ཨ་རི་ནས་དོན་རྐྱེན་འདི་འདྲ་ཞིག་བྱུང་མྱོང་སྟེ། 1986ལོར་ནེ་ཝ་ཏ་ས་ཁུལ་གྱི་ཨེ་ཏི་ཟིར་འབོད་པའི་ལོ་གསུམ་ཅན་གྱི་བུ་མོ་ཆུང་ཆུང་ཞིག་གིས་ཨ་མར་སྒམ་ཆུང་ངོས་ཀྱི“OPEN”ཞེས་པའི་མིང་ཚིག་དེའི་ཡི་གེ་ཐོག་མ“O”དེ་མོ་རང་གིས་ཅི་ཡིན་ཤེས་ཚུལ་བརྗོད་པར། ཨ་མ་དེ་ཧ་ལས་ནས་མོར་ཡི་གེ་དེ་ཇི་ལྟར་ཤེས་ཚུལ་དྲིས། ཨེ་ཏི་ཟིས་དེ་ནི་ལྕམ་ཝེལ་ལཱ་ཡིས་མོར་བསླབས་པ་ཡིན་ཞེས་བཤད།

    བསམ་ཡུལ་ལས་འདས་པ་ཞིག་ལ། བུ་མོ་དེའི་ཨ་མས་གཏུག་ཡིག་ཅིག་བྲིས་ནས་ལྕམ་ཝེལ་ལཱ་ཁྲིམས་ཁང་དུ་གཏུག མོས་དེ་ལྟར་བྱེད་དོན་ནི་བྱིས་སྙོར་ཁང་གིས་བུ་མོ་ཨེ་ཏི་ཟིའི་སེམས་ཀྱི་འཆར་སྒོ་བཅོམ་སོང་བར་སྙམ་པས་རེད། མོའི་བུ་མོ་ཨེ་ཏི་ཟིས་ཡི་གེ“O”ཡི་ཡིག་ངོ་མི་ཟིན་པའི་ཡར་སྔོན་དུ། ཡི་གེ“O”ཀུ་ཤུ་དང་ཉི་མ། ལྒང་ལི། བྱ་སྒོང་སོགས་སྒོར་དབྱིབས་ཀྱི་དངོས་པོ་གང་རུང་ལ་ངོས་འཛིན་པར་བྱེད། འོན་ཀྱང་། བྱིས་སྙོར་ཁང་ནས་མོ་ལ་ཡི་གེ“O”བསླབས་པ་ནས་བཟུང་། ཨེ་ཏི་ཟིའི་ཕུན་སུམ་ཚོགས་པའི་འཆར་སྒོ་དེ་རྩ་བ་ནས་བཅོམ་སོང་སྐད། གཏུག་ཡིག་ཁྲིམས་ཁང་ལ་སྤྲད་རྗེས། བྱིས་སྙོར་ཁང་གི་དགེ་རྒན་ཚོས་ཨ་མ་དེའི་བྱ་བྱེད་ནི་སྨྱོ་རྟགས་འབའ་ཞིག་ཏུ་བསམ་ལ། ཁྱིམ་བདག་མང་པོས་ཀྱང་དེའི་རྒྱུ་མཚན་ཧ་མ་གོ་ཚུལ་བསྟན།

    ཟླ་བ་གསུམ་གྱི་རྗེས་སུ། ནེ་ཝ་ཏ་ས་ཁུལ་གྱི་ཁྲིམས་ཁང་ནས་གྱོད་དོན་དེར་ཞིབ་གཅོད་བྱས་ཤིང་། ཞིབ་གཅོད་ཀྱི་མཇུག་འབྲས་ནི་མི་རྣམས་ཀྱི་བསམ་ཡུལ་ལས་རིང་དུ་འདས་པ་སྟེ། བྱིས་སྙོར་ཁང་ཁྲིམས་གཏུག་ལས་ཕམ་པ་དེ་རེད། དེའི་རྒྱུ་མཚན་ནི་ཨ་མ་དེས་ཁྲིམས་རྩོད་བྱེད་སྐབས་བཤད་པའི་གཏམ་རྒྱུད་ཅིག་གིས་འདྲི་གཅོད་ལས་རོགས་ཚོགས་པའི་ཚོགས་མི་ཉེར་གསུམ་གྱི་བློ་སེམས་རྨང་ནས་སྒུལ་བྱུང་བ་དེ་རེད།

    ཨ་མ་དེས་འདི་སྐད་དུ། ང་སྔོན་ཆད་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཅིག་ལ་ལྟ་སྐོར་དུ་ཕྱིན་མྱོང་། སྤྱི་གླིང་ཞིག་ནས་ངང་དཀར་གཉིས་མཐོང་བར། ངང་དཀར་གཅིག་གི་གཤོག་སྣེ་ཡ་གཅིག་བཅད་འདུག་ལ། ངང་དཀར་གཞན་དེའི་གཤོག་པར་གཅོད་གཏུབ་གང་ཡང་བྱས་མི་འདུག གཤོག་སྣེ་ཡ་གཅིག་བཅད་ཡོད་པའི་ངང་དཀར་དེ་རྫིང་བུ་ཅུང་ཆེན་པོ་ཞིག་ཏུ་འཚོ་སྐྱོང་བྱེད་བཞིན་ཡོད་ལ། གཤོག་པར་གཅོད་གཏུབ་གང་ཡང་ཐེབས་མེད་པའི་ངང་དཀར་དེ་རྫིང་བུ་ཆུང་ཆུང་ཞིག་ཏུ་བཅུག་འདུག སྐབས་དེར་ངས་དེའི་རྒྱུ་མཚན་ཧ་མ་གོ་བར་སྤྱི་གླིང་གི་དོ་དམ་པར་དྲིས། དོ་དམ་པས་དེ་ལྟར་བྱས་ན་དེ་ཚོ་འབྲོ་མི་ཐུབ་པར་བཤད། གཤོག་སྣེ་ཡ་གཅིག་བཅད་ཚེ་ངང་དཀར་འཕུར་མི་ཐུབ་པས་རྫིང་བུ་ཅུང་ཆེན་པོ་ཞིག་ཏུ་བཏང་ཆོག་པ་ཡིན། རྫིང་བུ་ཆུང་ངུའི་ནང་དུ་བཏང་བའི་ངང་དཀར་དེའི་གཤོག་པར་གཅོད་གཏུབ་གང་ཡང་ཐེབས་མེད་ཀྱང་། གནམ་ལ་འཕུར་དུས་འཕུར་ལམ་འདང་ཚོད་ཅིག་མེད་པས་ཕྱིར་འབྲོ་མི་ཐུབ་པར་རྫིང་བུར་སྡོད་པ་ལས་འོས་མེད་ཟེར། དེ་དུས་ང་དངོས་གནས་ཧ་ལས་སོང་། ཤར་ཕྱོགས་ཀྱི་མིའི་བློ་རིག་དང་བློ་གྲོས་ལ་ཧ་ལས་སོང་། འོན་ཀྱང་ང་ཧ་ཅང་ཞེ་སྡུག་པོ་བྱུང་། དེ་རིང་ངས་བུ་མོའི་དོན་དུ་ཁྲིམས་རྩོད་བྱེད་དོན་ནི་ངའི་བུ་མོ་ཨེ་ཏི་ཟི་ཡང་བྱིས་སྙོར་ཁང་གི་ངང་དཀར་ཞིག་ཏུ་འགྱུར་མ་སོང་ངམ་སྙམ་ནས་དངངས་འཚབ་སྐྱེས་པས་ཡིན། ཁོ་ཚོས་ཨེ་ཏི་ཟིའི་གཤོག་ཡ་གཅིག་གཅོད་ཀྱིན་འདུག གཤོག་ཡ་དེ་ནི་སྟོང་བསམ་གྱི་གཤོག་པ་ཞིག་རེད། དེར་མ་ཟད་ཨེ་ཏི་ཟི་རྫིང་བུ་ཆུང་ངུ་དེའི་ནང་དུ་འཇུག་གིན་འདུག གསལ་བྱེད་ཡི་གེ་ཉེར་དྲུག་ལས་མེད་པའི་རྫིང་བུ་དེའི་ནང་དུ་འཇུག་གིན་འདུག ང་ལ་དངངས་འཚབ་ཤིན་ཏུ་ཆེ།

    ཨ་མ་དེའི་ཁྲིམས་རྩོད་སྐབས་ཀྱི་གཏམ་བཤད་ཐུང་ངུ་དེ་རྗེས་ནས་ནེ་ཝ་ཏ་ས་ཁུལ་གྱིས《སྤྱི་དམངས་སློབ་གསོའི་སྲུང་སྐྱོང་བཅའ་ཁྲིམས》བསྒྱུར་བཅོས་གཏོང་བའི་དཔེ་གཞིར་གྱུར། དེར་བྱིས་པར་སློབ་གྲྭ་ནས་མ་མཐའ་ཡང་དབང་ཆ་གཉིས་ཡོད་པར་གཏན་འཁེལ་བྱས་ཡོད་དེ། དབང་ཆ་དེ་གཉིས་ནི་རྩེད་མོར་རོལ་བའི་དབང་ཆ་དང་ཅིའི་ཕྱིར་ཞེས་རྒྱུ་མཚན་འདྲི་བའི་དབང་ཆ་སྟེ། ཡང་གཅིག་བཤད་ན་སེམས་ཀྱི་འཆར་སྒོ་ཡོད་ཆོག་པའི་དབང་ཆ་གཉིས་ཡིན་ནོ༎

    《ཚགས་དེབ་གཅེས་བཏུས》ཚགས་པར་ལས་བདམས་ཏེ་སྒྲིག་སྒྱུར་བྱས་པ་ཡིན།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག