དང་པོ། སློབ་གསོ་ཀུན་གྱི་རྩ་བ་ནི་དགེ་རྒན་ཡིན།

    མིའི་རིགས་ཀྱི་སློབ་གསོ་སྤེལ་བའི་གོ་རིམ་ཁྲོད་དུ་སློབ་གསོ་མྱོང་མཁན་དང་སློབ་གསོ་གཏོང་མཁན་གཉིས་བར་ལ་ཞིབ་འཇུག་རབས་དང་རིམ་པ་བྱས་པའི་དེ་རིང་ང་ཚོས་སྡོམ་ཚིག་ཅིག་རྙེད་པ་ནི། ཀུན་བཟང་བླ་མའི་ཞལ་ལུང་དུ་འདི་སྐད་དེ། "དགེ་རྒན་མ་བརྟག་དུག་འཐུང་འདྲ། །སློབ་མ་མ་བརྟག་གཡང་མཆོངས་འདྲ།།" ཞེས་གསུངས་པ་ནང་བཞིན་སྐྱེས་བ་སྔོན་གྱི་བག་ཆགས་མ་ཡལ་བའི་སྤྲུལ་བའི་སྐུ་དམ་པ་ཞིག་མིན་ཚེ། ང་ཚོ་གང་ཟག་སུ་ཡིན་ཡང་རང་ཉིད་གང་ལ་མཁས་འདོད་ན་དེ་ལ་སྦྱང་བ་དཔྱིས་ཕྱིན་བྱ་དགོས་པས་ན། བྱིས་པ་སུ་ཡིན་ཡང་རང་རང་གིས་དོན་གང་ལ་བསམ་བློ་གཏོང་མི་བཏུབ་པའི་དུས་སུ་དགེ་རྒན་གྱིས་བློ་སྣ་ཁྲིད་དགོས་ཤིང་། དགེ་རྒན་ནི་སློབ་གསོ་དང་བདེ་ལེགས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་དགེ་རྒན་གྱི་མཛད་པ་བླ་མའི་ཡང་བླ་མ། ཐོག་མའི་ཡང་ཐོག་མ། གོང་མའི་ཡང་གོང་མར་བཞུགས་སོ། །དེ་བས་ཇི་སྐད་དུ། "ཚིགས་བཅད་གཅིག་ཙམ་ཉན་པ་ལ། །གང་གིས་བླ་མར་མི་འཛིན་པ། །ཁྱི་ཡི་སྐྱེ་བ་བརྒྱད་འགྱུར་ནས། །རྨེ་ཤ་ཅན་ཏུ་སྐྱེ་བར་འགྱུར།།" ཞེས་དགེ་རྒན་ལ་བརྩི་བཀུར་བྱེད་དགོས་ཚུལ་གསུངས་ཡོད་ལ། དཔེར་ན་དགེ་རྒན་གཅིག་གིས་སློབ་མ་བཟང་པོ་བཅུ་སྐྱེད་སྲིང་བྱས་པ་དེས་སློབ་མ་བཟང་པོ་བཅུ་རེ་ལེགས་པར་བསྐྱངས་ན་བཅུ་ཡིས་བརྒྱ་དང་བརྒྱ་ཡིས་སྟོང་། སྟོང་གིས་ཁྲི་གྲངས་བརྒལ་བས་དགེ་རྒན་བཟང་པོ་ཞིག་གི་མཛད་འཕྲིན་བརྗོད་ན་ས་གཞི་ཆེན་པོ་འདིས་ཀྱང་མི་ཐེག་ལ། དེ་ལས་ལྡོག་སྟེ་དགེ་རྒན་ལེ་ལོ་དང་ལྡན་པ། སྒྱིད་ལུག་པ་ཞིག་གི་ཉེས་པ་ནི་གནམ་སྔོན་པོས་ཀྱང་མི་ཁེབས་པ་ཞིག་ཡིན་པ་རིགས་པས་སྒྲུབ་ཆོག་སྟེ། ལྷག་དོན་ད་ལྟ་འགྲན་རྩོད་ཀྱིས་ཁེངས་པའི་འཚོ་བ་དངོས་ལ་གཞིགས་ནས་བཤད་ན་དགེ་རྒན་གྱི་འོས་འགན་ཧ་ཅང་ལྕི་སྟེ། ད་ལྟ་སློབ་གྲྭ་དག་ན་བཤད་སྲོལ་ཞིག་ཡོད་པ་ནི་དཔེར་ན། ད་ལོ་སློབ་མ་བརྒྱ་ཡི་ནང་ནས་བརྒྱ་ཆའི་དགུ་བཅུ་ཡིས་རྒྱུགས་འཕྲོད་སོང་བས། དེ་སྔ་བརྒྱ་ཆའི་བདུན་བཅུ་དང་བསྡུར་ན་གྲུབ་འབྲས་གཡུར་དུ་ཟ་བ་བླངས་སོང་ཞེས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་མགྲིན་པ་གཟེངས་སུ་བཏེགས་ནས་བཤད་བཞིན་ཡོད། ཕྱོགས་གཅིག་ནས་བལྟས་ན་དེ་ནི་དགེ་རྒན་དང་སློབ་མ་རྣམས་ཀྱིས་མཉམ་དུ་འབད་འབུངས་བྱས་པའི་རྒྱལ་ཁ་ཆེན་པོ་ཞིག་དུ་བརྩིས་ཆོག་མོད། འོན་ཀྱང་ཞིབ་ཏུ་མནོ་བསམ་ཞིག་བཏང་སྟེ་སློབ་མ་གཅིག་དང་ཁྱིམ་ཚང་གཅིག་གི་ཟུར་ནས་བལྟས་ན། སློབ་མ་གཅིག་གིས་རྒྱུགས་འབྲས་བཟང་པོ་ཞིག་མ་ལོན་པ་ནི་སློབ་མ་དེ་དང་། ཡང་ན་མི་ཞིག་གི་འབྱུང་འགྱུར་གྱི་མདུན་ལམ་ལ་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། ཁྱིམ་ཚང་དེ་གའི་བདེ་སྡུག་དང་དམ་དུ་སྦྲེལ་འདུག་པས་ན་སློབ་མ་བཅུ་ལྟ་ཅི། སློབ་མ་གཅིག་གི་རྒྱུགས་འབྲས་མ་ལེགས་པར་བསམ་དོན་མ་འགྲུབ་ན་ནི་ཆེས་ཕངས་སེམས་ཆེ་བའི་ཕམ་ཁ་ཆེན་པོ་ཞིག་ཡིན་པ་མི་རང་རང་གི་སྟེང་ལ་དཔེ་བཞག་ན་ཧ་ཅང་གསལ་ཏེ། ཞང་སྟོན་བསྟན་པ་རྒྱ་མཚོས་མཛད་པའི《བསླབ་བྱ་ནོར་བུའི་ཕྲེང་བ》ལས། "རང་མཚང་རང་གིས་བྲུས་ན་འཕྲོད་པ་ཡིན།① རང་དཔེ་གཞན་ལ་སྦྱར་ན་ཤིན་ཏུ་འཕྲོད། །གཞན་དཔེ་རང་ལ་སྦྱར་ན་ལྷག་པར་འཕྲོད། །དེ་ཕྱིར་དཔྱད་ནས་བསམ་བློ་གཏོང་བ་གཅེས།།"ཞེས་གསུངས་པ་ནང་བཞིན་ཡིན་པས། ཚིག་ཉོག་མང་ན་མཁས་པ་ཉེས་པའི་རྒྱུ་རེད་བསམས་ནས་འདིར་གཏམ་གྱི་སྦྱོར་བ་མང་པོ་ཞིག་སྤེལ་བའི་དགེ་བ་མ་མཆིས་སོ། །

    གཉིས་པ། མིའི་རིགས་ཀྱི་སློབ་གསོ་ཐོག་མ་དེ་ཕ་སྐད་ཀྱི་ལམ་ནས་མགོ་བརྩམས་པ་ཡིན།

    དེ་ལྟར་དགེ་རྒན་ནི་ཤེས་བྱ་ཐམས་ཅད་ལ་འཇུག་པའི་སྒོ་ཡིན་པའི་རྒྱུ་མཚན་གྱི་སྔོན་དྲངས་ནས་ད་ནི་ཕ་སྐད་སློབ་གསོ་གལ་ཆེ་ཚུལ་བརྗོད་པ་ལ། དེ་ཡང་ཞང་སྟོན་བསྟན་པ་རྒྱ་མཚོས་མཛད་པའི་བསླབ་བྱ་ནོར་བུའི་ཕྲེང་བ་ལས། "སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་། །རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །ཆ་ལུགས་ཀུན་དང་བསྟུན་ན་བཟང་མོད་ཀྱང་། །ཡོད་ཚད་ལད་མོ་བྱས་ན་ཀླད་མེད་ཡིན། །"ཞེས་གསུངས་པ་ནང་བཞིན། མི་རིགས་གང་དང་གང་ཞིག་ཡིན་རུང་། རང་རང་གི་ཕ་སྐད་རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་པ་ནི་དུངས་སེམས་ཁོ་ན་ཙམ་མ་ཡིན་པར། དེའི་ཕུགས་ན་བཅོས་ཐབས་དཀའ་བའི་ཆོས་ཉིད་ཅིག་གིས་གཏམས་ཡོད་དེ། སོར་སྐྱེས་ཀྱི་གང་ཟག་སུ་ཞིག་ཡིན་རུང་ལྟེ་བ་མ་དང་བྲལ་ནས་སྐད་ཆ་བཤད་ཤེས་པའི་དུས་སུ་སླེབས་དུས་འཇིག་རྟེན་འདིར་ཆེས་ཐོག་མར་བརྗོད་པ་ནི་རང་རང་གི་ཕ་སྐད་ཡིན། དེ་བས་ན་རང་རང་གི་ཕ་སྐད་ལས་རྒྱུས་ཆེ་བ་དང་རང་གི་ཕ་སྐད་ལས་དྲིན་ཆེ་བ་ཞིག་གཞན་དུ་མེད་དོ། །སྐབས་འདིར་དཔེ་གསོན་པོ་ཞིག་དྲངས་ན། མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་ས་ཁུལ་ལ་མཚོན་ན། བོད་སྐད་དང་བོད་ཡིག་ཤེས་པའི་གནས་ཚུལ་ཧ་ཅང་ཉམ་ཐག་པར། གྱུར་ཡོད་པས་ས་དེ་གའི་མི་རྒན་ཞིག་གིས"ཤ་རུས་ཁྲག་རྒྱུན་གྱི་ཆ་ནས་བཤད་ན་ང་ཚོ་བོད་མི་ཡིན། འོན་ཀྱང་བོད་སྐད་དང་བོད་ཡིག་མི་ཤེས་པས་བསམ་བློ་འདུ་ཤེས་ཀྱི་ཆ་ནས་བཤད་ན་བོད་ཀྱི་རིག་གནས་དང་བར་ཐག་ཧ་ཅང་རིང་བས། དེ་ནི་ང་ཚོ་མཚོ་ཤར་ས་ཁུལ་གྱི་བོད་པ་རྣམས་ལ་མཚོན་ན་ཆེས་ཆེ་བའི་སྡུག་བསྔལ་ཞིག་རེད"ཟེར། རྒན་རབས་པ་འདི་ལ་མཚོན་ན་མི་རབས་འདི་ལ་སྐད་ཡིག་ཉམས་མ་ཉམས་ཀྱི་མཚམས་སུ་སྐྱེས་པ་ཡིན་ལ། ལྷག་པར་ཁོ་རང་ལ་མཚོན་ན་ཆུང་དུས་བོད་ཡིག་སློབ་པའི་གོ་སྐབས་རྙེད་དེ་བོད་ཡིག་ལ་ཤུགས་རྐྱེན་ཅུང་ཙམ་འཇོག་ཐུབ་པ་བྱུང་བའི་མི་ཞིག་ཡིན་པས་བོད་སྐད་དང་འདྲིས་ཆ་ཡོད་པ་རེད། ཡིན་ནའང་མཚོ་ཤར་ས་ཁུལ་གྱི་བོད་རིགས་ན་གཞོན་སྐོར་ཞིག་གིས་རང་གི་སྐད་ཡིག་དང་ཕ་སྐད་ལ་འབྲེལ་འདྲིས་བྱེད་པའི་གོ་སྐབས་མ་བྱུང་བར་བརྟེན་ཕ་སྐད་སློབ་གསོ་ལ་དགེ་མཚན་ཡོད་པ་རྟོགས་མི་ཐུབ་ལ། དེ་དང་མཉམ་དུ་སེམས་ཀྱི་གཏིང་རིམ་ནས་མང་པོ་ཞིག་ག་ལེར་ཉམས་བཞིན་འདུག དེ་དང་མཉམ་དུ་ད་སྐབས་མི་མང་པོ་ཞིག་གིས་བོད་ཡིག་སྦྱངས་ན་བྱ་བ་རེག་མི་ཐུབ་པ་དང་། གོ་གནས་མཐོན་པོ་རེག་མི་ཐུབ་ཟེར། བྱ་བ་དང་གོ་གནས་རེག་ཐུབ་མིན་དེ་ཡིག་རིགས་ཤིག་གིས་ཐག་གཅོད་རྒྱུ་ཞིག་མ་ཡིན་དེ། ད་ལྟ་འགྲན་རྩོད་ཀྱི་དུས་རབས་ཤིག་ཡིན་ལ། དོན་གྱིས་རང་ཉིད་ཀྱི་ཕོར་བ་རང་ཉིད་ཀྱི་འཚོལ་དགོས། ཐ་ན་སྲིད་གཞུང་གི་ལས་ཁུངས་སུ་བྱ་བ་སྒྲུབ་མཁན་རྣམས་ཀྱང་གདན་འདྲེན་བྱས་པ་རྐྱང་རྐྱང་རེད།

    གལ་ཏེ་བོད་ཡིག་སྦྱངས་ན་བྱ་བ་རེག་མི་ཐུབ་ཟེར་ན། སྐད་རིགས་དང་ཡིག་རིགས་གཞན་གྱི་སྟེང་ནས་བྱ་བ་རེག་ཐུབ་པའི་ཁྱབ་བམ་མི་ཁྱབ། དཔེར་ན་རྒྱལ་ཡོངས་ལ་མཚོན་ན་མི་གྲངས་དུང་ཕྱུར་བཅུ་གསུམ་ནང་དུ་གྲངས་ཉུང་མི་རིགས་ཀྱིས་བརྒྱ་ཆའི་ག་ཚོད་ཟིན་ནམ། ད་ལྟ་འགྲན་རྩོད་ཀྱི་དུས་སྐབས་འདིར་གྲངས་ཀ་མང་པོ་ཞིག་གི་ནང་དུ་ཁེ་ཕན་ཆེན་པོ་ལེན་རྒྱུ་དེ་ལས་སླ་བོ་ཞིག་ཡིན་ནམ། དཔེར་ན་ཆུ་ཕོར་བ་གང་མི་བཅུ་ཡིས་རྩོད་པ་ལས་མི་གཉིས་ཀྱིས་རྩད་ན་ཁེ་ཕན་ཆེ་བ་མ་ཡིན་ནམ། གཞན་མི་རིགས་གཞན་གྱི་རིག་གནས་ཤེས་དགོས་ན་ཐོག་མར་མི་རིགས་དེ་གའི་སྐད་དང་ཡི་གེ་ཤེས་དགོས། འོན་ཀྱང་མི་རིགས་ཤིག་གི་སྐད་དང་ཡི་གེ་ཤེས་རྒྱུ་དེ་ལ་དུས་ཚོད་ག་ཚོད་དགོས་པ་བསམ་བློ་བཏང་ཨེ་མྱོང་། དེ་བས་དུས་ཀྱི་ཆ་ནས་བཤད་ནའང་ང་ཚོ་ལ་བཀག་རྒྱ་ཆེན་པོ་ཡོད། ཡང་གཅིག་བཤད་ན་མི་རིགས་ཀྱི་རིག་ཚན་མ་སྦྱངས་པར་ཡིག་རིགས་གཞན་གྱི་ལམ་རྐྱང་བའི་སྒོ་ནས་སློབ་གྲྭར་འགྲིམས་ན། རྒྱལ་ནང་ལ་མཚོན་ན་པེ་ཅིན་སློབ་གྲྭ་ཆེན་མོ་དང་ཆིན་ཧྭ་སློབ་གྲྭ་ཆེན་མོ་སོགས་སུ་ལོ་རེར་སློབ་མ་ས་ཡ་དུ་མ་སློབ་མཐར་ཕྱིན་གྱིན་ཡོད་པས། འགྲན་རྩོད་ཀྱི་ཁོར་ཡུག་དེ་འདྲའི་ཁྲོད་དུ་ཁེ་ཕན་རེག་རྒྱུ་ཧ་ཅང་ཁག་པོ་འདུག མཚམས་འདིར་རྫོང་ཁག་གཉིས་ཀྱི་གནས་ཚུལ་ཞིབ་བསྡུར་ཞིག་བྱས་ན་འདི་ལྟ་སྟེ། རྨ་ལྷོ་ཁུལ་གཅན་ཚ་རྫོང་དང་མཚོ་ཤར་ས་ཁུལ་གྱི་ཧྭ་ལུང་རྫོང་གཉིས་ཁྱིམ་མཚེས་ལྟར་ཡོད་ལ། མི་གྲངས་ཀྱི་ཆ་ནས་ཧྭ་ལུང་རྫོང་མང་ཞིང་བོད་རིགས་རྐྱང་པ་ཁྲི་ལྔ་ལྷག་འདུག གཅན་ཚ་རྫོང་ལ་མཚོན་ན་བོད་རིགས་མི་གྲངས་ཕལ་ཆེར་ཁྲི་གསུམ་ལྷག་མ་གཏོགས་མི་འདུག གཅན་ཚ་རྫོང་དུ1979ལོར་རྫོང་མི་རིགས་སློབ་འབྲིང་དང་པོ་བཙུགས་པ་ནས་ད་ལྟའི་བར་སློབ་མ་སྟོང་ཕྲག་གཉིས་ལྷག་སྐྱེད་སྲིང་བྱས་པ་དང་། དེའི་ནང་སློབ་གྲྭ་ཆེན་མོ་བ1293ལྷག་ཡོད་ལ།欲འབྲིང་རིམ་ཆེད་ལས་སློབ་གྲྭར་སློབ་མ803བསྐྱལ་བ་རེད། ཡིན་ཡང་ཧྭ་ལུང་ས་ཆར་མཚོན་ན། ལོ་འགའི་སྔོན་ལ་མི་རིགས་སློབ་འབྲིང་ཞིག་གསར་དུ་བཙུགས་པ་ཡིན་ལ། བོད་ཡིག་སློབ་སྦྱོང་བྱེད་པའི་གོ་སྐབས་ཆེན་པོ་མེད་པས་སློབ་ཆེན་ལ་རྒྱུགས་འཕྲོད་པའི་གནས་ཚུལ་གཅན་ཚ་དང་བསྡུར་ན་ཧ་ཅང་ཞན། དེ་གཙོ་བོ་ཕ་སྐད་སློབ་གསོ་མ་དར་བ་དང་འགྲན་རྩོད་ཀྱི་ཁོར་ཡུག་ཆེ་དྲགས་པའི་འབྲས་བུ་རེད། དེ་བཞིན་དུ་ཧྭ་ལུང་རྫོང་གི་ཁྱིམ་མཚེས་ཞིན་ཧྭ་རྫོང་ལ་མཚོན་ན། དེ་སྔ་མཚམས་རེར་བོད་ཡིག་ཁྲིད་པ་དང་། མཚམས་རེར་རྒྱ་ཡིག་ཁྲིད་དེ་ཀྱོག་ཀྱོག་གི་བཞུད་ལམ་མང་པོ་ཞིག་བརྒྱུད་ནའང་། 1985ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་གི་དགོངས་འཆར་ལྟར། མི་རིགས་སློབ་འབྲིང་ཞིག་འཛུགས་གྲབས་བྱེད་དུས། རྫོང་གི་བོད་རིགས་འགོ་ཁྲིད་མང་པོས་ཀྱང་བོད་ཡིག་སྦྱངས་ན་མདུན་ལམ་དོག་པ་དང་བྱ་བར་རེག་མི་ཐུབ་པའི་བསམ་འཆར་བཏོན། ཡིན་ནའང་། 1985ལོར་སློབ་འབྲིང་བཙུགས་པ་ནས་ད་ལྟའི་བར་སློབ་མ1500ལྷག་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭར་འགྲིམས་པར་མ་ཟད། ཚང་མས་ལས་གནས་སྟེང་བྱ་བ་སྒྲུབ་བཞིན་ཡོད། དེའི་ནང་དུ་རབ་འབྱམས་པ་ཡན་ཆད་ལྔ་བཅུ་ལྷག་དང་འབུམ་རམས་པ་ལྔ་སྐྱེད་སྲིང་བྱས་ཡོད། དེ་དག་ཚང་མ་མི་རིགས་སློབ་འབྲིང་དེ་བཙུགས་པའི་དགེ་མཚན་ཡིན་ལ། ལྷག་དོན་བོད་ཡིག་གི་ལམ་ནས་སློབ་གསོ་བསྒྲུབས་པའི་དགེ་མཚན་རེད།

    གཞན་ཡང་རིག་གནས་དོན་གཉེར་བྱེད་མཁན་ཞིག་གི་ཆ་ནས་བཤད་ནའང་རང་གི་ཕ་སྐད་དང་རང་གི་སྐད་ཡིག་གི་ལམ་ནས་ཞིབ་འཇུག་བྱེད་རྒྱུ་ནི་ཧ་ཅང་ནས་གལ་ཆེ་སྟེ། ལྷག་པར་ང་ཚོ་བོད་པ་རྣམས་ལ་མཚོན་ན་རང་གི་ཕ་མེས་གོང་མ་རྣམ་པ་དང་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་གིས་གདོང་བསུས། ཐ་ན་རང་རང་གི་སྲོག་ཀྱང་དོར་ནས་ང་ཚོ་ལ་སྲིད་ན་དཀོན་པའི་རིག་གནས་འདི་འདྲ་ཞིག་གསར་བསྐྲུན་བྱས་པ་རེད། ད་ལྟ་མང་པོ་ཞིག་གིས་དབྱིན་སྐད་ལ་དོན་གཉེར་ཆེན་པོ་བྱེད་བཞིན་ཡོད། སྤྱིར་སྐད་རིགས་གཞན་ལ་སྦྱང་བ་བྱས་ན། དེ་ནི་ཡག་ཐོག་ལ་ཡག་དང་བཟང་ཐོག་ལ་རྒྱན་རེད། འོན་ཀྱང་ཞིབ་ཏུ་མནོ་བསམ་ཞིག་བཏང་ན། ད་ལྟ་ང་ཚོ་བོད་མི་རིགས་ལ་ཀུན་གྱིས་གདེང་འཇོག་ཆེན་པོ་གནང་བཞིན་པ་དེ་ང་ཚོ་ལ་བཅུ་ཕྲག་རིག་པའི་གནས་གཙོ་བྱས་གཞན་དང་མཚུངས་ཟླ་བྲལ་བའི་རིག་གནས་ཤིག་ཡོད་པས་མ་ཡིན་ནམ། དཔེར་ན་ད་ལྟ་བོད་ཁམས་སུ་ལེགས་སྦྱར་གྱི་སྒྲ་རིག་པ་ལ་ཆེད་དུ་སློབ་གཉེར་བྱེད་མཁན་གྱི་མི་ག་ཚོད་ཡོད་དམ། ལེགས་སྦྱར་གྱི་སྒྲ་རིག་པ་ནི་ང་ཚོའི་བོད་ཀྱི་བརྡ་སྤྲོད་ལ་ཆ་མཚོན་ནས་བཤད་ན་མ་དང་བུ་ལྟ་བུའི་འབྲེལ་བ་ཡོད་པས། བོད་རང་གི་སྐད་ཡིག་ལ་སྦྱང་བ་ཕྱིས་ཕྱིན་པ་ཞིག་བྱེད་ན་ལེགས་སྦྱར་གྱི་སྒྲ་རིག་པ་འདི་ལས་དགོས་གལ་ཆེ་བ་ཡོད་དམ། དེ་བས་བོད་ཀྱི་རིག་གནས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས་ཀྱང་། ང་ཚོ་བོད་རིགས་ལ་མཚོན་ན་དབྱིན་སྐད་ལས་ལེགས་སྦྱར་གྱི་སྒྲ་རིག་པ་གལ་ཆེ་གསུངས་པ་ཡང་བྱིས་པའི་ངག་གྱལ་ག་ལ་ཡིན།

    གསུམ་པ། ཕ་སྐད་སློབ་གསོ་དང་རྒྱལ་ཁབ་ཀྱི་རིག་གནས་དམ་དུ་འབྲེལ་ཡོད།

    རང་རེའི་རྒྱལ་ཁབ་ལ་མཚོན་ན་མི་རིགས་མང་པོའི་རྒྱལ་ཁབ་ཅིག་ཡིན་པས། མི་རིགས་སོ་སོའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་གནད་ཀྱི་དམ་པ་ཡིན། ད་ལྟ་ཤེས་རིག་དར་བའི་དུས་འདིར་མི་རིགས་གང་དང་རྒྱལ་ཁབ་གང་ལ་རིག་གནས་དར་ཆེ་ན་དེ་ནི་སྔོན་ཐོན་དང་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་ཏུ་རྩི་བཞིན་ཡོད། དེ་བས་མི་རིགས་རིག་ནས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཆུང་ས་ནས་བཤད་ན་མི་རིགས་ཤིག་གི་དར་རྒུད་ལ་རག་ལས་ཤིང་། ཆེ་ས་ནས་བཤད་ནམིའི་རིགས་ཀྱི་བསམ་བློའི་རིག་གནས་དང་དངོས་པོའི་རིག་གནས་ལ་བརྩི་མཐོང་བྱས་པ་ཡིན། མི་རིགས་སོ་སོའི་བསམ་བློ་ཀུན་སྤྱོད་དང་ཡུལ་སྲོལ་གོམས་གཤིས་དེ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་བའི་ལོ་ངོ་དུ་མའི་རིང་གི་ཐོན་དངོས་ཤིག་ཡིན་པས་ཡོད་ཚད་གཅིག་མཚུངས་ཡོང་རྒྱུ་ནི་དུས་ཡུན་ཐུང་ཐུང་ཞིག་གིས་ཐག་གཅོད་བྱེད་མི་ཐུབ། དེ་བས་མི་རིགས་ཕན་ཚུན་བར་རིག་གནས་བརྗེ་རེས་དང་ཕན་ཚུན་གྱི་རིག་གནས་ལ་བརྩི་བཀུར་བྱེད་རྒྱུ་ནི་སྤྱི་ཚོགས་འཆམ་མཐུན་དང་རྒྱལ་ཁབ་བདེ་འཇགས། འཛམ་གླིང་ཞི་བདེ་ཡོང་བའི་གནད་གཙོ་བོ་ཞིག་རེད་སྙམ། གཞན་ཆོས་ལུགས་ཀྱི་གྲུབ་མཐའི་འཐེན་ཁྱེར་གྱི་ཆ་ནས་བཤད་ན། ང་ཚོའི་མི་རིགས་འདི་ལ་སྐྱོན་ཆ་ཆེན་པོ་ཡོད་དེ། སྐྱེས་ཆེན་གང་ཞིག་གི་རྣམ་པར་ཐར་བའི་མཛད་འཕྲིན་ཅི་ཡང་མི་ཤེས། རིག་གཞུང་གང་གི་ཕྱི་མོ་ཏིལ་ཙམ་མི་མཁྱེན་པར་ས་དགེ་རྙིང་གསུམ་གྱི་ལྟ་ཁྱད་འཛིན་པ་ནི་མི་རིགས་སོ་སྙམ། སྤྱིར་གྲུབ་མཐའི་ཕྱོགས་ཞེན་ནི་རིག་གནས་འཕེལ་རྒྱས་ཀྱི་གྲོགས་སུ་འགྲོ་བར་གླེང་བའང་གནས་ལུགས་མེད་པ་མིན་ཏེ། འགྲན་རྩོད་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན་པས་སོ། །ང་ཚོས་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་ལྟ་ཞིག་བྱས་ན། བསྟན་པ་ཕྱི་དར་སྐབས་སུ་སྔ་དར་ལས་ཆེ་ཆེར་དར་བའང་གཙོ་བོ་གྲུབ་མཐའི་བར་དུ་འཐེན་ཁྱེར་སྣ་ཚོགས་བྱུང་བས་ཡིན་པར་འདུག འོན་ཀྱང་སྤྱོད་པ་གཞན་ལ་མི་འཚེ་བ་དང་ལྟ་བ་རྟེན་འབྱུང་ནི་གྲུབ་མཐའ་ཀུན་གྱི་མཆོག ལྟ་བ་ཀུན་གྱི་རབ། ཆོས་ལུགས་ཀུན་གྱི་རྒྱན་ཡིན་པས་ཕན་ཚུན་གྱི་ཁེ་ཕན་ལ་ཕོག་ཐུག་མི་གཏོང་བར་རིག་གནས་ཀུན་ལ་འབད་འབུངས་བྱེད་རྒྱུ་ནི་བོད་རང་གི་རིག་གནས་ལ་བརྩི་འཇོག་བྱས་པ་ཡིན་ལ། ཀྲུང་གོའི་རིག་གནས་ཟེར་ནའང་ཆོག འཛམ་གླིང་རིག་གནས་ཟེར་ནའང་ཆོག བོད་ཀྱི་ཕ་སྐད་སློབ་གསོ་ནི་དེ་དག་གི་གྲུབ་ཆ་ཡིན་པས་འབྲལ་མེད་དུ་གནས་དགོས་སྟེ། ལྷན་གཅིག་བྱེད་རྐྱེན་གྱི་རྟེན་འབྲེལ་གྲུབ་ཡོད་པས་སོ། །

    བཞི་བ། བོད་སྐད་བརྙན་འཕྲིན་ཕ་སྐད་སློབ་གསོ་དང་ཁ་འབྲལ་ཐབས་མི་འདུག

    སྤྱི་ཚོགས་འཚོ་བ་ནི་བརྙན་འཕྲིན་འཚོ་གནས་ཡིན་པའི་དབང་དུ་བཏང་ན་བརྙན་འཕྲིན་གྱི་སྐད་ཆ་དང་རིག་གནས་དེ་བལྟ་མཁན་དེ་ག་ལ་ཁ་ཕྱོགས་རྒྱུ་ནི་བརྙན་འཕྲིན་གྱི་སྲོག་ཡིན། དེ་ལྟ་བས་ན་བོད་སྐད་བརྙན་འཕྲིན་གྱིས་བོད་མི་རིགས་ཀྱི་འཚོ་བ་དང་བསམ་བློའི་ཐད་ཞབས་ཞུ་བྱེད་པ་ལ་ཕ་སྐད་སློབ་གསོ་དང་ཁ་འབྲལ་ཐབས་མི་འདུག གལ་ཏེ་ཕ་སྐད་གཞན་ཞིག་གི་ལམ་ནས་ལྟ་མཁན་གྱི་རེ་བ་འགྲུབ་དགོས་པ་ཡིན་ཚེ་བོད་སྐད་བརྙན་འཕྲིན་དེ་མིང་གི་ལྷག་མར་འགྱུར་ངེས་ཡིན། དེ་བས་བོད་སྐད་བརྙན་འཕྲིན་ནི་ཕ་སྐད་ཀྱི་ལམ་ནས་རྒྱལ་ཁབ་དང་མི་དམངས་ལ་ཞབས་ཞུ་བྱེད་པའི་སྒེའུ་ཁུང་གསོན་པོ་ཞིག་ཡིན།

    ཕ་སྐད་སློབ་གསོ་ཟེར་བ་དེ་བོད་ཡིག་འབྲི་བ་ཙམ་དང་བོད་སྐད་བཤད་པ་ཙམ་མ་ཡིན་པར། བོད་མིའི་མི་གཞི་དང་བསམ་བློའི་འཁྱེར་སོ། འཚོ་བའི་འགྲོ་ལུགས་དང་ཡུལ་སྲོལ་གོམས་གཤིས་སོགས་མང་པོ་ཞིག་འདུ་བ་ཡིན། གལ་ཏེ་ང་རང་ཚོའི་བོད་སྐད་བརྙན་འཕྲིན་གྱི་ལེ་ཚན་དག་བོད་མིའི་བསམ་བློ་དང་ཡུལ་སྲོལ་གོམས་གཤིས་དང་ཕྱིན་ཅི་ལོག་ཏུ་གྱུར་ཚེ་རྒྱ་ཆེའི་ལྟ་མཁན་རྣམས་ཀྱི་འདོད་བློ་སྐོང་མི་ནུས། ཡིན་ཡང་གཞན་དང་གཞན་གྱི་རིག་གནས་ནང་འདྲེན་དང་བཀོལ་སྤྱོད་བྱེད་མི་རུང་ཟེར་བ་རྩ་བ་ནས་མིན་ཏེ་བོད་སྐད་བརྙན་འཕྲིན་གྱི་ཕྱིའི་རྣམ་པ་དང་སྒྲིག་གཞི་ཇེ་ལེགས་གཏོང་བ་ལ་ཕྱིའི་རིག་གནས་དང་ཁ་འབྲལ་ཐབས་མེད། ཡིན་ཡང་ནང་གི་བརྗོད་དོན་ལ་འགྱུར་བ་མང་དྲགས་ཚེ་ལྟ་མཁན་གྱི་དགའ་བསུ་འཐོབ་མི་ཐུབ། དེ་བས་ལེ་ཚན་ཇུས་འགོད་བྱེད་དུ་རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་གྱི་ཆ་ལ་ངེས་པར་བསམ་བློ་གཏོང་དགོས་པ་མ་ཟད། བརྙན་ཡོལ་གྱི་རི་མོ་དང་རྒྱབ་ལྗོངས་ཀྱི་རོལ་མོ། ཐ་ན་མདོ་འཛིན་པའི་གྱོན་ཆས་དང་རྒྱན་ཆ་སོགས་ཆ་ལུགས་ཐམས་ཅད་ལ་རྩོམ་སྒྲིག་པས་ནན་ཏན་བགྱི་དགོས། དཔེར་ན་སྤྱི་བསྒྲགས་ཤིག་སྒྲོག་པའི་ཚེ་ནའང་བརྗོད་བྱའི་དོན་མ་ཕྱི་དང་བསྟུན་དགོས་ཀྱང་ཚིག་དང་གདངས། ཡང་ན་སྐད་ཆའི་བཤད་ལུགས་སོགས་བོད་རང་གི་ཁྱད་ཆོས་ལྟར་བྱས་ན་དགའ་བསུ་འཐོབ་ངེས་རེད། རིག་གནས་ཀྱི་ཕྱིའི་གོ་དོན་ཐད་འཕེལ་འགྱུར་འབྱུང་སྲིད་ཀྱང་། སྐད་ཀྱི་གདངས་ནམ་ཡང་མི་འགྱུར་ཞིང་འགྱུར་ཀྱང་མི་རུང་བ་ནང་བཞིན་བརྙན་འཕྲིན་ཟློས་གར་ལོ་ཙཱ་བྱེད་པའི་སྐབས་སུའང་རང་གི་བཤད་ལུགས་དང་བསྟུན་ཅི་ཐུབ་བྱེད་རྒྱུ་གལ་ཆེ་སྙམ། དེ་ལྟ་མིན་ཚེ་བརྩེ་དུང་མཚོན་པའི་ཚིག་སྦྱོར་ཞིག་ལ་མཚོན་ན། བོད་མིའི་བཤད་ལུགས་དང་རྒྱང་ཐག་རིང་དྲགས་པས་བཟའ་མི་རྣམས་ཀྱི་བར་ཐག་ཀྱང་དེ་ལྟར་རིང་པོ་མ་བྱས་ཚེ་བརྙན་འཕྲིན་ཟློས་གར་ལ་བལྟ་བའི་གོ་སྐབས་ཀྱང་མི་འདུག

    མདོར་ན་བརྙན་འཕྲིན་ནི་སྒྲ་གཟུགས་གཉིས་ལྡན་གྱི་ལམ་ནས་གསོན་ཉམས་ལྡན་པའི་ངང་མིའི་ཡིད་ལ་བག་ཆགས་ཟབ་མོ་འཇོག་མཁན་ཞིག་ཡིན་པས་བརྙན་སྒྲོན་པ་རེ་རེ་འཇོན་ཐང་ལྡན་ཞིང་མི་གཤིས་ལེགས་དགོས་པར་མ་ཟད། ཀུན་སློང་རྣམ་དག་ཅིག་མེད་ཚེ་བྱ་གནམ་ལ་འཕུར་ཀྱང་གྲིབ་གཟུགས་ས་ལ་རྒྱུ་བ་བཞིན་སྤྱི་ཚོགས་ལ་ཐད་ཀར་ཤན་ཤུགས་ཐེབས་པ་ཡིན་པས་བརྙན་འཕྲིན་བརྗོད་དོན་ལ་གཅེས་རྒྱུ་ནི་བརྙན་འཕྲིན་མི་སྣ་རེ་རེའི་འོས་འགན་རེད་སྙམ། དེ་བཞིན་བོད་ཀྱི་ཕ་སྐད་སློབ་གསོ་ནི་གཞན་ལ་མི་འཚེ་བ་དང་རང་ཉིད་ཀྱི་རིག་ལམ་འཕེལ་བྱེད་དེ། སྲོག་ཤིང་དུ་གྱུར་པའི་སློབ་གསོ་ཞིག་ཡིན་པས། བོད་སྐད་བརྙན་འཕྲིན་འཕེལ་རྒྱས་འགྲོ་བར་ཕ་སྐད་སློབ་གསོ་དང་ཁ་འབྲལ་ཐབས་མི་འདུག་ལ། ཕ་སྐད་སློབ་གསོའང་བོད་སྐད་བརྙན་འཕྲིན་དང་ཁ་འབྲལ་ཐབས་མི་འདུག་སྙམ། །

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག