ཏི་ཨེར་ཧྥེ་ན་དང་མ་ལི་ནེ་ཐེ་ལྕམ་སྲིང་གཉིས་ཀ་ལོ་བཅུར་འབུད་ལ་ཉེ།ཡིན་ནའང་ཁོ་མོ་གཉིས་ཀ་ཉིན་གང་བོར་རྩེད་མོ་རྩེ་བ་ལས་ཕ་མར་ལས་རོགས་ཅི་ཡང་བྱེད་ཀྱིན་མེད། ཁོ་གཉིས་ལ་བྱི་ལ་ཆུང་ཆུང་ཞིག་ཡོད་པའི་མིང་ལ་ཨ་ཨེར་ཧྥང་སི་ཟེར་ཞིང་། དེས་ཁ་ངོ་བཀྲུ་བའི་སྐབས་སུ་རྣ་བའི་ལྟག་རྒྱབ་ལ་ཐེངས་འགར་འཕྲུག་པ་ན་ཕྱི་ཉིན་ཆར་འབབ་པའི་སྔ་ལྟས་ཡིན།

    ཉིན་ཞིག་ལ། ལྕམ་སྲིང་གཉིས་རྩེད་འཇོར་རོལ་སྐབས་སེམས་ཆུང་མ་བྱས་པར་མེས་པོ་ནས་བརྒྱུད་ཡོང་བའི་གཡུ་རྫ་དེ་བཅག ཏག་ཏག་ཉིན་འགར་བསྟུད་མར་ཆར་བ་བབས་པས་ཕ་མ་གཉིས་ཀྱིས་ཞིང་ཁའི་ལས་ཀ་ལས་མ་ཐུབ་པར་སེམས་ཁྲལ་བྱེད་པ་དང་ཁེལ་སྟབས་ལྷག་ཏུ་ཁོང་ཁྲོ་ཆེན་པོ་ལངས་སོང་། བུ་མོ་གཉིས་ལ་ཆད་པ་གཅོད་ཆེད། ཁོ་ཚོས“ཅི་འདྲའི་བྱིས་པ་མ་རབས་གཉིས། ཡུལ་ནས་བྲ་ཚག་བྱེད་པ་ལས།གལ་ཏེ་སང་ཉིན་ཆར་བ་མ་བབས་ན། ཁྱོད་ཚོ་ཨ་ནེ་མེ་ལེ་ནཱ་ལ་བལྟ་རུ་སོང”ཞེས་བཤད།

    ལྕམ་སྲིང་གཉིས་ཧ་ལས་པར་གྱུར། ཁོ་མོ་ཚོས་ཨ་ནེ་མེ་ལེ་ནཱར་བལྟ་རུ་འགྲོ་བ་དེས་ཅི་ཞིག་མཚོན་པ་ཤེས་ཡོད། དེ་ནི་བུད་མེད་ཐ་ཤལ་བ་ཞིག་ཡིན་ལ།ཁ་ནང་དུ་སོ་གཅིག་ཀྱང་མེད་པར་མ་ཟད། མ་ནེ་སྨ་རས་ཁེངས་ཡོད། མོས་ནམ་རྒྱུན་སྨ་རས་བུ་མོ་གཉིས་ལ་གཙག་པ་དང་སྐྲ་ནས་འཐེན་པ་དང་། ད་དུང་མོས་ཆེད་དུ་གྲ་སྒྲིག་བྱས་ཡོད་པའི་གོར་སོབ་རུལ་བ་དག་བཙན་གྱིས་བཟའ་རུ་འཇུག ཆད་པ་དེ་ནི་ལྕི་དྲགས་པས་ཨ་ཨེར་ཧྥང་སིས་ཀྱང་དབང་མེད་དུ་དངན་པ་ཞིག་འཐེན་བྱུང་། ད་ཐེངས་མ་བཟང་ཐལ། ཕ་མ་གཉིས་ཀྱིས་ཁོང་ཁྲོའི་མེ་ལྕེ་དེ་ཁོའི་ཐོག་ལ་བསྐོར་ནས“ཁྱོད་ཀྱིས་རྙོག་དྲ་ཅི་ཞིག་བཟོ་བཞིན་ཡོད། གཡུ་རྫ་དེ་བཅག་པར་ཁྱོད་ལའང་འབྲེལ་བ་ཡོད་དམ།”ཞེས་དྲིས་པ་ན། ལྕམ་སྲིང་གཉིས་ཀྱིས་མྱུར་དུ་བྱི་ལ་མིན་ཚུལ་གསལ་བཤད་བྱས་མོད། ཡིན་ནའང་རྒྱུ་རྐྱེན་མེད་པར་ཁ་རྡུང་ཕོག་སོང་བས་བྱི་ལ་ཆུང་ཆུང་ཁོང་ཁྲོ་ལངས་ནས་བུད་ཤིང་ཐོག་བསྡད་དེ་ཁ་ངོ་བཀྲུས། ཏི་ཨེར་ཧྥེ་ན་ཡིས་མིག་མཐར་མཆི་མ་འཁོར་བཞིན་བལྟས་འདུག་སྐབས་གློ་བུར་དུ་གདོང་ལ་འཛུམ་མདངས་རྒྱས་ཏེ“ཨ་ཨེར་ཧྥང་སི་ཁྱོད་ཀྱིས་ང་ཚོར་རོགས་བྱས་ཏེ་རྣ་བའི་ལྟག་རྒྱབ་ལ་ཐེངས་འགར་འཕྲུག་དང་། གལ་ཏེ་སང་ཉིན་ཆར་བ་བབས་ན། ང་ཚོ་ཨ་ནེ་ཚང་ལ་འགྲོ་མི་དགོས”ཞེས་བཤད་པ་ན། ཚང་མ་དགའ་སྤྲོ་སྐྱེས་ནས་ཐབས་བཀོད་འདི་ལ་འཐད་པ་བྱུང་། དེ་བས་བྱི་ལས་སྡེར་མོ་རྣ་བའི་ལྟག་རྒྱབ་ལ་བཞག་ནས་ཤེད་ཀྱིས་ཐེངས་ལྔ་བཅུ་ལྷག་ལ་འཕྲུག་པ་རེད།

    ཉིན་གཉིས་པར། ཕ་མ་གཉིས་ཀས་ལྕམ་སྲིང་གཉིས་ལ་ལམ་རྒྱགས་གྲ་སྒྲིག་བྱས་ཡོད་མོད། ཡིན་ནའང་ཆར་བ་རྒྱུན་མ་ཆད་པར་བབས་པས་ཕ་མ་གཉིས་ལའང་ཁོ་མོ་ཚོ་ཨ་ནེ་ཚང་ལ་སྐྱེལ་བའི་ཐབས་མེད་སོང་། འོན་ཀྱང་ཁོ་ཚོས“དེ་རིང་འགྲོ་མ་ཐུབ་ན་སྐྱོན་མེད། སང་ཉིན་སོང་ཆོག”ཟེར། མཇུག་མཐར་མུ་མཐུད་དུ་ཉིན་འགར་ཆར་བ་བབས་པས་ཕ་མ་གཉིས་ཀ་ཞིང་ཁར་སོང་ནས་ལས་ཀ་ལས་མ་ཐུབ་པ་དང་། བུ་མོ་གཉིས་ལ་ཆད་པ་གཅོད་པའི་བཀའ་དེའང་ཡང་ནས་ཡང་དུ་ཕྱིར་སྣུར་བྱ་དགོས་བྱུང་བས་ཁོ་ཚོ་སྔར་ལས་འཚིག་པ་ཟོས་ནས་རྒྱུ་རྐྱེན་ཅི་ཡང་མེད་པར་བུ་མོ་གཉིས་ཀྱི་སྟེང་ལ་ཁོང་ཁྲོ་ལངས་པ་དང་། ཐུགས་ཧ་ཅང་ཁྲོས་སྐབས་ཁོ་ཚོས་ད་དུང་བྱི་ལར་ཕགས་མས་བརྡུངས་པ་དང་། རྡོག་པས་གཞུས་པ་སོགས་ཀྱི་རྐྱེན་གྱིས་བྱི་ལར་དངོས་ནས་ཁོང་ཁྲོ་བསླངས་སོང་། དེ་ནས་བཟུང་ལྕམ་སྲིང་གཉིས་ཀྱིས་བཀའ་མ་ཕབ་ཀྱང་ཁོས་རང་འགུལ་གྱིས་ཉི་མ་རེ་རེར་རྣ་བའི་ལྟག་རྒྱབ་ལ་འཕྲུག་པ་རེད། དེ་ལྟར་མུ་མཐུད་དུ་ཉིན་བདུན་རིང་ཆར་བ་བབས་པ་དང་། ཕ་མ་གཉིས་ཀྱིས་འབྲུ་རིགས་སྐྱེ་ལ་ཡོད་པ་མཐོང་བས་ལྷག་ཏུ་ཁོང་ཁྲོའི་མེ་ལྕེ་འབར། ཡིན་ནའང་དེ་ནས་བཟུང་ཁོ་ཚོས་བྱི་ལར་མཉམ་འཇོག་མགོ་བརྩམས།

    ཉིན་བརྒྱད་པའི་ཞོགས་པར། ཕ་མ་གཉིས་ཀྱིས་ཇ་ཁང་དུ་རས་ཁུག་བཙེམས་ནས་ཁོམ་ལོང་མ་བྱུང་། ཁོ་ཚོ་མེ་འཁོར་འབབ་ཚིགས་ལ་སོང་ནས་ཞོག་ཁོག་མངག་འདྲེན་བྱེད་པར་གྲ་སྒྲིག་བྱེད་ཀྱིན་ཡོད་ལ། ཅོག་ཙེའི་སྟེང་དུ་ད་རུང་རྡོ་བ་ཆེན་པོ་ཞིག་ཀྱང་བཞག་འདུག

    བྱི་ལ་ནང་ལ་ཐོན་པ་ན་ཕ་མ་གཉིས་ཀྱིས་མཛའ་བརྩེ་ལྡན་ཞིང་ལྷག་བསམ་དག་པའི་སྒོ་ནས“ཨ་ཨེར་ཧྥང་སི།

    མེ་ཐབ་འགྲམ་གྱི་དཀར་ཡོལ་ནང་དུ་འོ་མ་གསར་བ་ཡོད། ཁྱོད་རང་འཐུང་དུ་སོང་།”ཞེས་བཤད།

    བྱི་ལས་འོ་མ་འཐུངས་ཚར་རྗེས། ཕ་མ་གཉིས་ཀྱིས་ཁོའི་རྐང་བ་རེ་རེ་ནས་བཟུང་སྟེ་མགོ་བོ་མར་བསྐོར་ནས་རས་ཁུག་གི་ནང་དུ་བཅུག་ཅིང་རྡོ་དེའང་ནང་དུ་གཡུགས་ནས་ཐག་པ་ཞིག་གིས་རས་ཁུག་གི་ཁ་དམ་པོར་བསྡམས།

    བྱི་ལར་བྲེལ་བ་ལངས་ནས་སྐད་ཆེན་པོས་འུར་བརྒྱབ་སྟེ“ཨ་ཕ། ཨ་མ། ཁྱོད་ཚོས་ཅི་ཞིག་བྱེད་ཀྱིན་ཡོད ”ཞེས་དྲིས་པ་ན།

    “ཅི་ཞིག་བྱེད། བྱི་ལ་ངན་པ་ཁྱོད་ཀྱིས་དགོང་མོ་རེ་རེར་རྣ་བའི་ལྟག་རྒྱབ་ལ་ཕར་འཕྲུག་ཚུར་འཕྲུག་བྱེད་ཅིང་།འཕྲུག་མ་ཐག་གནམ་ནས་ཆར་བ་འབབ་པ་རེད། ཁྱོད་ཆུ་ལ་དེ་འདྲ་དགའ་བོ་ཡོད་ན། ཅུང་ཙམ་སྒུགས་དང་ང་ཚོས་ཁྱོད་མཚོ་ནང་དུ་གཡུགས་ནས་ཁྱོད་ལ་ཆུ་རྒྱགས་ཆོད་པ་ཞིག་འཐུང་དུ་འཇུག”ཅེས་ཁོང་ཁྲོ་ཆེན་པོས་བཤད། ལྕམ་སྲིང་གཉིས་ཀྱིས་མྱུར་དུ་བྱི་ལའི་ཆེད་དུ་དགོངས་དག་ཞུས་མོད་ཀྱང་། ཕ་མ་གཉིས་ཀྱིས་ཁོ་མོ་ཚོའི་ཁ་ལ་གཏན་ནས་མ་མཉན། ཁོ་ཚོས་ཤེས་དུས་ཆུ་ཚོད་བརྒྱད་པར་བསླེབ་ལ་ཉེ་བ་དང་མེ་འཁོར་ཡང་འགྲོ་ལ་ཉེ་བས། ཁོ་ཚོས་སྔོན་ལ་མེ་འཁོར་འབབ་ཚིགས་སུ་འགྲོ་རྒྱུ་དང་ཕྱིར་ཡོང་ནས་བྱི་ལ་ཐག་གཅོད་བྱ་རྒྱུ་བྱས། ཁྱིམ་དང་ཁ་འབྲལ་སྐབས། ཁོ་ཚོས་ལྕམ་སྲིང་གཉིས་ལ“ཁྱོད་ཚོས་རས་ཁུག་གི་ཁ་ཕྱེས་མི་ཆོག གལ་ཏེ་ང་ཚོ་ཕྱིར་ཡོང་དུས་བྱི་ལ་རས་ཁུག་ནང་དུ་མེད་ཚེ། ཁྱོད་ཚོ་ཨ་ནེ་ཚང་ལ་སོང་ནས་ལོ་ཕྱེད་ལ་འདུག་དགོས།”ཞེས་བཤད།

    ཕ་མ་གཉིས་སོང་མ་ཐག་ལྕམ་སྲིང་གཉིས་ཀྱིས་རས་ཁུག་གི་ཁ་ཕྱེས་མོད། ཡིན་ནའང་བྱི་ལ་ཕྱིར་ཡོང་བར་མི་འཐད་པར“ཁྱོད་ཚོར་བཀའ་དྲིན་ཆེ། གལ་ཏེ་ངའི་རྐྱེན་གྱིས་ཁྱོད་ཚོ་ཨ་ནེ་མེ་ལེ་ནཱ་ཚང་ལ་བསྐྱལ་ནས་ལོ་ཕྱེད་ཙམ་ལ་སྡོད་དུ་འཇུག་པ་ལས། ང་རང་མཚོ་ནང་དུ་གཡུགས་ན་དགའ”ཞེས་བཤད། ལྕམ་སྲིང་གཉིས་ཀྱིས་ཁ་ཏ་སློབ་གསོ་ཇི་ལྟར་བྱས་ནའང་ཨ་ཨེར་ཧྥང་སི་ཕྱིར་མ་བུད་པས། ཁོ་གཉིས་ལའང་ཐབས་མེད་པར་ཁྱིམ་གྱི་སྲོག་ཆགས་གཞན་རྣམས་བོས་ནས་མཉམ་དུ་གྲོས་སྡུར་མི་བྱེད་ཐབས་མེད་བྱུང་།

    ཕག་ཕྲུག་གིས“ཕ་མ་གཉིས་ཕྱིར་ཐོན་ན། ངས་ཁོ་ཚོ་དང་ཁ་བརྡ་བྱས་ནས་ཁོ་ཚོར་སྲོག་ཆགས་ཀྱི་ཚེ་སྲོག་ཀྱང་མཆོག་ཏུ་གྱུར་པ་ཞིག་ཡིན་ལ། ཁོ་ཚོའི་བྱེད་སྟངས་ནི་ངོ་ཚ་ཁྲེལ་མེད་ཅིག་ཡིན་པ་ཤེས་སུ་འཇུག་རྒྱུ་ཡིན”ཞེས་རང་གི་བསམ་ཚུལ་འདོན་ཁུལ་བྱས་མོད། ཡིན་ནའང་ཕ་མ་གཉིས་ཀྱིས་ཕག་ཕྲུག་གི་སྐད་ཆར་མི་ཉན་ཁོ་ཐག་ཡིན།ཁྱི་ཕྲུག་གིས“གལ་ཏེ་ཕ་མ་གཉིས་ཀྱིས་ངོ་མ་དེ་ལྟར་བྱ་རྒྱུ་ཡིན་ཚེ། ངས་ཁོ་ཚོའི་རྐང་བར་སོ་བཏབ་ནས་ཁོ་ཚོས་བྱི་ལ་ཕྱིར་གཏོང་རག་བར་དུ་འདུག་རྒྱུ་ཡིན”ཟེར། འོན་ཀྱང་ལྕམ་སྲིང་གཉིས་ཀྱིས་ཁྱི་ཕྲུག་ལ་ཕ་མ་གཉིས་ཀྱི་རྐང་བར་སོ་འདེབས་སུ་འཇུག་མ་འདོད།

    བ་གླང་གིས“ཐབས་བཀོད་སླ་མོ་ཞིག་ཡོད་དེ། རས་ཁུག་གི་ནང་དུ་ཤིང་སྐམ་ཞིག་བཞག་ནས་བྱི་ལའི་ཚབ་བྱས་ན་འགྲིག་སོང་བ་མིན་ནམ།”ཞེས་བཤད་ནའང་བྱི་ལས་མགོ་བོ་གཡུག་ཞོར་དུ་རས་ཁུག་ནང་གི་དངོས་པོ་གྲགས་འགུལ་ཅི་ཡང་མེད་ཚེ། བདག་པོས་ཤེས་ཁོ་ཐག་ཡིན་ཟེར། རྟ་རྒན་ཡར་ལངས་ནས“ང་ལ་གསོན་ཡུན་རིང་བོ་མི་འདུག བྱི་ལ་ད་དུང་ལོ་ན་གཞོན་པས་ངས་ཁོའི་ཚབ་བྱེད་ཆོག”ཅེས་བཤད་པ་ན། ཚང་མར་རྟ་རྒན་གྱི་སྙིང་སྟོབས་དེས་སེམས་འགུལ་ཐེབས་སུ་བཅུག་ལ། ལྷག་ཏུ་ཨ་ཨེར་ཧྥང་སི་ལ་སེམས་འགུལ་ཚད་མེད་ཐེབས་ནས་རས་ཁུག་ལས་ཕྱིར་ལྡིང་ཡོང་སྟེ་རྟ་རྒན་ལ“ཁྱེད་ལ་བཀའ་དྲིན་ཤིན་ཏུ་ཆེ། གལ་ཏེ་ང་རང་སྟབས་ལེགས་ཏེ་ཆུ་ནང་ནས་མ་ཤི་ཚེ། ངས་ཁྱོད་ཀྱི་བཀའ་དྲིན་ཚེ་གང་བོར་མི་བརྗེད།”ཅེས་བཤད། ཡིན་ནའང་རས་ཁུག་ཆུང་དྲགས་པས་ཐ་ན་རྟ་རྒན་གྱི་རྐང་བ་ཡ་གཅིག་ཀྱང་ནང་ལ་འཇུག་མི་ཐུབ། (འཕྲོ་མ་པར་ངོས22པར་གཟིགས།)

    མཚོ་སྔོན་བོད་ཡིག་གསར་འགྱུར།2015·02·06།པར་ངོས21པ།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག