞུང་ལས་ཁང་དུ་བོས་ནས་རེ་རེར་བསླབ་དེབ་སྟེང་གི་ཤེས་བྱ་ལས་གཞན་ད་དུང་རྒྱུན་སྤྱོད་ཀྱི་ཁེད་དང་གཏམ་དཔེ།ལེགས་བཤད་སོགས་ཀློག་འདོན་བྱེད་དུ་འཇུག་དགོས།ཀློག་འདོན་སྐབས་སུ་ཐོག་མར་བརྗོད་བྱའི་ནང་དོན་དང་བསྟན་དོན་སོགས་བློ་ལ་ངེས་དགོས་པའི་རེ་བ་མི་འདོན་པར་ཡི་གེའི་སྒྲ་དག་པ་དང་ཚིག་གི་གཅོད་མཚམས་འགྲིག་པའི་སྒོ་ནས་ཀློག་པར་བརྩོན་དགོས་སྙམ།ལྷག་པར་དགོང་ཚོགས་སྐབས་སུ་རྨང་གཞི་བཟང་བའི་སློབ་གྲོགས་འགའ་བཀོད་སྒྲིག་བྱས་ཏེ་སློབ་གྲོགས་དེ་དག་ལ་རོགས་རམ་བྱས་ནས་ཐེངས་འགར་ཀློག་ཏུ་འཇུག་པ་དང་།ཐ་སྙད་ཀློག་པ་དང་ཉན་འབྲི་བྱེད་དུ་འཇུག་དགོས།དེ་མིན་ཀློག་འདོན་སྐབས་སུ་ཁོག་འདོན་ཙམ་མི་བྱེད་པར་གྱེར་ཀློག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ།གྱེར་ཀློག་བྱས་ན་སྒྲ་དག་མིན་ལ་དོ་སྣང་བྱེད་ཐུབ་པར་མ་ཟད།ཡིད་ཀྱང་རྣམ་གཡེང་མི་བྱེད་པར་དཔེ་དོན་དང་བསྟུན་ནས་འགྲོ་ཐུབ་པ་ཡིན།མདོར་ན་སློབ་གྲོགས་འདི་དག་ལ་སྦྱོར་ཀློག་གཙོར་བཟུང་ནས་སྒྲ་དག་པའི་སྒོ་ནས་ཀློག་ཐུབ་པར་བྱ་དགོས་ལ།དུས་རྒྱུན་སློབ་ཁྲིད་བྱེད་དུས་སུ་དགེ་རྒན་རྣམས་ཀྱིས་སློབ་མར་སློབ་ཚན་སྔོན་སྦྱོང་བྱེད་དུས་ལྟ་ཀློག་གཙོར་བཟུང་ནས་ཚིག་གི་སྡེབ་སྦྱོར་དང་།མིང་ལ་སོགས་པར་རྟགས་བརྒྱབ་ནས་གོ་བ་ལེན་དགོས་པའི་རེ་བ་ནན་མོ་འདོན་དགོས་སོ།།

    གཉིས།ཆུ་ཚད་འབྲིང་ཙམ་གྱི་སློབ་མར་ལྟ་ཀློག་གི་རེ་བ་འདོན་པ།

    འདིར་ཆུ་ཚད་འབྲིང་ཙམ་གྱི་སློབ་མ་ནི་སྦྱོར་ཀློག་ལ་ཅུང་བྱང་བ་དང་ཚིག་དོན་གྱི་གོ་བའང་ཅུང་ལེན་ཐུབ་པའི་སློབ་མ་ཡིན་མོད། ཚིག་གི་གཅོད་མཚམས་དང་ནང་དོན་གོ་བ་ལེན་པར་ད་དུང་དགོས་ངེས་ཀྱི་ཟུར་ཁྲིད་བྱ་དགོས།ཀློག་འདོན་གྱི་སྐབས་སུ་ཐེངས་གཅིག་ལ་ཀློག་པས་མི་ཆོག་པར་ཐེངས་གཉིས་ནས་གསུམ་ལ་ཀློག་དགོས་པའི་རེ་བ་འདོན་དགོས། རྒྱུ་མཚན་ནི་ཐེངས་གཅིག་ལ་ཀློག་དུས་ཚིག་གི་གཅོད་མཚམས་དང་ཐ་སྙད་གསར་བ་དག་ལ་ཡིད་འཇོག་བྱེད་པ་ལས་ཚིག་གི་ནང་དོན་ལ་དོ་སྣང་བྱེད་ཐུབ་མེད་པས་ཡིན།ཐེངས་གཉིས་ནས་གསུམ་ལ་བཀླགས་ན་ཐེངས་དང་པོ་ལས་གང་ཐད་ནས་ཀྱང་ཇེ་གསལ་ཡིན་ངེས།དེ་བས་དགེ་རྒན་གྱིས་སློབ་མར་གང་ལ་གང་འཚམ་གྱིས་ལྟ་ཀློག་གི་དཔེ་ཆ་ངོ་སྤྲོད་བྱ་དགོས་པ་དང་ལྟ་ཀློག་གི་སྐབས་སུ་ཚིག་དོན་གཉིས་ཀར་ཡིད་འཇོག་བྱེད་པ།ད་དུང་ཚིག་མཛེས་པ་དང་བརྗོད་བྱ་ལེགས་པ་རྣམས་ཟིན་བྲིས་སུ་འགོད་པའི་གོམས་གཤིས་སྐྱེད་སྲིང་བྱ་དགོས།ཀུན་གྱིས་ཤེས་གསལ་ལྟར་བྱིས་པ་རྣམས་ནི་རི་མོར་དགའ་ཞིང་རི་མོ་ངོས་འཛིན་གྱི་ནུས་པ་ཆེན་པོ་ཡོད་པ་རེད།བསླབ་ཕྱི་དང་གནང་བའི་སྐབས་སུ་སློབ་མ་རྣམས་ཡུལ་ལ་ཡོང་ནས་འགུལ་རིས་བརྙན་འཕྲིན་ལ་ལྟ་དགའ་ཆེ་བ་དེས་གནས་ལུགས་དེ་གསལ་བཤད་བྱས་ཡོད་པ་རེད།དེ་བས་ཁྱིམ་བདག་དང་དགེ་རྒན་རྣམས་ཀྱིས་སློབ་མར་རི་མོ་ཤུགས་ཆེ་ཞིང་རི་མོའི་ཞོར་དུ་ཡི་གེ་སྦྱོང་བའི་དཔེ་ཆར་ལྟ་བ་ནས་དཔེ་ཆར་ལྟ་རྒྱུར་དགའ་བའི་གོམས་གཤིས་སྐྱེད་སྲིང་བྱེད་ཆོག་པ་རེད།གཞན་ཡང་སློབ་གྲོགས་འདི་དག་གིས་གངས་རྒྱན་ན་ཆུང་ཚགས་པར་དང་།བྱིས་པའི་རབ་བྱེད།སྦྲང་ཆར་དུས་དེབ།གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་ཚོགས།འཁྲུངས་གླིང་མེ་ཏོག་ར་བ་སོགས་ཀློག་པར་སྐུལ་མ་གཏོང་དགོས།དཔེ་ཆ་དེ་དག་ལ་ལྟ་དུས་སུ་དགེ་རྒན་གྱིས་སློབ་མར་ཟུར་ཁྲིད་ཀྱི་ཞོར་ནས་གཏམ་རྒྱུད་ཀྱི་བརྗོད་དོན་དང་དཔེ་ཀློག་གི་ཁྲོད་ནས་ཕྲད་པའི་ཚིག་གསར་མིང་གསར། རྒྱན་ཚིག ལེགས་བཤད། གཏམ་དཔེ་ལྟ་བུ་ཟིན་བྲིས་སུ་འདེབས་པའི་གོམས་གཤིས་སྐྱེད་སྲིང་བྱས་ན་ལེགས་སྙམ།

    གསུམ།ཆུ་ཚད་བཟང་བའི་སློབ་མར་ལྟ་ཀློག་གི་རེ་བ་འདོན་པ།

    སློབ་སྦྱོང་བཟང་བའི་སློབ་མར་གོང་གི་རིམ་པ་གཉིས་ལས་རེ་བ་ཅུང་མཐོན་པར་འཛིན་དགོས། དཔེར་ན་དཔེ་རིས་ཅན་གྱི་དཔེ་ཆ་ཀློག་དུས་རི་མོ་ཁོ་ནར་བལྟ་རུ་མི་འཇུག་པར་རི་མོ་དེའི་མཚོན་དོན་བཤད་དུ་འཇུག་པ་དང་།རི་མོ་དང་རི་མོའི་བར་གྱི་འབྲེལ་བ་བརྒྱུད་ནས་མུ་འབྲེལ་རི་མོས་མཚོན་པའི་གཏམ་རྒྱུད་ཀྱི་ནང་དོན་བཤད་དུ་འཇུག་རྒྱུ་གལ་ཆེ། རྨང་གཞི་བཟང་བའི་སློབ་མའི་དཔེ་ཀློག་གི་ནུས་པ་ཅུང་རྒྱས་ཡོད་པས།དགེ་རྒན་གྱིས་བར་བཅུག་རི་མོ་ཅུང་མང་ལ་ཡིག་ཚོགས་ཅུང་ཉུང་བའི་དཔེ་ཆ་ལྟ་རུ་འཇུག་དགོས་ཏེ།དེ་ལ་བོད་རང་གི་བརྩམས་ཆོས་གྲགས་ཅན་ཟློས་གར་ཆེན་མོ་བརྒྱད་དང་། བྱ་སྤྲེལ་གཏམ་རྒྱུད།གཏམ་པད་མའི་ཚལ་གྱི་ཟློས་གར།བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད།སྒོམ་ཆེན་དང་རྫ་ཙིག་གི་གཏམ་རྒྱུད་སོགས་ཡོད་ལ།དཔེ་ཆ་དེ་དག་ཀློག་དུས་དགེ་རྒན་གྱིས་སློབ་མའི་བློ་སྒོ་འབྱེད་པ་དང་ཁྲིད་སྟོན་གྱི་ནུས་པ་ཐོན་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན།

    མདོར་ན། སྤྱིར་དཔེ་ཆར་ལྟ་དུས་བརྗོད་བྱ་དང་རྗོད་བྱེད་ཀྱི་ཚིག་ལ་ནན་ཏན་བྱ་རྒྱུ་ནི་གལ་ཆེ་བས། ང་ཚོའི་སློབ་འབྲིང་གི་སློབ་མ་དག་གིས་ཀྱང་ཐབས་ལམ་འདི་སྤྱད་ན་བཟང་ངེས། སློབ་འབྲིང་གི་དུས་རིམ་ནི་སློབ་མས་ཡིག་ཀློག་ལ་ཤུགས་སྣོན་པའི་དུས་རིམ་ཞིག་ཡིན་པས་རྗོད་བྱེད་ཚིག་ལ་ཤུགས་བསྣན་ན། མཁས་པ་དག་གི་ཚིག་གི་སྦྱོར་ལུགས་ཕུན་སུམ་ཚོགས་པ་དེ་དང་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ལ་སློབ་སྦྱོང་བྱས་པ་ཡིན། བརྩམས་ཆོས་གང་ཡིན་རུང་ལྟ་ཀློག་བྱེད་རྒྱུ་ནི་རིག་གནས་ཀུན་ལ་བག་ཆགས་འཇོག་སྟངས་ཤིག་ཡིན་པར་མ་ཟད། རང་གཞན་གཉིས་ཀྱི་རིག་གནས་ལ་འཇུག་པའི་ཐབས་ལམ་ལེགས་པོ་ཞིག་ཏུ་མངོན་ནོ།།

    རྩོམ་པ་པོ་ནི་མཚོ་སྔོན་ཞིང་ཆེན་གཙང་གསུམ་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན།

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས18པ།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག