བུ་ཆུང་ཨན་རྡི་ལེ་མཐོ་འབྲིང་ལོ་རིམ་གཉིས་པ་འགྲིམ་དུས། ཁོ་ཚོས་འཇར་མན་སྐད་ཀྱི་སློབ་ཐུན་སྟེང་པི་ལེ་ཞི་ཐིའི་འཁྲབ་གཞུང《ཀཱ་ལི་ལེ》ཞེས་པ་བཀླགས་པར་བཤད།པི་ལེ་ཞི་ཐིའི་འཁྲབ་གཞུང་དུ་ཀཱ་ལི་ལེས་སའི་གོ་ལའི་གནས་ལུགས་གསར་རྟོགས་བྱུང་ཡང་། ཁོང་གིས་གསར་རྟོགས་བྱུང་བའི་གནས་ལུགས་དེ་ནི་ཆོས་ཚོགས་ཀྱིས་དང་ལེན་གཏན་ནས་བྱེད་མི་སྲིད་པ་བཀོད་ཡོད། སྤྱིར་བཏང་ང་ཚོས་བསླབས་པ་ནི་ཀཱ་ལི་ལེས་རང་ཉིད་ཀྱི་གཞུང་ལུགས་ལྟ་དགོངས་ཇི་ལྟར་རྒྱུན་འཁྱོངས་བྱེད་ཚུལ་གྱི་སྐོར་ཡིན་མོད། པི་ལེ་ཞི་ཐིས་བརྩམས་པའི་འཁྲབ་གཞུང་དེའི་ནང་དུ་དེ་ལྟར་བྲིས་མེད།

    ཨན་རྡི་ལེས་བཤད་ན། པི་ལེ་ཞི་ཐིའི་ཟུར་ལེན་སྟངས་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་ཏེ། ཁོས་སྨྱུག་ཁ་ལས་མངོན་པའི་ཀཱ་ལི་ལེའི་མིག་མདུན་དུ་གདམ་ག་གཉིས་ལྷགས་ཡོད། གདམ་ག་དེ་གཉིས་ནི་ཆོས་ཚོགས་ཀྱིས་ཁོང་གི་གཞུང་ལུགས་ཀྱི་ལྟ་དགོངས་གསར་བ་དེ་དང་ལེན་མ་བྱས་པའི་དུས་ཀྱི་གདམ་ག་གཉིས་ཡིན་ཏེ། གདམ་ག་གཅིག་ནི་ང་ཁྱོད་ཚོའི་ཁ་གཏད་དུ་ལངས་ཅི་ཐུབ་བྱ་རྒྱུ་དང་། རང་ཉིད་ཀྱི་རླབས་ཆེ་བའི་ལྟ་དགོངས་དང་རྩ་དོན་རྒྱུན་འཁྱོངས་མཐའ་འཁྱོལ་བྱས་ཏེ་མཇུག་མཐར་ཆོས་ཚོགས་ཀྱི་གནོད་པའི་འོག་ནས་རང་སྲོག་བློས་གཏོང་རྒྱུ་དེ་ཡིན། གདམ་ག་ཅིག་ཤོས་ནི་ངས་ཁྱོད་ལ་མགོ་བོ་སྒུར་ཏེ་རང་ཉིད་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། འོན་ཀྱང་རང་ཉིད་ལ་སྲུང་སྐྱོབ་བྱས་རྗེས་སྔར་ལས་ལྷག་པའི་གནས་ལུགས་ཟབ་མོ་འཚོལ་རྟོགས་བྱ་རྒྱུ་དེ་ཡིན། འཁྲབ་གཞུང་གི་མཇུག་ཏུ་ཀཱ་ལི་ལེས་གདམ་ག་ཕྱི་མ་དེ་བདམས་པར་བཤད་ཡོད་ལ། གདམ་ག་ཕྱི་མ་བདམས་རྗེས་སྐབས་དེའི་མི་མང་པོ་ཞིག་གིས་ཁོང་གི་བློ་འགྱུར་བ་དང་མགོ་བོ་སྒུར་བར་ཁ་རྡུང་གཏོང་བ་ཡིན་མོད། ཁོང་གིས་སྔར་ལས་གལ་ཆེ་བའི་གནས་ལུགས་ཟབ་མོར་འཚོལ་དཔྱོད་ཀྱི་ཆེད་དུ་ཡིན།

    ངས་ཁོ་ལ་ཁྱོད་ཚོས་སློབ་ཐུན་སྐབས་ཀྱི་བགྲོ་གླེང་གི་ནང་དོན་འབབ་ས་དེ་ཅི་ཡིན་དྲིས་པར། ཁོས་བགྲོ་གླེང་གི་མཇུག་མཐའི་འབབ་ས་ནི་མི་སྒེར་དང་ཚོགས་པའི་བར་གྱི་འབྲེལ་བའི་གནད་དོན་དེ་ཡིན་ཏེ། ཆོས་ཚོགས་སམ་རྒྱལ་ཁབ་ལྟ་བུའི་ཐུན་མོང་གི་སྟོབས་ཤུགས་ཆེན་པོ་དེའི་མདུན་ནས། མི་སྒེར་གྱིས་གནས་ཚུལ་ཅི་འདྲའི་འོག་ནས་ངོ་རྒོལ་དང་བློས་གཏོང་བྱ་དགོས་ལ། གནས་ཚུལ་གང་འདྲའི་འོག་ནས་ཕྱིར་བསྣུར་དང་ཕར་བསྟུན་བྱ་དགོས་ཞེས་བཤད།

    ཁོའི་སྐད་ཆ་དེས་ང་རང་ཧ་ལས་པར་བྱས། ལོ་ན་བཅུ་བདུན་ཙམ་གྱི་བྱིས་པ་འདི་དག་གིས་འདི་ལྟར་སྐད་ཡིག་སློབ་ཀྱིན་ཡོད་དམ། མི་སྒེར་གྱིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་འཕྲད་ན་ཇི་ལྟར་བྱ་དགོས། གནད་དོན་འདི་ནི་སྤྱི་དམངས་སློབ་གསོའི་ལྟེ་སྙིང་དུ་གྱུར་པའི་འདྲི་གཞི་དེ་མ་ཡིན་ནམ།།

    སེམས་ནང་གི་ཕ་བོང་།

    སྔོན་ཆད་ཁྱིམ་ཚང་ཞིག་གི་ཚལ་རའི་ནང་དུ་རྡོ་ཞིག་ཡོད། ཚལ་རའི་ནང་དུ་འགྲོ་དུས་རྐང་པ་ཕ་བོང་དེ་ལ་ཐོགས་ནས་ཐང་ལ་འགྱེལ་པ་དང་ལུས་པོར་སྐྱི་བཤུས་ཀྱང་བཏོད་ངེས།བྱིས་པས།ཕ་ལགས། ཚལ་རའི་ནང་གི་རྡོ་གན་རྩ་སློག་བྱས་ནས་ཕྱིར་གཡུགས་ན་མི་ཆོག་གམ་ཞེས་དྲིས་པར། ཨ་ཕས། ཚལ་རའི་ནང་གི་རྡོ་དེ་ནི་ཁྱོད་ཀྱི་སྤོ་བོའི་རིང་ནས་ཡོད་པ་ཞིག་རེད། རྡོ་དེ་ཧ་ཅང་ཆེ་བས་རྩ་སློག་བྱེད་རྒྱུ་ཟེར་ན་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། དེ་ལས་འགྲོ་དུས་སེམས་ཆུང་གྱིས་དང་དེས་མི་དགའ་འམ་ཞེས་ལན་བཏབ། ལོ་ངོ་དུ་མའི་རྗེས་སུ། བྱིས་པ་དེ་ནར་སོན་ནས་བག་མ་བསུས་ཤིང་བྱིས་པ་ཞིག་ཀྱང་སྐྱེས།

    ཉིན་ཞིག་མནའ་མས་ཁོང་ཁྲོ་དང་བཅས་ཏེ། ཕ་ལགས། ཚལ་རའི་ནང་གི་རྡོ་གན་དངོས་ནས་མི་བདེ་བ་ཞིག་རེད། སང་ཉིན་རྩ་སློག་བྱས་ཏེ་ཕྱིར་གཡུག་འཇོག་ཅེས་བཤད། ཨ་ཕས་ཡང་བསྐྱར་རྡོ་གན་ཆེ་ཞིང་ལྕི་བ་ཞིག་ཡིན་པས་བསྐྱུར་ཞོག ཕྱིར་གཡུག་ཐུབ་པ་ཞིག་ཡིན་ན་ངས་སྔོན་ནས་གཡུག་མེད་དམ་ཟེར། མནའ་མས་རང་གི་རྐང་པ་རྡོ་དེར་ཐོགས་ནས་ཐང་ལ་ག་ཚོད་འགྱེལ་མྱོང་བར་བསམ་བློ་བཏང་ནས་རྡོ་དེ་ངེས་པར་རྩ་སློག་བྱ་དགོས་སྙམ།

    ཉིན་ཞིག་གི་ཞོགས་པར། རྡོའི་མཐའ་འཁོར་དུ་ཆུ་བླུགས་ཅིང་། སྐར་མ་འགའ་འགོར་རྗེས། མནའ་མས་འཇོར་གྱིས་རྡོ་དེའི་མཐའ་འཁོར་སློག་མགོ་བརྩམས། མནའ་མའི་སེམས་སུ་ཧ་ལམ་ཉིན་གཅིག་གི་རིང་ལ་བསློག་དགོས་རྒྱུ་རེད་སྙམ་ཡང་། བསམ་ཡུལ་ལས་འདས་པ་ཞིག་ལ་སྐར་མ་འགའི་རྗེས་སུ་རྡོ་དེ་རྩ་བ་ནས་སློག་ཐུབ་པ་བྱུང་། མ་གཞི་རྡོ་དེ་ནི་བསམ་ཚོད་ཀྱི་དེ་འདྲ་ཆེན་པོ་ཞིག་མ་རེད།

    གཏམ་རྒྱུད་འདིའི་བསྟན་དོན་ནི། གལ་སྲིད་ཁྱོད་ཀྱི་འཚོ་བ་ནི་རེ་བ་དང་དོན་སྙིང་བྲལ་བ་ཞིག་ཡིན་ན། དེ་ནི་ཁྱོད་རང་ཉིད་ལ་ཏག་ཏག་རེ་བ་དང་སྙིང་བོས་དབེན་པས་ཡིན་པ་ལས་རྒྱུ་མཚན་གཞན་མེད། ཁྱོད་ཀྱི་འཚོ་བ་བསྒྱུར་འདོད་ན་ཐོག་མར་རང་སེམས་ཀྱི་ལྟ་སྟངས་བསྒྱུར་དགོས། །

    འདོད་དོན་འགྲུབ་མིན་དེ་

    དཀའ་མོ་ཞིག་མ་རེད།

    དོན་དག་གང་དེ་སྒྲུབ་དཀའ་བས་ང་ཚོས་སྒྲུབ་མ་ནུས་པ་མིན་པར་ང་ཚོས་སྒྲུབ་མ་ཕོད་པས་དོན་དག་དེ་དཀའ་སོང་བ་རེད།

    1965ལོར། ཁོ་རེ་ཡའི་སློབ་མ་ཞིག་ཁང་ཟམ་སློབ་ཆེན་དུ་སེམས་ཁམས་རིག་པ་སློབ་པར་ཕྱིན། ཕྱི་ཇ་འཐུང་སྐབས། ཁོ་རང་རྒྱུན་དུ་སློབ་གྲྭའི་ཁོ་ཧྥེ་གསོལ་ཁང་དུ་ཕྱིན་ནས་མི་སྣ་གྲགས་ཅན་དག་གི་གླེང་མོལ་ལ་མཉན། ཁོ་ཚོའི་ཁྲོད་དུ་ནོ་པེར་བྱ་དགའ་ཐོབ་མཁན་ཡོད་ལ། རིག་ཚན་གང་རུང་གི་མཁས་པ་གྲགས་ཅན་དང་དཔལ་འབྱོར་གྱི་གྲུབ་འབྲས་ཆེན་པོ་བླངས་པའང་ཡོད། ཁོ་ཚོ་ནི་རྩེད་དགོད་ལྷོད་བག་གིས་ངང་དུ་སྡོད་ལ། རང་ཉིད་ཀྱི་འཇོན་ཐང་དང་གྲུབ་འབྲས་དག་ནི་རང་བཞིན་གྱིས་གྲུབ་པ་འབའ་ཞིག་ཏུ་རློམ་འདུག དུས་ཡུན་རིང་ཙམ་ཕྱིན་རྗེས། ཁོས་རྒྱལ་ནང་གི་མི་སྣ་མཁས་གྲགས་ལྡན་པ་དག་གིས་རྫུན་གཏམ་བཤད་བཞིན་པ་ཚོར། དེ་དག་གིས་ལས་དོན་གང་རུང་གཉེར་བཞིན་པའི་མི་རྣམས་ལ་སྐྲག་སློང་བ་ལྟར་ཁོ་ཚོའི་ལས་དོན་གཉེར་དུས་ཀྱི་དཀའ་སྡུག་སོགས་འུར་གྱིས་བརྗོད། ཡང་གཅིག་བཤད་ན། ཁོ་ཚོས་རང་ཉིད་ཀྱི་རྒྱལ་ཁ་དང་གྲུབ་འབྲས་གང་རུང་ལེན་པའི་བརྒྱུད་རིམ་ཅི་འདྲ་ཀྱག་ཀྱོག་ཡིན་ཚུལ་འུར་གྱིས་བརྗོད་ནས་ད་དུང་ལས་དོན་གང་རུང་གི་ཐོག་མའི་སྟ་གོན་གྱི་ཁྲོད་ན་གནས་པའི་མི་རྣམས་ལ་སྐྲག་སློང་གིན་ཡོད་པ་རེད། སེམས་ཁམས་རིག་པ་སྦྱོང་བའི་སློབ་མ་ཞིག་ཡིན་པའི་ཆ་ནས། ཁོས་ཁོ་རེ་ཡའི་མི་སྣ་མཁས་གྲགས་ལྡན་པ་དག་གི་སེམས་ཁམས་ལ་ཞིབ་འཇུག་བྱ་འོས་སྙམ།

    1970ལོར། ཁོས《འདོད་དོན་འགྲུབ་མིན་དེ་དཀའ་མོ་ཞིག་མ་རེད》ཅེས་པ་མཐར་ཕྱིན་དཔྱད་རྩོམ་དུ་བྱས་ནས། དེང་རབས་དཔལ་འབྱོར་སེམས་ཁམས་རིག་པའི་སྲོལ་འབྱེད་པ་སློབ་དཔོན་ཝེར་པི་རེ་ཏིན་ལ་སྤྲད། སློབ་དཔོན་ཝེར་པི་རེ་ཏིན་གྱིས་བརྩམས་ཆོས་དེ་བཀླགས་རྗེས་དགའ་སྤྲོ་ཆེན་པོ་སྐྱེས། ཁོང་གིས་དེ་ནི་གསར་རྟོགས་ཀྱི་རིག་པ་ཞིག་རེད་སྙམ་ཞིང་། སྣང་ཚུལ་དེ་འདྲ་ཤར་ཕྱོགས་ཙམ་དུ་མ་ཟད་འཛམ་གླིང་སྤྱི་ལ་ཡོངས་ཁྱབ་ཏུ་གནས་པ་ཞིག་ཡིན་ཡང་། ད་ལྟའི་ཡར་སྔོན་དུ་གནད་དོན་དེ་འདྲ་འདོན་མཁན་མི་གཅིག་ཀྱང་བྱུང་མ་མྱོང་བར་མ་ཟད། དེའི་ཕྱོགས་ལ་ཞིབ་འཇུག་བྱེད་མཁན་ཡང་མ་བྱུང་སྙམ། དགའ་ཚོར་དེའི་དབང་ལ་བརྟེན་ནས་ཁོང་གིས་རང་གི་ཁང་ཟམ་སློབ་ཆེན་གྱི་སློབ་གྲོགས་ཏེ། སྐབས་དེའི་ཁོ་རེ་ཡའི་སྲིད་འཛིན་དུ་བསྡད་ཡོད་པའི་ཕའོ་ཀྲིན་ཞི་ལ་འཕྲིན་ཡིག་ཅིག་བཏང་། འཕྲིན་ཡིག་ནང་དུ་ཁོང་གིས་བརྩམས་ཆོས་འདིས་ཁྱོད་ལ་ཕན་པ་ཅི་འདྲ་ཞིག་བསྐྱེད་མིན་ངས་གདེང་ཚོད་ཀྱིས་མི་འདང་ན་ཡང་། འདིས་ཁྱོད་ཀྱི་སྲིད་ཇུས་གང་ལས་ཀྱང་ནུས་ཤུགས་ཆེན་པོ་ཐོན་སྲིད་པ་ང་ལ་གདེང་ཚོད་ཡོད།

    རྗེས་ནས་བརྩམས་ཆོས་དེས་དངོས་གནས་ཁོ་རེ་ཡའི་དཔལ་འབྱོར་གྱི་དར་རྒྱས་ལ་ནུས་པ་ཆེན་པོ་ཐོན། བརྩམས་ཆོས་དེས་མི་མང་པོ་ཞིག་ལ་སྐུལ་ལྕག་ཐེབས་ཡོད་དེ། ཟུར་ངོས་མི་འདྲ་བའི་སྒོ་ནས་མི་རྣམས་ལ་འདོད་དོན་འགྲུབ་མིན་གྱི་གནད་འགག་ནི་ཤ་ཟད་རུས་ཐུག་དང་སྔ་ལངས་འཕྱི་ཉལ་སོགས་ཀྱི་སྡུག་རུས་བསྐྱེད་མིན་ལ་འབྲེལ་བ་ཆེན་པོ་མེད་པར། རང་ཉིད་བྱ་བ་གང་ཞིག་ལ་སྤྲོ་བ་ལྡན་ཞིང་དེ་ཉིད་འགྱུར་བ་མེད་པར་རྒྱུན་འཁྱོངས་བྱས་ན་ལེགས་འགྲུབ་འབྱུང་ངེས་ཏེ། རྒྱུ་མཚན་ནི་གནམ་རྒན་མས་ཁྱོད་ལ་གནང་བའི་དུས་ཚོད་དང་བློ་གྲོས་ནི་ཁྱོད་ཀྱིས་ལས་དོན་ཞིག་བསྒྲུབ་པ་ལ་ཏན་ཏན་འདང་བ་ཡིན། དེ་བཞིན་དུ་རྩོམ་པ་པོས་ཀྱང་རང་གི་འདོད་དོན་གྲུབ་སྟེ་ཁོ་རེ་ཡའི་ཧྥན་ཡེ་རླངས་འཁོར་ཀུང་ཟིའི་སྤྱི་གཅོད་པར་གྱུར་པ་རེད།

    འཇིག་རྟེན་གྱི་ལས་བྱ་མང་པོ་ནི་རང་གིས་བསྒྲུབ་འདོད་ན་འགྲུབ་ངེས་ལ། དེའི་དཀའ་སྡུག་ཀྱང་འདེགས་མི་ཐུབ་པ་ཅི་ཡང་མེད། དེ་ལ་རྣོ་ལྕགས་ཁབ་ཏུ་བརྡར་འདྲའི་སྡུག་རུས་དགོས་དོན་མེད་ལ། ཐབས་རྩལ་དང་གཡོ་ཇུས་སོགས་ནི་ལྷག་ཏུ་དགོས་དོན་མེད། མི་གང་དེ་བསམ་བཟང་སྤྲོ་དགའི་ངང་དུ་འཚོ་བ་ཡིན་ན། ནམ་ཞིག་ཁོས་འཇིག་རྟེན་གྱི་ལས་མཐའ་དག་ནི་ཟློག་མེད་གཟུར་མེད་དུ་འགྲུབ་པའི་གནད་དེ་ཡིན་པ་རྟོགས་ངེས།།

    མཚོ་སྔོན་བོད་ཡིག་གསར་འགྱུར།2015·02·06།པར་ངོས17པ།    

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག