(པར་ངོས21པར་མཐུད་པ།)བསམ་འཆར་ཡོད་ཚད་ལག་བསྟར་བྱེད་ཐབས་མེད་པས་ལྕམ་སྲིང་གཉིས་ཀ་སེམས་སྡུག་ནས་ངུས་པ་དང་། ཕག་ཕྲུག་ཀྱང་ངུས། ཡིན་ནའང་བྱ་ཕོས་དུས་བབ་དང་མི་བསྟུན་པར་གད་མོ་བགད་པས་ཚང་མར་ཁོང་ཁྲོ་ཆེན་མོ་བསླངས།སྲོག་ཆགས་ཡོད་ཚད་ཀྱིས་བྱ་ཕོར“མར་སོང་། མར་སོང་། གདུང་སེམས་མེད་པའི་ལྟས་ངན་ཁྱོད།”ཅེས་སྐད་ཆེན་པོས་བཤད་པ་ན། བྱ་ཕོ་ཁོང་ཁྲོ་ལངས་ནས་བྱ་ཟེ་ཡང་ཁྲག་དམར་གྱི་མདོག་ལྟར་གྱུར་ཏེ། “ཤག”སྒྲ་ཞིག་དང་བཅས་བརྒྱུགས་ནས་འགྲོ་ཞོར། དགྲ་ཤ་ལེན་ཁོ་ཐག་ཡིན་ཞེས་མནའ་བསྐྱལ།

    སྐར་མ་འགའི་རྗེས་སུ། མ་ལི་ནེ་ཐེ་ཤིང་ཆ་སྤུངས་ཡོད་སར་སོང་སྟེ་ཞིབ་ཕྲའི་སྒོ་ནས་ཤིང་ཆ་བདམས། བྱ་ཕོས་ངོ་དགའ་བྱེད་ཆེད་མོ་ལ་བསམ་འཆར་ཞིག་བཤད་འདོད་མོད། འོན་ཀྱང་མ་ལི་ནེ་ཐེ་ཡིས་བྱ་གག་གི་སྐད་ཆར་མཉན་ནས་བྱ་ཕོ་ལ་དོགས་ཟོན་བྱས་ཡོད་པའི་རྐྱེན་གྱིས་ཅི་ཡང་མ་བཤད་ལ། ཤིང་ཆ་བདམས་ཚར་རྗེས་མྱུར་མོར་ཁ་བྲལ་སོང་། ཅུང་མ་འགོར་བར་ཏི་ཨེར་ཧྥེ་ནས་བྱི་ལ་ཁྲིད་ནས་ཕྱིར་ཡོང་སྟེ། འབྲུ་ཁང་གི་ནང་དུ་བཏང་། བྱ་ཕོས་མིག་བགྲད་པ་ལས་ཅི་ཡིན་འདི་ཡིན་ཆ་མ་འཚལ།

    བྱི་ལས་འབྲུ་ཁང་ནས་ཙི་གུ་ཞིག་བཟུང་བ་དང་ལྕམ་སྲིང་གཉིས་ཀྱིས་ཤིང་ཆ་དེ་བྱི་ལ་ཡི་ཚབ་བྱས་ཏེ། རས་ཁུག་གི་ནང་དུ་བཞག་ནས་ཙི་གུར་ཤིང་ཆ་དེའི་སྟེང་དུ་ཕར་འགྲོ་ཚུར་འོང་བྱ་དགོས་པའི་བཀའ་ཕབ་སྟེ་ཕ་མ་གཉིས་ལ་བྱི་ལ་ད་དུང་ནང་དུ་ཡོད་མདོག་སྟོན་རྩིས་བྱས།

    ཆུ་ཚོད་བཅུ་གཉིས་ལ་བསླེབས་པ་ན། ཕ་མ་གཉིས་ཀྱིས་ཤིང་རྟ་དྲུད་ནས་ཕྱིར་ལོག སྲོག་ཆགས་རྣམས་རང་རང་གི་འདུག་གནས་སུ་སོང་ནས་བསྡད། ཕ་མ་གཉིས་ཀ་སྒོ་ནང་ལ་འཛུལ་ཞོར་དུ“རྒྱུན་དུ་འདི་ལྟར་ཆར་བ་འབབ་པ་ནི་འཆི་འོས་པའི་བྱི་ལ་འདིར་ལན་པ་རེད”ཅེས་བཤད། བྱི་ལ་ཤིང་སྒམ་གྱི་ནང་དུ་ལུས་པོ་བཀུམས་ནས་བསྡད་ལ། ཤིང་སྒམ་དེ་ཏག་ཏག་རས་ཁུག་གི་འོག་ཏུ་ཡོད། ཁོས་བདག་པོའི་སྐད་ཆར་མཉན་རྗེས་དང་ལེན་གཏན་ནས་བྱེད་མ་འདོད་པར“ཁྱོད་ཚོས་ཉིན་དེར་ང་ལ་གཅར་རྡུང་བྱས་པ་ནི་དངོས་གནས་གནས་ལུགས་མེད་དེ། ཁྱོད་ཚོ་ནི་གདོན་འདྲེ། གཤེད་མ་རེད།”ཅེས་སྡིགས་པ་ན།

    “དངོས་ནས་བྱི་ལ་ཁ་ངན་ཞིག་ཡོད།”ཅེས་ཟེར་ནས་ཕ་མ་གཉིས་ལྷག་ཏུ་ཁོང་ཁྲོ་ལངས་ཏེ། ཕགས་མ་བཟུང་ནས་ཁུག་མར་བཅུག་པའི་བྱི་ལར་གཅར་རྡུང་བྱས།

    ཙི་གུ་ཤིང་ཆའི་ཐོག་ཕར་འགྲོ་ཚུར་འོང་བྱས་ལ། ཨ་ཨེར་ཧྥང་སིས་ཤིང་སྒམ་ནས་ན་ཟུག་གི་སྐད་བརྒྱབ་པས་ཡོད་ཚད་བལྟས་པ་ཙམ་གྱིས་རང་ལུས་ལ་ཕོག་པ་དངོས་དང་འདྲ། མཇུག་མཐར། རས་ཁུག་ནང་གི་ཙི་གུ་འགུལ་རྒྱུ་མེད་པར་གྱུར་མོད། ཡིན་ནའང་བྱ་ཕོས་བདག་པོ་ལ་གསལ་འདེབས་ཀྱི་ཚུལ་དུ“བདག་པོ་ལགས། ཁྱོད་ཚོས་ཨ་ཨེར་ཧྥང་སི་དངོས་གནས་ནང་དུ་ཡོད་པར་འདོད་དམ། ཤིང་ཆ་ཞིག་རེད་མི་འདོད་དམ།”ཞེས་བཤད།

    ཕ་མ་གཉིས་ཀྱིས་དེ་འདྲ་མང་པོ་ཞིག་ལ་འདང་མ་བརྒྱབ་པར་བྱི་ལ་འགུལ་རྒྱུ་མེད་པ་ནི་གཅར་རྡུང་བྱས་ནས་བསད་ཟིན་པར་སྙམ་སྟེ་ཁོ་ཚོས་རས་ཁུག་མཚོ་འགྲམ་ལ་ཁྱེར་ནས་མར་གཡུགས་རྗེས་ཕྱིར་ཁྱིམ་དུ་ལོག

    ཁྱིམ་ལ་ལོག་རྗེས་ལྕམ་སྲིང་གཉིས་ཀྱིས་གླུ་དབྱངས་ལེན་ཞོར་ཅོག་ཙེ་ཉ་ར་བྱེད་པ་ལས། ལུས་སེམས་ལ་སྡུག་སྣང་ཅུང་ཙམ་ཡང་མེད་པ་དེས་ཁོ་གཉིས་ཧ་ཅང་ཡ་མཚན་སྐྱེས་ཏེ“ཁྱོད་ཚོས་སེམས་སྡུག་ཅུང་ཙམ་ཡང་མི་བྱེད་དོན་ཅི་ཡིན། དང་ཐོག་ཁྱོད་ཚོས་ཁོའི་ཆེད་དུ་དགོངས་དག་ཞུས་པ་མ་ཡིན་ནམ།”ཞེས་དྲིས་པ་ན། བསམ་ཡིད་ལས་འདས་པ་ཞིག་ལ་བུ་མོ་གཉིས་ཀྱིས“ང་ཚོས་སེམས་སྡུག་བྱས་མོད། ཡིན་ནའང་ཁོ་ཤི་ཟིན་པས་ཐབས་ཅི་ཡོད”ཅེས་ལན་བཏབ།

    ད་ལྟ་ཕ་མ་གཉིས་ཀྱིས་བྱི་ལ་མཚོ་ནང་ལ་གཡུག་པར་འགྱོད་པ་ཚད་མེད་སྐྱེས་ཏེ། ཉིན་དེའི་ཕྱི་དྲོ་ཧྲིལ་བོར་ཁོ་ཚོ་དོན་དག་དེའི་ཆེད་དུ་སེམས་ཧ་ཅང་སྐྱོ་བར་མ་ཟད། ཐ་ན་མིག་ཆུ་ཤམ་ཤམ་དུ་བཞུར་བཞིན་ངུས་པ་རེད། དེ་དང་མཉམ་དུ་བུ་མོ་གཉིས་ཀྱི་སྣང་ཚུལ་ལ་ཁོང་ཁྲོ་ཆེན་པོ་ལངས་ནས“མོ་གཉིས་ཀྱི་སེམས་ཅུང་ཙམ་ཡང་མི་སྡུག་པ་ཅི་ཡིན། དངོས་གནས་སྙིང་རྗེ་མེད་པའི་བྱིས་པ་གཉིས་རེད”ཅེས་བཤད། ལྕམ་སྲིང་གཉིས་ཀྱི་ཡིད་ཅུང་ཙམ་ཡང་མི་སྐྱོ་བའི་རྒྱུ་མཚན་ནི་ཨ་ཨེར་ཧྥང་སི་དོན་དམ་དུ་ཁྱིམ་དུ་བསྡད་ཡོད་པས་རེད། ཙི་གུ་ཆུང་ཆུང་དེའང་ཤི་མེད་དེ། ཕ་མ་གཉིས་ཀྱིས་རས་ཁུག་མཚོ་ནང་ལ་གཡུག་པའི་སྐད་ཅིག་ཉིད་ལ་ཙི་གུས་ཁྱི་ཕྲུག་གི་ཟུག་སྐད་ཐོས་པས། རས་ཁུག་གི་ཁུང་བུ་ཆུང་བ་ལས་ཕྱིར་བུད་དེ་ཁྱིམ་ལ་ཐོན་པས་མཚོ་ནང་ལ་གཡུགས་པ་ནི་ཤིང་ཆ་དེ་ཡིན་ནོ།།

    ཉིན་གཉིས་པར། ཉི་མ་ཤར་སོང་། ཞིང་ནང་གི་ལས་ཀར་བྲེལ་བ་ཆེ་བས་ཕ་མ་གཉིས་ལའང་བྱི་ལའི་ཆེད་དུ་སེམས་སྡུག་བྱེད་ཁོམ་མ་བྱུང་། ཁོ་ཚོ་ཞིང་ཁར་སོང་རྗེས་ཨ་ཨེར་ཧྥང་སི་ད་གཟོད་ལྕམ་སྲིང་གཉིས་དང་མཉམ་དུ་རྩེད་འཇོར་རོལ་བ་དང་ཟ་མ་བཟའ་སྐབས་མ་གཏོགས་གཡོལ་མི་དགོས། དགོང་མོ་ཐོན་པ་ན། ཁོ་ད་དུང་ལྕམ་སྲིང་གཉིས་ཀྱི་ཁང་པའི་ནང་དུ་སོང་ནས་ཁོ་མོ་ཚོ་དང་ཁ་བརྡ་བྱེད། ཕ་མ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚང་མ་ཤེས་མེད་མོད། འོན་ཀྱང་འདི་ཡོད་ཚད་ཡ་ང་བའི་བྱ་ཕོས་མཐོང་ཡོད།

    ཉིན་ཞིག བྱ་ཕོས་ཕ་མ་གཉིས་ལ“ཨ་ཨེར་ཧྥང་སི་ལྡུམ་རའི་ནང་ཡོད་པ་འདྲ”ཞེས་བཤད་པ་ན། ཕ་མ་གཉིས་ཀ་ཡིད་མ་ཆེས་པར“བྱ་ཕོ་ངོ་མ་གླེན་པ་རེད། ང་ཚོས་དངོས་སུ་བྱི་ལ་དེ་མཚོ་ནང་དུ་གཡུགས་ཟིན”ཞེས་བཤད། ཉིན་གཉིས་པར། བྱ་ཕོས་ཡང་བསྐྱར་བདག་པོ་ལ“ཕྱི་དྲོ་ཨ་ཨེར་ཧྥང་སི་ཡོང་ནས་ཁྱོད་ཚོའི་བུ་མོ་དང་མཉམ་དུ་ལྡུམ་རའི་ནང་དུ་རྩེད་མོ་རྩེ་ངེས་ཡིན། དེ་ངས་ཚིག་ཐག་གཅོད་ཐུབ”ཅེས་བཤད་པ་ན། ཕ་མ་གཉིས་ཀྱིས“བྱ་ཕོ་འདི་ངོ་མ་བསྡད་ཀྱིན་བསྡད་ཀྱིན་གླེན་པར་གྱུར་ནས་སྙིང་རྗེ་བའི་ཨ་ཨེར་ཧྥང་སི་ཁོ་ན་མ་གཏོགས་མི་གླེང”ཞེས་བཤད། ཁོ་ཚོ་བྱ་ཕོའི་སྤྱོད་སྟངས་ལ་སུན་སྣང་སྐྱེས། ཉིན་གཉིས་པར་བྱ་ཕོ་ཡང་བསྐྱར་བརྒྱུགས་ཡོང་ནས་ཁོ་ཚོར་ཨ་ཨེར་ཧྥང་སི་ཤི་མེད་ཅེས་བཤད་གྲབས་བྱེད་སྐབས། ཕ་མ་གཉིས་ཀྱིས་ཁོ་བཟུང་ནས་བསད་པས། དགོང་མོར་བཟའ་མི་ཚང་མས་དྲི་ཞིམ་འཐུལ་བའི་བྱ་ཤ་ཟ་ཐུབ་སོང་།

    ཨ་ཨེར་ཧྥང་སི་ཤི་ནས་ཉིན་བཅོ་ལྔ་འགོར་སོང་བ་དང་། དུས་ཡུན་རིང་བོ་ཞིག་ལ་ཆར་བ་མ་བབས།ཉིན་ཉེར་གསུམ་པར་བསླེབས་པ་ན། ནམ་མཁའ་རུ་སྔར་བཞིན་ཆར་བ་འབབ་པའི་རྟགས་མཚན་ཅི་ཡང་མེད་པས། ས་ཞིང་སྐམ་དྲགས་ཏེ་ཞིང་ལས་ལོ་ཏོག་ཅི་ཡང་སྐྱེས་མ་ཐུབ་ཅིང་། ཕ་མ་གཉིས་ཀྱིས་ཀྱང་སེམས་ཁྲལ་བྱས་པར་མ་ཟད། ལྕམ་སྲིང་གཉིས་ལ་ལེ་བདའ་བྱས་ཏེ་བཤད་རྒྱུར།གལ་ཏེ་ཁྱོད་གཉིས་ཀྱིས་གཡུ་རྫ་བཅག་མེད་ཚེ། བྱི་ལ་དང་འབྲེལ་ཡོད་ཀྱི་དོན་དག་ཅི་ཡང་བྱུང་མེད་ཁོ་ཐག་ཡིན་ཟེར། ཁོ་ཚོ་ལྡུམ་རའི་ནང་དུ་བསྡད་ནས་ནམ་མཁར་བལྟ་ཞོར་དུ་རེ་བ་མེད་པའི་སྒོ་ནས་ལག་པ་གཉིས་གཡུག་ཞོར་དུ་ཨ་ཨེར་ཧྥང་སིའི་མིང་ནས་འབོད་བཞིན་ཡོད།

    ཉིན་ཞིག་གི་ཞོགས་པར། ཕ་མ་གཉིས་ཀ་བུ་མོ་གཉིས་ཀྱི་ཁང་པའི་ནང་དུ་གཉིད་ལས་སློང་དུ་སོང་བ་ན། ཨ་ཨེར་ཧྥང་སི་མཐོང་བྱུང་། མ་གཞི་ཁ་སང་དགོང་མོ་ཁོས་ལྕམ་སྲིང་གཉིས་དང་ཁ་བརྡ་བྱས་ནས་འཕྱི་དྲགས་པས་མ་ལི་ནེ་ཐེ་ཡི་མལ་ཁྲིའི་སྟེང་གཉིད་སོང་བ་རེད།

    ད་ལྟ། ལྕམ་སྲིང་གཉིས་ཀྱིས་བྱི་ལ་ཆུར་འཕེན་པའི་ཉིན་དེར་བྱུང་བའི་དོན་དག་ཡོད་ཚད་ཕ་མ་གཉིས་ལ་གསལ་བཤད་མི་བྱེད་ཐབས་མེད་བྱུང་།“བཟང་གི་ཡ། ཁྱོད་ཚོས་ང་ཚོའི་བཀའ་ལའང་རྒྱབ་འགལ་བྱེད་ཐུབ། ད་ཐེངས་ཁྱོད་ཚོ་ངེས་པར་ཨ་ནེ་མེ་ལེ་ནཱ་ཡོད་སར་བསྐྱལ་རྒྱུ་ཡིན”ཞེས་ཕ་མ་གཉིས་ཀྱིས་ཁོང་ཁྲོ་མེ་ལྟར་འབར་བཞིན་བཤད།

    བྱི་ལས་སྐད་བརྒྱབ་ནས“ངེས་པར་དེ་ལྟར་བྱ་དགོས་སམ། བཟང་གི ང་ཡང་ཨ་ནེ་མེ་ལེ་ནཱ་ཚང་ལ་འགྲོ་ཡ”ཞེས་བཤད། ཕ་མ་གཉིས་ཀྱིས་རང་ཉིད་ཀྱི་ཨ་ཨེར་ཧྥང་སི་ལ་བྱས་པ་ཐམས་ཅད་མི་འགྲིག་པ་ཤེས་པའི་རྐྱེན་གྱིས་གང་ཐུབ་ཅི་ཐུབ་ཀྱིས་བྱི་ལ་འདུག་རྒྱུའི་རེ་བ་ཞུས་མོད། འོན་ཀྱང་བྱི་ལར་ཅི་བཤད་ཀྱང་མ་འཐད་པས་མཐར་ཕ་མ་གཉིས་ཀྱིས་ལྕམ་སྲིང་གཉིས་ཀ་མི་བསྐྱལ་རྒྱུ་བྱས། དགོང་མོར། ཚང་མ་ལྡུམ་རའི་ནང་དུ་བསྐོར་ནས་བསྡད་ཡོད་ལ་བྱི་ལ་དཀྱིལ་གྱི་རྐུབ་སྟེགས་སྟེང་བསྡད་དེ། ཚམ་ཚོམ་མེད་པའི་སྒོ་ནས་ཁ་ངོ་བཀྲུས་ཚར་རྗེས་རྣ་བའི་ལྟག་རྒྱབ་ལ་ཐེངས་ལྔ་བཅུ་འཕྲུག ཕྱི་ཉིན་གྱི་ཞོགས་པར་ཐན་སྐམ་བྱུང་ནས་ཉིན་ཉེར་ལྔ་འགོར་རྗེས་ད་གཟོད་ཆར་བ་ཆེན་པོ་ཞིག་བབས་སོང་། །

    བསྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་སློབ་གླིང་གི2011ལོའི་ལོ་ཙཱ་འཛིན་གྲྭའི་ཡིན།

    མཚོ་སྔོན་བོད་ཡིག་གསར་འགྱུར།2015·02·06།པར་ངོས22པ།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག