(སྟོད་ལུང་བདེ་ཆེན་རྫོང་ཁོངས)སྤྱི་ལོའི་དུས་རབས་དགུ་པའི་ནང་བཙན་པོ་ཁྲི་རལ་པ་ཅན་གྱིས་སྲིད་དབང་བཟུང་བའི་དུས(815ནས888)རྒྱལ་པོས་འུ་ཤང་རྡོའི་ལྷ་ཁང་བཞེངས་པའི་ལྷག་མ་རྣམས་བློན་པོ་ཞང་ཚེས་སྤོང་སྟག་བཟང་ཉ་སྟོ་ཟེར་བས་སྟོད་ལུང་ལྕང་ཕུར(མཚུར་ཕུ)(ལྷ་ཁང་འདི་ལ་སྟོད་ལུང་ལྷག་མའི་ལྷ་ཁང་ཟེར)བཙུགས་པར་སྣང་། རྡོ་རིང་དེའི་མཐོ་ཚད་ལ་སྤྱི་ཁྲེ2.6ཡོད་པ་དང་། ངོས་གཉིས་སུ་བོད་ཡིག་ཁྱོན་བསྡོམས་ཡིག་ཕྲེང86བཀོད་ཡོད། ཡི་གེའི་ནང་དོན་ནི་ཞང་ཚེས་སྤོང་ཉ་སྟོས་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་བཀའ་དྲིན་གསབ་ཕྱིར། བཙན་པོའི་སྐུ་ཡོན་དུ་བསྔོས་ཏེ། སྨོན་ལམ་རྒྱ་ཆེར་བཏབ་ནས་སྟོད་ལུང་གི་ལྕང་ཕུར་གཙུག་ལག་ཁང་བརྩིགས་པར་མ་ཟད་དགེ་སློང་བཞི་རྒྱུན་བཞུགས་ཀྱིས་བཙན་པོའི་ཞབས་འདེགས་རྒྱུན་མི་ཆད་པར་སྒྲུབ་པའི་མཆོད་རྒྱུན་སེམས་ཅན་དང་། འབྲོག་ཐང་། བྲན་གཡོག་བཅས་ཕུལ་ཚུལ་འཁོད་ཡོད་པ་དང་། ཏུན་ཧོང་ཡི་གེར་བྱ་ཡི་ལོ་ལ་བབས་ཏེ། དགུན་བཙན་པོའི་ཕོ་བྲང་སྟོད་ཀྱི་ལྕང་བུ་ན་བཞུགས་ཞེས་ཁྲི་སྲོང་ལྡེ་བཙན་སྤྱི་ལོ757ལོར་སྟོད་ལུང་ལྕང་བུར་བཞུགས་མྱོང་བའི་གནས་ཚུལ་འཁོད་པ་དང་། འུ་ཤང་རྡོའི་ལྷ་ཁང་བཞེངས་ནས་རབ་གནས་མ་གྲུབ་གོང་བཙན་པོ་བཀྲོངས་པའི་ལོ་རྒྱུས་ཡོད་པ་གཉིས་བསྡུར་ན་སྟོད་ལུང་ལྕང་བུ་ནི་སྐབས་དེའི་གནས་ས་གལ་ཆེའི་གྲས་ཤིག་ཡིན་ཚོད་འདུག་ཀྱང་ད་ལྟ་ནི་ལྕང་བུའི་གཙུག་ལག་ཁང་རྩ་སྟོངས་སུ་སོང་ཞིང་ཐོག་མའི་གནས་ཡུལ་ཀྱང་ངོས་འཛིན་དཀའ་བར་གྱུར། རྡོ་རིང་དེའི་ཐོག ཞང་ཉ་སྟོས་བཞེངས་པའི་གཙུག་ལག་ཁང་དེར་བཙན་པོས་དམིགས་བསལ་གཟིགས་བསྐྱངས་གནང་ཚུལ་འཁོད་ཡོད་པ་སྟེ། གཙུག་ལག་ཁང་དེར་གོང་ནས་བདག་སྐྱོང་གིས་དེའི་ཆོས་གཞིས་མི་སེར་བཅས་པར་དཔྱ་ཁྲལ་མི་འགེལ་བ་དང་། ས་ཞིང་དང་རྒྱུ་ནོར་གཞུང་བཞེས་མི་མཛད་པར་ཞང་ཉ་སྟོས་ཇི་ལྟར་ཕུལ་བ་བཞིན་བཙན་པར་བཀས་གནང་བ་མ་ཟད་ནམ་ཞིག་ཞང་ཉ་སྟོའི་བུ་རྒྱུད་ཆད་པ་ཡིན་ན་ཁོང་གི་ཁ་དབང་ཡོངས་སུ་རྫོགས་པ་གོང་ནས་མི་བཞེས་པར་གཙུག་ལག་ཁང་འདིའི་མཐུན་རྐྱེན་དུ་བསྣན་དགོས་པ་བཅས་ཀྱི་ཞལ་བཞེས་བཀའ་ལུང་བསྩལ་དོན་རྣམས་རྡོ་རིང་ཐོག་བཀོད་ཡོད། ཚེས་སྤོང་རུས་རྒྱུད་ནི་བཙན་པོའི་སྐབས་ཀྱི་ཞང་བློན་གལ་ཆེ་བའི་གྲས་ཀྱི་རྒྱུད་པ་ཡིན་ཞིང་། ཁྲི་སྲོང་ལྡེ་བཙན་གྱི་ཇོ་མོ་ཚེས་སྤོང་བཟའ་མེ་ཏོག་སྒྲོན་ཞེས་གྲགས་ཆེ་བ་དེ་ཡང་རིགས་རྒྱུད་འདི་ལས་བྱུང་བ་ཞིག་ཡིན།།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག