ཆེད་ལས་ཀྱི་ཤེས་ཡོན་གཅིག་པུར་བརྟེན་ནས་སློབ་གསོ་སྒྲུབ་མི་རུང་སྟེ། དེ་ལྟར་བྱས་པས་མི་དེ་སྤྱོད་གོ་ཆོད་པའི་འཕྲུལ་ཆས་ཤིག་ཏུ་འགྱུར་སྲིད་ཀྱང་། མཐུན་སྦྱོར་གྱི་ངང་ཡར་སྐྱེད་འབྱུང་བའི་སྐྱེས་བུ་ཞིག་ཏུ་འགྱུར་མི་ཐུབ་པའི་ཕྱིར་རོ། །སློབ་མ་ཚོར་མ་མཐའ་ཡང་རིན་ཐང་ཟེར་བ་ལ་རྒྱུས་མངའ་ཡོད་དུ་འཇུག་དགོས་པར་མ་ཟད། དེ་ལ་སྤྲོ་བ་སྐྱེ་རུ་གཞུག་རྒྱུ་ནི་བསླབ་པའི་གཞི་མའོ། །སློབ་མ་རྣམས་ལ་ངེས་པར་ཡག་བཙོག་ལེགས་ཉེས་ཀྱི་རིས་མ་འདྲེས་པར་སོ་སོར་འབྱེད་ནུས་ཀྱི་རྣམ་དཔྱོད་ལྡན་དུ་འཇུག་དགོས། དེ་ལྟ་མིན་ཚེ། ཁོ་རང་ཉིད་མ་ཟད། ཆེད་ལས་ཀྱི་སྦྱངས་ཡོན་དང་བཅས་པ་སྦྱོང་བརྡར་ཡག་པོ་ཐོབ་པའི་ནོར་སྲུང་རྒན་པོའི་ངང་ཚུལ་དུ་འགྱུར་བ་ལས། མཐུན་སྦྱོར་གྱི་ངང་ལ་ཡར་སྐྱེད་འབྱུང་ངེས་པའི་མགོ་ནག་མིའི་ཆོས་ཉིད་ཚང་བར་མི་འགྱུར་རོ། །སྐྱེ་བོ་གཞན་དང་ཚོགས་སྤྱི་བར་ལ་འོས་བབ་ཀྱི་འབྲེལ་ལུགས་གང་རུང་རེ་གཟུག་ཐུབ་ཆེད། ཅིས་ཀྱང་སྐྱེ་བོ་གཞན་གྱི་ཁམས་དང་མོས་པ། རྟོག་པའི་སྤྲོ་སྡུད། སེམས་ཀྱི་སྡུག་བསྔལ་གྱི་འགྱུ་ལུགས་རྣམས་གསལ་པོར་ངེས་དགོས།

    འགངས་ཆེན་པོའི་གནས་ལུགས་འདི་དག ན་གཞོན་རྣམས་ཀྱིས་སློབ་གསོ་མཁན་དང་དངོས་སུ་འབྲེལ་འདྲིས་བྱས་ནས་རྟོགས་འོང་པ་ཞིག་ཡིན་པ་ལས། བསླབ་གཞི་སོགས་ཡིག་རིགས་ཁོ་ནའི་ངོས་ནས་རྟོགས་ནུས་པ་ཞིག་མ་ཡིན་ནོ། །རིག་གནས་འགྲུབ་པའི་རྐྱེན་དང་རིག་གནས་བསྲུང་བའི་རྒྱུ་ཡང་འདི་ཉིད་དོ། །བདག་གིས“མི་དོན་རིག་སྒོ”འགངས་ཆེན་དུ་བརྩིས་ནས་གཞན་ལ་མཚམས་སྦྱོར་བྱེད་སྐབས། སེམས་ནང་དུ་ཤར་བ་འདི་ཉིད་ཡིན་པ་ལས། ལོ་རྒྱུས་དང་མཚན་ཉིད་རིག་པའི་ནང་ཁོངས་ལ་ཡོད་པའི་ཆེད་ལས་ཕྱོགས་ཀྱི་ཤེས་བྱ་སྐམ་པོ་བྲོ་མེད་དག་མ་ཡིན་ནོ། །

    འགྲན་རྩོད་ཀྱི་ལམ་ལུགས་ནན་བཤད་བྱས་དྲགས་པ་དང་། མིག་མདུན་གྱི་སྤྱོད་སྒོ་ལ་བལྟས་ནས་སྔ་མོ་ནས་ཆེད་སྤྱོད་ཅན་དུ་བསྒྱུར་དྲགས་ན། ཆེད་གཉེར་ཤེས་བྱ་ནང་དུ་ཚུད་པའི་རིག་གནས་ཀྱི་འཚོ་བའི་རྟེན་གཞིར་གྱུར་པའི་བསམ་བློ་དེ་རྩ་མེད་དུ་འགྲོ་སྲིད།

    ན་གཞོན་ཚོ་རང་རྐྱ་འཕེར་བའི་བསམ་གཞིག་དགག་སྒྲུབ་ཅན་གྱི་རྗེས་དཔྱོད་ལ་གོམས་སུ་འཇུག་རྒྱུ་དེ་རིན་ཐང་ཅན་གྱི་སློབ་གསོ་ལ་ཕན་རླབས་ཤིན་ཏུ་ནས་ཆེའོ། །རིག་སྒོའི་རྣམ་གྲངས(སློབ་དུས་སྐར་རྒྱག་ལམ་ལུགས)མང་དྲགས་པ་དང་སྣེ་འཛིང་དྲགས་པའི་རྐྱེན་གྱིས། ན་གཞོན་ཚོའི་ཕྲག་གོང་དུ་རང་ཤུགས་ཀྱིས་ཁུར་བོ་ལྗིད་མོ་ཐེག་དཀའ་བ་རེ་བབས་ཡོད་པ་དེས། རང་རྐྱ་འཕེར་བའི་བསམ་གཞིག་གི་འཕེལ་སྐྱེད་ལ་གེགས་བྱེད་བཞིན་ཡོད། ཁུར་པོ་ལྗིད་དྲགས་པ་དེས་ཤེས་བྱ་ལ་ཟབ་ཚད་མེད་པར་སོག་མ་ཆུ་ཁར་གཡེང་བ་ལྟར་གཏང་ངོ་། །སློབ་གསོས་སློབ་མ་རྣམས་ལ་བསྟབས་པའི་ཤེས་བྱའི་བགོ་སྐལ་དེ་དག་སློབ་མ་རྣམས་ལ་ལེགས་སྐྱེས་ལྟ་བུར་བརྩིས་ནས་དང་ལེན་བྱེད་དུ་འཇུག་དགོས་པ་ལས། དཀའ་སྡུག་ཆེ་བའི་འགན་འཁྲི་ཞིག་ཏུ་བརྩིས་ནས་ཕྲག་སྟེང་དུ་དབབ་མི་རུང་།

    སྦྱངས་འབྲས་རེ་རེའི་རྒྱབ་ན་མཐར་འདེད་ཞེ་སྐྱེད་ཀྱི་སྟོབས་ཤུགས་ཤིག་གཞི་གྲུབ་ཡོད་པ་ནི་སྦྱངས་འབྲས་ཀྱི་རྨང་གཞིའོ། །ལུགས་ལྡོག་གི་ལམ་ནས་བཤད་ན། མཐར་འདེད་ཀྱི་སྟོབས་ཤུགས་དེ་ཡང་འགན་འཁྲི་ལེགས་འགྲུབ་བྱུང་བ་ལ་བརྟེན་ནས་ཤུགས་ཇེ་དྲག་དང་ཇེ་ལེགས་སུ་འགྱུར་སྲིད། འདིའི་ནང་རོལ་ན་ཁྱད་པར་ཆེན་པོ་ཞིག་གཞི་གྲུབ་ཡོད་ལ། དེ་ལྟ་བུའི་ཁྱད་པར་དེ་སློབ་གྲྭ་གང་དེའི་སློབ་གསོའི་ཚད་གཞི་དང་རྩ་བ་ནས་འབྲེལ་ཡོད། ལས་ཀ་སྣ་གཅིག་བྱས་རུང་། དེ་བྱེད་འདོད་ཀྱི་རྒྱུ་འཇིགས་སྣང་དང་བཙན་ཤེད་ཡིན་ཆོག་ལ། དབང་དང་གྲགས་པའི་འདུ་སྒོ་ཡིན་ཡང་ཆོག དེའི་ཕྱིར། ལས་ཀ་གང་ཞིག་བྱེད་འདོད་ཀྱི་རྒྱུ་ལ་ད་དུང་བྱ་བའི་ཡུལ་དེར་ལྷག་བསམ་ཟོལ་མེད་ཀྱི་དགའ་སྣང་ཡོད་ཅིང་བདེན་པ་དང་བློ་ཤེས་ཅན་ལ་བརྩོན་ཚུལ་བཞག་ཆོག་ལ། བདེ་ཐང་གི་བྱིས་པ་རེ་རེ་ལ་མངའ་བའི་ལྷན་སྐྱེས་ཀྱི་མཚར་སྣང་དེ་བཞག་ནའང་ཆོག་མོད། སློབ་གྲྭ་འགྲིམ་དུས་དེ་འདྲའི་མཚར་སྣང་གི་བསམ་པ་སྤྱིར་བཏང་སྔ་མོ་ནས་ཡལ་ཚར་ཡོད། དེ་ཡང་རང་ལ་གྱོང་ཕོག་པར་ཞེད་པའི་སེམས་བྱུང་དེ་ལས་གང་ཞིག་མཐའ་འཁྱོལ་བར་བྱ་ཐུབ་པའི་རྒྱུ་གཙོ་བོར་གྱུར་པ་ཡོད་ལ། རང་བདེ་ཁོ་ན་དོན་གཉེར་གྱིས་ཀུན་ནས་བསླངས་པའི་ནང་སེམས་ཀྱི་ཆགས་སྲེད་དེ་ལས་གང་དེ་སྨིན་སྒྲུབ་འབྱུང་བའི་ཉེ་རྒྱུར་གྱུར་པ་ཡང་ཡོད་པར་མ་ཟད།དགའ་ཁ་འཁྱེར་ཕྱོགས་དང་སེམས་མགུ་ཁེངས་འདོད་ཀྱི་བསམ་སྦྱོར་དེའང་ལས་གང་དེ་ཇི་བཞིན་འགྲུབ་པའི་ཉེར་བསྡོགས་སུ་གྱུར་ཚུལ་ཡང་ཡོད་པས། ལས་ཀ་སྣ་གཅིག་སྐྱེ་བོ་མི་འདྲ་བས་ལེགས་པར་གྲུབ་ཚུལ་གྱིས། སློབ་མ་ཚོར་ཐེབས་པའི་སློབ་གསོའི་བག་ཆགས་གཏན་ནས་མི་འདྲའོ། །སུ་ཞིག་ཡིན་ཡང་སློབ་གྲྭའི་དོ་དམ་དང་དགེ་རྒན་གྱི་རྣམ་འགྱུར་གྱིས་སློབ་མའི་ནང་སེམས་ཀྱི་འཇིག་རྟེན་ལ་བག་ཆགས་ཅི་ཡང་མི་འཇོག་པར་འདོད་མི་སྲིད།

    སོ་སོའི་སྲོལ་དུ་སྣང་བའི་ཁེ་དང་རྒྱལ་ཁ་མནོག་ཆུང་དག་འཚོལ་ལུགས་དེ་ཚེ་ཡི་དམིགས་འབེན་ཡིན་ཚུལ་ན་གཞོན་རྣམས་ལ་འུད་ཀྱིས་བཤད་པའི་ཁ་ཅིག་གི་སྨྲ་བའི་སྒོ་ཆེན་དེ་རྩ་བ་ནས་དགག་དགོས་ཏེ། རྒྱུ་མཚན་ནི། དོན་ལེགས་པར་གྲུབ་པའི་སྐྱེས་བུ་གང་དེར་རང་མི་རིགས་ཀྱིས་བསྩལ་བའི་ལེགས་ཚོགས་ཀྱི་ཆ་ལ། ཁོས་མི་རིགས་དེ་ལ་ཕུལ་བའི་ལག་རྗེས་ཀྱིས་ནམ་ཡང་དོ་ཟླ་མི་ཡོང་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི། སྐྱེས་བུ་ཞིག་གི་རིན་ཐང་གི་ཆེ་ཆུང་ཁོས་གཞན་ལ་ཕུལ་བའི་ལག་རྗེས་ཀྱི་ཆེ་ཆུང་ལ་བལྟ་དགོས་པ་ལས། གཞན་ནས་བླངས་པའི་ལེགས་ཚོགས་ལ་བལྟ་མི་འོས་སོ། །

    སློབ་གྲྭ་དང་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། ལས་གང་ཞིག་བརྩམ་པའི་ཀུན་སློང་གཙོ་བོ་ལས་ཀ་དེར་འཇུག་སྐབས་ཀྱི་དགའ་སྣང་དང་། ལས་ཀ་ལེགས་འགྲུབ་བྱུང་རྗེས་ཀྱི་སྤྲོ་སྣང་། ལས་ཀ་དེའི་འབྲས་བུའི་སྤྱི་ཚོགས་ཀྱི་རིན་ཐང་ངོས་ཟིན་པ་བཅས་ལས་བྱུང་བར་སྣང་། ངས་བལྟས་ན། ན་གཞོན་ཚོའི་སེམས་ཀྱི་སྟོབས་ཤུགས་འདི་དག་ཕྱིར་མངོན་དུ་འཇུག་རྒྱུ་ནི་སློབ་གྲྭའི་འགན་འཁྲི་གཙོ་བོ་རེད་སྙམ། སྙིང་སྟོབས་ཀྱི་གོ་ཆ་འདི་འདྲ་ཡོད་ཚེ་གཞི་ནས་སྤྲོ་བས་བརྒྱན་པའི་ཚེ་ཡི་འདུན་མ་རྙེད་སྲིད་པར་མ་ཟད། དེ་ལ་བརྟེན་ནས་ལུས་སེམས་གཉི་ག་ནོར་ལས་ནོར་གྱི་སྙིང་པོར་གྱུར་པ་ཤེས་ཡོན་དང་སྒྱུ་རྩལ་གྱི་འདོད་ཡོན་ལ་མཐའ་གཅིག་ཏུ་འཁྱུད་པར་འགྱུར་རོ། །

    ཁྱོད་ཚོས་སློབ་གྲྭའི་ནང་དུ་སྦྱང་ཐུབ་པའི་ངོ་མཚར་གྱི་ཤེས་བྱ་དེ་ཚོ་མི་རབས་དུ་མས་དཀའ་བ་སྤྱད་ནས་བསགས་པའི་འབྲས་བུ་ཡིན་ཚུལ་དང་། ས་སྒང་འདིའི་སྟེང་གི་རྒྱལ་ཁབ་དག་གི་ལྷག་བསམ་རྣམ་པར་དག་པའི་འབད་བརྩོན་དང་རྫོགས་མཐའ་མེད་པའི་ངལ་རྩོལ་ལས་བྱུང་བ་ཡིན་ཚུལ་གསལ་པོར་ངེས་དགོས། འདི་ཚོ་ཚང་མ་ཤུལ་བཞག་གི་ནོར་དུ་བརྩིས་ནས་ཁྱོད་ཚོའི་ལག་ཏུ་བཞག་སྟེ་དང་དུ་ལེན་པ་དང་བརྩི་འཇོག་བྱེད་པ། ཡར་སྐྱེད་ལ་གཏོང་འཇུག་པ་ཡིན་པར་མ་ཟད། དུས་ནམ་ཞིག་ལ་ཁྱེད་ཅག་གིས་ཀྱང་བར་མ་ཆད་པར་ནོར་གྱི་མཆོག་འདི་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཁྱེད་ཅག་གི་མི་རབས་རྗེས་མ་རྣམས་ཀྱི་ལག་ཏུ་སྤྲད་དགོས། འདི་ལྟར་བྱས་པས། འཇིག་རྟེན་འདིའི་ཕ་རོལ་ཏུ་འགྲོ་ངེས་པའི་འུ་ཅག ཐུན་མོང་གིས་བསྐྲུན་པའི་རྟག་བརྟན་གྱི་ཆོས་དག་གི་པང་ནས་ནམ་ཡང་གསོན་པར་འགྱུར་རོ། །

    གལ་སྲིད་ཁྱོད་ཚོས་གནས་ལུགས་འདི་ཉིད་སེམས་ནས་ནམ་ཡང་མ་བརྗེད་ཚེ། འཚོ་བ་དང་ལས་ཀའི་སྙིང་བོ་རིམ་བཞིན་རྟོགས་འོངས་པར་མ་ཟད། མི་རིགས་གཞན་དང་དུས་རབས་གཞན་ལ་ཡང་དེ་བཞིན་ལྟ་སྟངས་ཡང་དག་པ་ཞིག་སྐྱེ་སྲིད་དོ། །

    མཚོ་སྔོན་བོད་ཡིག་གསར་འགྱུར།2015·02·20།པར་ངོས17པ།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག