ཧྲང་ཧེ་གྲོང་ཁྱེར་གྱི་རྟོག་ཞིབ་ཅིག་གི་མཇུག་འབྲས་ལས་ཤེས་གསལ་ལྟར་ན། བྱིས་པ་ལོ་ཆུང་གི་གཉིད་ཆག་པའི་ཚད46.97%ལ་བསླེབས་འདུག་ལ། དེ་ལས་རྒྱུ་རྐྱེན་གཙོ་བོ་ཞིག་ནི་སློབ་སྦྱོང་གི་གནོན་ཤུགས་ཧ་ཅང་ཆེ་བ་དེ་ཡིན་འདུག དེ་ལས་ཀྱང་ཕ་མ་མི་ཉུང་བ་ཞིག་གིས་བྱིས་པར་སྐྱོན་བརྗོད་དང་སྡིག་དམོད་བྱེད་པ་ལས། རང་ཉིད་ཀྱི་སེམས་ཁམས་དང་བྱ་སྤྱོད་ལ་བསམ་བློ་མི་གཏོང་། རང་གི་བྱིས་པ་དེ་གཞན་ལས་ལྷག་པ་ཞིག་ཏུ་གཏོང་འདོད་ཀྱི་སྒེར་སེམས་འབའ་ཞིག་གིས་བསྐུལ་ཏེ། བྱིས་པའི་རྒྱལ་ཁ་ལས་བྱིས་པའི་ཕམ་ཁ་དང་ལེན་བྱེད་མི་ཐུབ། གནས་བབ་དེ་འདྲའི་ངང་ནས་བྱིས་པ་ལ་བརྩི་བཀུར་བྱེད་རྒྱུ་ནི་ཀླད་པའི་ཟུར་ལའང་འཁོར་གྱིན་མེད།

    སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོ་ཡང་མི་གཞན་དང་འདྲ་བར་སྒེར་ཚུགས་ཀྱི་མི་ཞིག་ཡིན་པའི་ངོས་ནས་ཁོ་ཚོར་བརྩི་བཀུར་ནི་ཐོབ་འོས་པ་ཞིག་ཡིན། སྐྱོན་བརྗོད་དང་མཚང་འབྱིན། སྡིག་དམོད་དང་ཟུར་ཟ། ཐ་ན་གཅར་རྡུང་བྱེད་པ་སོགས་ལུས་ངག་གི་དྲག་ཤུགས་འབའ་ཞིག་གི་སྦྱོར་བ་རྩོམ་པ་ནི་ཕ་མ་མང་ཤོས་ཤིག་གི་ཐབས་ཟད་འུ་ཐུག་གི་ཐབས་ཤེས་ཉག་གཅིག་ཡིན་ལ། ཐབས་ཤེས་དེ་ནི་ཏག་ཏག་རང་བཀུར་ཆེ་ལ་གཤིས་ཀ་གྱོང་བའི་བྱིས་པ་རྣམས་ཀྱིས་ཆེས་བཟོད་དཀའ་བ་དེ་ཡིན། སྦྱོར་བ་དེ་དག་ནི་བྱིས་པའི་ལུས་ཕུང་ལ་ཆད་པ་གཅོད་པ་ཙམ་མིན་པར་ཁོ་ཚོའི་སེམས་ལ་ཡང་ཆད་པ་གཅོད་པ་ཞིག་ཡིན། དེས་བྱིས་པ་ཡག་པོ་ཞིག་ཏུ་སྐྱོང་ཐབས་མེད་པར་མ་ཟད་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ངེས་ལ། ཐ་ན་ཚེ་གང་བོར་འགྱོད་པས་མི་ཟིན་པའི་དོན་དག་ངན་པའང་བཟོ་ངེས།

    བྱིས་པ་ལ་བརྩི་བཀུར་མི་བྱེད་པའི་སྦྱོར་བ་དེ་དག་གི་མཇུག་འབྲས་གཞན་ཞིག་ནི་བྱིས་པས་ཅི་ལ་ཡང་བློ་མི་གཏོད་ལ་ཅི་ཡང་བློར་མི་འགྲོ་བར། ལ་རྒྱ་དང་ངོ་ཚ་སོགས་ཀྱང་རྒྱབ་ཏུ་གཡུགས་ཏེ་བཤད་ས་གཏམ་ས་མི་འགྲོ་བ་ཞིག་ཏུ་འགྱུར་སྲིད། རྒྱུ་མཚན་ནི་བྱིས་པའི་རང་བཀུར་གྱི་བསམ་པ་དང་བློ་གསལ་སེམས་གཙང་གི་གཤིས་ཀ ཕུན་སུམ་ཚོགས་པའི་སེམས་ཀྱི་འཆར་སྒོ་སོགས་བཅོམ་ཚེ་སླར་གསོ་བྱེད་དཀའ། མི་གཤིས་ཀྱི་ཆེས་རིན་ཐང་བྲལ་བའི་ངོ་ཚ་དང་ལ་རྒྱའི་འདུ་ཤེས་དག་ཀྱང་ཡལ་བར་དོར་ཚེ་མི་དེ་ལ་ཡང་མདུན་ལམ་ཆེན་པོ་ཡོད་མི་སྲིད།

    དུས་རབས18པའི་དབྱིན་ཇིའི་མིང་དུ་གྲགས་པའི་མཚན་ཉིད་རིག་པ་བ་དང་བསམ་བློ་བ། སློབ་གསོ་བ་ཇོན་ལཱ་ཁིའི་ལྟ་ཚུལ་གྱིས་ཀྱང་གནས་ལུགས་དེ་གསལ་བཤད་བྱས་ཡོད། ཁོང་གིས“ཕ་མས་བྱིས་པའི་སྐྱོན་མཚང་ཇི་ལྟར་མངོན་བསྒྲགས་མ་བྱས་པར་བཞག་ན། བྱིས་པས་རང་ཉིད་ཀྱི་མཚན་སྙན་ལ་དེ་ལྟར་མཐོང་ཆེན་བྱེད་ལ། གཞན་གྱིས་རང་ཉིད་ལ་གདེང་འཇོག་ཡག་པོ་གནང་བ་ལ་ཡང་དེ་བཞིན་དུ་སྲུང་སྐྱོང་བྱེད་པ་ཡིན། གལ་ཏེ་ཕ་མས་ཁོ་ཚོའི་སྐྱོན་མཚང་མངོན་སུམ་དུ་བསྒྲགས་ན་ཁོ་ཚོ་ངོ་ཚ་ནས་རང་ཉིད་ཀྱི་མཚན་སྙན་ལ་གནོད་སོང་སྙམ་ངེས་ལ། རང་ཉིད་ཀྱི་མཚན་སྙན་ལ་སྲུང་སྐྱོང་བྱེད་འདོད་ཀྱི་འདུན་པ་ཡང་ཇེ་ཞན་དུ་འགྲོ་བ་ཡིན”པར་འདོད།

    བྱིས་པར་བརྩི་བཀུར་བྱེད་པ་ལ་ཐོག་མར་ཁོ་ཚོའི་རང་བཀུར་གྱི་བསམ་པར་སྲུང་སྐྱོང་བྱེད་ཤེས་དགོས། སེམས་ཁམས་རིག་པ་བའི་འདོད་ཚུལ་ལྟར་ན། རང་བཀུར་ནི་སེམས་ཁམས་ཀྱི་དགོས་མཁོ་ཞིག་ཡིན་པ་དང་། རང་བཀུར་རང་སྲུང་གི་འདུ་ཤེས་ནི་མིའི་ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་ཡིན། དོན་ལ་འཕྲད་ན་སེམས་རྣལ་དུ་འབབ་ཐུབ་པའི་ཁྱིམ་བདག་གིས་ད་གཟོད་སློབ་གསོའི་བྱེད་ཐབས་འོས་འཚམ་དེ་རྙེད་ཐུབ། བྱིས་པའི་རང་བཀུར་གྱི་བསམ་པ་ནི་ཁོ་ཚོ་འཚར་ལོངས་འབྱུང་བའི་སྒུལ་ཤུགས་ལྟ་བུ་ཡིན། བྱིས་པའི་རང་བཀུར་གྱི་བསམ་པར་སྲུང་སྐྱོང་ཡག་པོ་བྱས་ཏེ་ཁོ་ཚོའི་རང་བློ་རང་རྟོན་གྱི་ཡིད་ཆེས་དང་སྤོབས་པ་ཇེ་དྲག་ཏུ་གཏོང་བ་ནི་ཕ་མ་ཚད་དང་ལྡན་པ་ཞིག་གི་འགན་ཁུར་ཡིན།

    སུའེ་ཏེན་གྱི་མིའི་འདོད་ཚུལ་ལྟར་ན། མིའི་སྔུན་ནས་བྱིས་པར་སྐད་གསེང་མཐོན་པོས“བླུན་པོ་འདི”ཞེས་དང“འདྲ་མེད་འདི”ཞེས་པ་སོགས་ཀྱིས་ཁྱད་གསོད་གཏོང་བ་ནི་སྡིག་པའི་ལས་འབའ་ཞིག་ཡིན་ཏེ། རྒྱུ་མཚན་ནི་ཚིག་རྩུབ་དེ་དག་གིས་བྱིས་པའི་རང་བཀུར་གྱི་བསམ་པར་ཤིན་ཏུ་གནོད་དེ། རང་དམན་གྱི་འདུ་ཤེས་ཆགས་པར་འགྱུར། སུའེ་ཏེན་གྱི་མིས་བྱིས་པར་བརྩི་བཀུར་བྱེད་པའི་མཚོན་རྟགས་གཙོ་བོ་ཞིག་ནི་མིའི་སྔུན་ནས་བྱིས་པར་སྐྱོན་བརྗོད་གཏན་ནས་མི་བྱེད་པ་དེ་ཡིན། ཁོ་ཚོས་བྱིས་པར་ཡང་རང་བཀུར་གྱི་བསམ་པ་ཡོད་པས། ཕ་མས་གནས་ཚུལ་གང་རུང་གི་འོག་ནས་ཀྱང་བྱིས་པའི་རང་བཀུར་ལ་བརྩི་བཀུར་བྱས་ཏེ། བྱིས་པར“ཁ་ངོ”སྟེར་དགོས་པ་དང་། དེ་ནི་བྱིས་པའི་རང་རློམ་གྱི་སྤོབས་པ་བསྐྱེད་པའི་ཐབས་མཆོག་ཅིག་ཏུ་འདོད་དོ།།

    《ཚགས་དེབ་གཅེས་བཏུས》ཚགས་པར་ལས་བདམས་ཏེ་སྒྲིག་སྒྱུར་བྱས་པ་ཡིན།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག