དེ་ཉིད་སྨྲ་བའི(Ontology)སྟེང་ནས་བརྗོད་ན། རྩོམ་རིག་ནི་མིའི་རིགས་ཀྱི་སྤྱི་ཚོགས་སྒྱུར་བཀོད་བྱ་བའམ། སྟེང་གི་བཀོད་པའི་ཁྱབ་ཁོངས་གང་རུང་ལ་ཁ་ལོ་བསྒྱུར་བའི་དམིགས་པ་བཅངས་ཏེ་ཐོན་པ་ཞིག་མིན་ན་ཡང་། སྤྱི་ལོ་སྔོན་གྱི༢༠༠༠ལོར། བྷ་བྷེ་ལོན་གྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ《རྗེལ་གྷ་མེ་ཤྲི》(Gilgamesh)ལེགས་སྒྲིག་པར་བསྐྲུན་བྱས་ཏེ་བརྩམས་ཆོས་ཀྱི་རྣམ་པས་ཐོན་པ་ནས། འཛམ་གླིང་རིལ་མོའི་སྒང་དུ་རྩོམ་རིག་གི་བརྩམས་ཆོས་བགྲང་གིས་མི་ལངས་པ་ཞིག་བྱུང་ཞིང་། ལོ་སྟོང་བཞི་ལྷག་བརྒལ་བའི་ཡུན་འདིར་རྩོམ་རིག་ལས་འགུལ་དང་གསར་བརྗེ། གྲུབ་མཐའ་དང་རིང་ལུགས་སྣ་ཚོགས་ཤིག་བྱུང་སྟེ་སྤྱི་ཚོགས་ཀྱི་གྲུ་ག་ཀུན་ཏུ་སིམ་ཡོད། ལམ་བུ་འདིར་ཕྱིར་ལྟ་བྱེད་དུས་ང་ཚོས་ད་གཟོད་རྩོམ་རིག་དང་སྤྱི་ཚོགས་གཉིས་སླ་ང་དང་ཐོམ་བུ་བཞིན་དུ་འབྲེལ་ལ། རྩོམ་རིག་གི་རྐྱེན་པས་སྤྱི་ཚོགས་ལ་ཀུ་ཅོ་དང་ཟིང་ཆ་བཟོས་པ་སོགས་ལས་ང་ཚོར་རྩོམ་རིག་གིས་དངོས་དང་བརྒྱུད་གང་རུང་གིས་ཤན་ཐེབས་ཀྱིན་པ་ཡང་རྟོགས་ཡོང་། སློབ་དཔོན་དབྱུག་པ་ཅན་གྱིས་རྒྱལ་བོའི་བུ་རྣམས་ཀྱི་རྩེ་དགའ་ལོངས་སྤྱོད་ལ་དམིགས་ནས《སྙན་ང་མེ་ལོང》བརྩམས་པ་དང་། བོད་དུ་འགྱུར་རྗེས་ཆོས་ཀྱི་དོན་སྟོན་ཕྱིར་རྩོམ་རིག་དེ་ལག་ཆ་ལྟ་བུར་གྱུར་པ། དུས་རབས་བཅུ་གཉིས་པའི་ནང་དར་བའི་མགུར་གྱི་རྣམ་པ་དེ་ཡང་རྗེ་མི་ལ་ཡབ་སྲས་ཀྱི་མི་རྟག་པ་དང་བདེན་པ་སོགས་རྗོད་བྱེད་ཀྱི་ཁ་སྟབས་དང་འགྲོགས་ཏེ་བྱུང་བ། གནའ་བོའི་རཱོམ་གྱི་ཧོ་ར་ཟི(Horatius)ཡིས་རྩོམ་རིག་ནི་མི་རང་ཉིད་ཀྱི་སྤྲོ་བ་བསྐྱེད་བྱེད་ཅིག་གམ་ཀུན་སྤྱོད་ཀྱི་བསྡམས་ཐག་ལྟ་བུར་འདོད་པ་སོགས་ལ་གཞིགས་ན། ལོ་རྒྱུས་འཕེལ་འགྱུར་གྱི་གོ་རིམ་ཁྲོད་བརྗོད་དུ་རུང་བའི་རྩོམ་རིག་གི་ལོ་རྒྱུས་རང་བཞིན་དང་དུས་རབས་རང་བཞིན་འདི་དག་སྤྱི་ཚོགས་རིག་པའི་རྩོམ་རིག་སྐྱོན་བརྗོད་འདི་གྲུབ་པའི་ཁུ་འཕངས་སུ་ཆགས་ཡོད་པ་རེད། དང་པོ། གཞུང་འདིའི་འཕེལ་རྒྱས་སམ་ལག་རྗེས། གཅིག རྩོམ་རིག་གི་ཁོར་ཡུག་དང་དུས་རབས། རིགས་རྒྱུད།དུས་རབས༡༩པར་ཧྥ་རན་སིའི་གསར་བརྗེ་ཆེན་མོ་ཞི་འཇགས་སུ་སོང་བ་དང་བསྟུན་ནས། ཧྥ་རན་སིའི་ཤེས་ལྡན་པ་མང་པོས་རྩོམ་རིག་དང་སྤྱི་ཚོགས་བར་གྱི་འབྲེལ་བར་རྟོག་གཞིག་བྱ་འགོ་བརྩམས། ཆེས་ཐོག་མར་ལྟ་བ་འདི་འདོད་མཁན་ནི་ལྕམ་སི་རྡེལ(Madame de Stael)ཡིན་ལ། 《སྤྱི་ཚོགས་ལམ་ལུགས་དང་རྩོམ་རིག་གི་འབྲེལ་བ་ལས་རྩོམ་རིག་སྨྲ་བ》(༡༨༠༠)དང《འཇར་མན་གླེང་བ》(༡༨༡༠)འདི་གཉིས་ལས་ཁོ་མོའི་ལྟ་བའི་སྒོ་ཕྱེ་འདུག་སྟེ། "གཅིག་ནས་གྷི་རིགས་དང་ལ་ཏིན། སི་ཕན་དང་དབྱི་ཐ་ལི། ལུའུ་དབྱི་སྐུ་ཕྲེང་བཅུ་བཞི་བའི་དུས་སྐབས་ཀྱི་ཧྥ་རན་སིའི་རྩོམ་རིག་ལྷོ་ཕྱོགས་རྩོམ་རིག་གི་ཁོངས་སུ་བཞག་པ་དང་། དབྱིན་ཇི་དང་འཇར་མན། སི་བེ་ཌིན། ཏག་མག་སོགས་བྱང་ཕྱོགས་རྩོམ་རིག་ཏུ་གོ་འབྱེད་འདུག"①ལྷོ་ཕྱོགས་ཀྱི་མཁའ་དབུགས་དྭངས་ལ་ཚང་ཚིང་གི་ནགས་ཀྱིས་ཁེབས་པ། དྭངས་བསིལ་གྱི་རྒྱུག་ཆུ་སོགས་རང་བྱུང་གི་བཀོད་པ་འདི་དག་གིས་སྙན་ངག་པའི་སེམས་ཁོང་དུ་ཚོར་བའི་དྲག་རྒྱུན་ལུད་སྲིད་པས། དེས་ལྷོ་ཕྱོགས་རྩོམ་རིག་གི་རྣམ་སྟངས་གྲུབ་པ་དང་། བྱང་ཕྱོགས་ཀྱི་སྤྲིན་འཁྲིགས་པ་དང་ཐོག་ལྡིར་བ་སོགས་རྒྱུན་མཐོང་གི་ནམ་ཟླས་མི་ཚེའི་སྡུག་བསྔལ་ལ་བཅར་བའི་སེམས་བྱུང་སློང་སྲིད་པས། རྩོམ་རིག་ཀྱང་སེམས་གཅོང་གི་ཉམས་ཡོད་པ་ཞིག་ཏུ་གྲུབ་པར་འདོད། ཁོ་མོའི་སྐྱོན་བརྗོད་རིག་པའི་ལྟ་བ་གཞན་ཞིག་ནི་རྩོམ་རིག་དང་སྒྲ་ཡངས་འཇུག་གི་སྤྱི་ཚོགས་ལམ་ལུགས་བར་གྱི་འབྲེལ་བར་དམིགས་ནས་ཤུགས་ཇི་ལྟར་ཐེབས་ཀྱིན་པ་འགྲེལ་ཡོད་དེ། ཡོ་རོབ་རྩོམ་རིག་ལོ་རྒྱུས་ལ་དཔྱད་ཞིབ་བྱས་པ་བརྒྱུད། རྩོམ་རིག་དང་འབྲེལ་བ་ཟབ་མོ་ལྡན་པའི་རྒྱུ་ནི་གསུམ་ཡོད་པར་འདོད་དེ། ཆོས་ལུགས་ཀྱི་འཁྱེར་སོ་དང་མི་རིགས་ཀྱི་གོམས་སྲོལ། དུས་རབས་ཀྱི་ཁྱད་ཆོས་སོ། ། འདི་དག་རྒྱ་ཆེ་བའི་སྐད་ཁམས་ཤིག་གི་ཁྲོད་དུ་བཞག་སྟེ་རྩོམ་རིག་གི་གནས་སྡོད་ཀྱི་དོན་དམ་བདེན་པ་བསྟན་འདུག་པས། འདི་ཉིད་སྤྱི་ཚོགས་རིག་པའི་རྩོམ་རིག་སྐྱོན་བརྗོད་ལྟ་བའི་བསྒྲགས་གཏམ་ཞིག་གམ་ཐབས་རྩལ་འགྲེང་ཚུགས་སུ་གནས་པ་ཞིག་ཏུ་ལྟ་ཆོག རྩོམ་རིག་ལོ་རྒྱུས་དང་སྤྱི་ཚོགས་ཁོར་ཡུག་བར་འབྲེལ་བ་ཡོད་ཚུལ་ལ་སྔ་མའི་མཁས་པ་མང་པོས་བཞེད་ན་ཡང་ལྟ་བ་བཏོན་འདུག་མཁན་མེད་ལ། ལྷག་ཏུ་རྩོམ་རིག་གི་སྐྱོན་བརྗོད་ཐབས་འདིའི་སྟེང་དུ་སྤྱད་འདུག་མཁན་མེད་པས། ལྟ་བ་འདི་དག་ལོགས་སུ་འདོན་མཁན་ནི་ལྕམ་སི་རྡེལ་ལས་མེད་པར་ཕྱིས་ཀྱི་རྩོམ་རིག་སྐྱོན་བརྗོད་པ་མང་པོས་འདོད་དོ། ། དུས་རབས༡༩པའི་ནང་། འདིའི་ཕྱོགས་ནས་ཧྥ་རན་སིའི་སྤྱི་ཚོགས་སུ་སླར་ཡང་མི་བོ་ཆེ་ཞིག་བྱུང་བ་ནི་ཐའེ་ནཱེ(Taine)རེད། ཁོས་ཚན་རིག་ཅན་དུ་བསྒྱུར་འདོད་ཀྱི་ཀུན་སློང་གིས་གྲགས་ཆེ་བའི"གྲུབ་ཆ་གསུམ"སྨྲ་བ་གསར་དུ་བཏོན། རྩོམ་རིག་སྒྱུ་རྩལ་ནི་མིའི་རིགས་ཀྱིས་བསྐྲུན་པའི་ཀུན་སྤྱོད་ཀྱི་རྣམ་སྟངས་ཁྲོད་ཀྱི་གཅིག་སྟེ། འདི་ཉིད་འབྱུང་བྱེད་ཀྱི་གྲུབ་ཆ་གསུམ་ནི་རིགས་རྒྱུད་དང་ཁོར་ཡུག དུས་རབས་གསུམ་མོ། ། རིགས་རྒྱུད་ནི་ཁྱོད་ཉིད་འཇིག་རྟེན་དུ་ཐོན་དུས་ལྷན་སྐྱེས་ཀྱིས་གནས་པ་ཞིག་སྟེ། ལུས་ཁམས་ཀྱི་ཁྱད་ཆོས་དང་མཉམ་དུ་བསྡེབས་པ་ལས་གཤིས་ལུགས་སུ་གྲུབ་ཡོད། འཕེལ་ཕྱོགས་འདི་མི་རིགས་མི་འདྲ་བས་ཁྲ་ཁྲ་ཡང་མང་པོར་འགྱུར་སྲིད། ཁོར་ཡུག་ནི་རིགས་རྒྱུད་འཚོ་སྡོད་བྱ་སའི་གནས་སམ། རང་བྱུང་དང་མིའི་རིགས། གདོད་མའི་སེམས་བྱུང་ལ་འཁྱོག་གཟུགས་སྤྲོས་ཡོང་བའི་ཤུགས་མཐའ་དག ད་དུང་ནམ་ཟླ་དང་རྒྱལ་ཁབ་ཀྱི་སྲིད་ཟུས། སྤྱི་ཚོགས་ཀྱི་གནས་ཚུལ་སོགས་འདུས་ཡོད། རྩོམ་རིག་སྒྱུ་རྩལ་གྱི་རྒྱུ་གང་རུང་གིས་ཐག་གཅོད་པའི་བྱེད་ནུས་ཐོན་གྱིན་པར་མ་ཟད། ཕྱིའི་རྒྱུ་ཞིག་ཀྱང་འདུ་སྟེ། ཕྱིའི་ཤུགས་འདིས་མིའི་རིགས་ཀྱི་བྱ་དངོས་ཡོངས་གྲ་མ་ཆག་པར་བཟོ་བ་དང་། ནང་གི་ཤུགས་ལ་བྱེད་ནུས་འདོན་གྱིན་པ་སོགས་ཁོར་ཡུག་གི་ཕྱོགས་ནས་ལྕམ་སི་རྡེལ་ལས་ཀྱང་འཐུས་ཞིག་བར་ཆགས་ཡོད། རྟག་བརྟན་གྱི་ཧོལ་རྒྱུགས་དང་གཏན་ཏུ་ཁེལ་བའི་ཁོར་ཡུག་ལས་གཞན། ད་དུང་ཡང་དངོས་རྒྱུ་ཞིག་ཡོད། མི་རིགས་ཤིག་གི་ཡུལ་སྲོལ་གོམས་གཤིས་དང་ཁ་སྦུབས་སུ་སྦྱར་རྗེས། ཤུགས་རྐྱེན་དེ་ཡང་སྐད་ཅིག་མ་ཙམ་མ་ཡིན་པར། རྒྱུན་རིང་བོར་གནས་སྲིད། ཁཱོ་མེ་ལེ(Corneille)དང་ལྦོལ་ཐེར(Voltaire)དུས་སྐབས་ཀྱི་ཧྥ་རན་སིའི་རྩོམ་རིག ཨེ་སི་ཁུ་རོ་སི(Alσxuλos)དང་ཨུ་རོ་ཕེ་ཏི་སི(EuρIΠ ση)དུས་སྐབས་ཀྱི་གྷི་རིགས་ཀྱི་ཟློས་གར། ཏཱ་བེན་ཟི(Da Vinci)དང་ཀཱ་ཏོའི་དུས་སྐབས་ཀྱི་དབྱི་ཐ་ལའི་རི་མོ་སོགས་གང་ལ་མཚོན་ན་ཡང་། ཁོ་ཚོའི་བསམ་བློའི་གཞི་རྐང་འགྱུར་མེད་ན་ཡང་། སྔོན་མ་དང་རྗེས་མ། དཔེ་འགྲེ་བ་དང་དཔེ་འགྲེ་མེད་པ། དངོས་སུ་དང་བརྒྱུད་པའི་སྒོ་ནས་སྔ་མས་རྗེས་མར་ཤུགས་རྐྱེན་བཞག་མྱོང་བ་ནི་གཡོལ་དུ་མེད། དེ་བས། རྩོམ་རིག་སྒྱུ་རྩལ་ནི་ལོ་རྒྱུས་ཏེ། དུས་ཚོད་ཀྱིས་ཐད་ཀར་ཐག་གཅོད་ཀྱི་ནུས་པ་འདོན་གྱིན་ཡོད། གཉིས། རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་ནུས། དུས་རབས༡༩པར་ཨུ་རུ་སུའི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེར་ཕམ་ཁ་བྱུང་བ་དང་མ་རྩ་རིང་ལུགས་ཀྱི་སྟོབས་ཤུགས་ཉམ་ཆུང་བས་དབྱིན་ཧྥ་སོགས་ཡོ་རོབ་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་དར་རྒྱས་དང་བོགས་ཐོན་ཚད་དང་བསྡུར་ན། དུས་སྐབས་དེའི་ཨུ་རུ་སུ་ནི་བྱེའུ་ཕྲུག་དམར་རྗེན་ཐང་ན་ཡོད་པ་ལྟ་བུར་གནས། གནས་བབ་འདི་གཞིར་བཅས། རྩོམ་རིག་དེ་ཉིད་དྲིལ་སྒྲོག་གི་ལག་ཐབས་ཤིག་ལྟར་སྤྱི་ཚོགས་ལ་འགན་ཁུར་དགོས་པའི་གནས་སུ་གྱུར། གལ་ཏེ་ཧྥ་རན་སི་བས་སྤྱི་ཚོགས་རིག་པའི་རྩོམ་རིག་སྐྱོན་བརྗོད་ཐབས་འདིར་ཐོག་མའི་སྐྱ་ཐིག་བཀོད་པ་ཡིན་ན། ཨུ་རུ་སུ་བས་གཞུང་ལུགས་དང་བྱེ་བྲག་གི་ཞིབ་འཇུག་བྱ་ཐབས་ཐད་ནས་འདི་ལ་མིག་མཐོང་ལག་ཟིན་གྱི་བྱས་རྗེས་བཞག་ཡོད་པ་རེད། བྷེ་ལིན་སི་ཁིས(Belinskiy)ནི་འདིའི་ཕྱོགས་ཀྱི་རྨང་འདིང་མཁན་ཡིན། ཁོས་བལྟས་ན་རྩོམ་རིག་གིས་དངོས་ཡོད་འཚོ་བ་སླར་མཚོན་བྱས་པའོ། ། ཁོའི《ཨུ་རུ་སུའི་སྒྲུང་འབྲིང་དང་གྷོ་གྷོལ་གྱི་སྒྲུང་འབྲིང་གླེང་བ》(༡༨༣༥)ཞེས་པར་སྙན་ངག་ལ་འདི་ལྟར་གོ་བ་བླངས་འདུག་སྟེ། "སྙན་ངག་གིས་ཐབས་གཉིས་ལ་བརྟེན་ནས་འཚོ་བའི་སྣང་ཚུལ་བསྐྱར་བསྒྲིགས་དང་སླར་མཚོན་བྱས་པ་ཡིན། སྙན་ངག་པས་ཡང་ན་ཁོ་རང་གིས་དངོས་པོར་བཟུང་བའི་ལྟ་ཚུལ་དང་། འཚོ་སྡོད་ཀྱི་འཇིག་རྟེན་དང་དུས་རབས། མི་རིགས་ལ་བཟུང་བའི་རྣམ་འགྱུར་གྱིས་ཁོའི་ཕུགས་བསམ་ལ་བརྟེན་ནས་འཚོ་བ་སླར་བཞེངས་བྱས་པ་དང་། ཡང་ན་འཚོ་བའི་དངོས་ཡོད་རང་བཞིན་ལ་བློ་ཕྱོགས་ཏེ། དེའི་ཞིབ་ཕྲ་དང་ཁ་དོག་གི་སྟུག་ཚད་སོགས་གཞིར་བཅས་བདེན་པ་དང་རྗེན་པོར་འཚོ་བ་སླར་མཚོན་བྱ་བ་ཡིན། "②ཐབས་འདི་གཉིས་གང་ཡིན་ཡང་། སྙན་ངག་པ་འཚོ་སྡོད་བྱ་སའི"འཇིག་རྟེན་དང་དུས་རབས། མི་རིགས"བཅས་ཀྱིས་ཐག་གཅོད་པ་ཡིན། འདི་ཉིད་ཁོའི་སྒྱུ་རྩལ་གྱི་འབྱུང་གཞི་སྨྲ་བའི་རྨང་རྡོར་གྱུར་ཡོད། སྒྱུ་རྩལ་ཁོ་རང་ཉིད་སྤྱི་ཚོགས་ཀྱི་ལོགས་སུ་ཡོད་པ་ཞིག་གམ་སྤྱི་ཚོགས་ཀྱི་ཆེད་དུ་གནས་པ་ནི་མ་ཡིན་པར། རང་ཉིད་ཀྱི་དམིགས་འདུན་དང་རྒྱུ་རྐྱེན་ཡོད་པའི་སྒོ་ནས་སྒེར་ཚུགས་ཀྱི་ངང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་ཡིན། བྷེ་ལིན་སི་ཁིས་སྒྱུ་རྩལ་དེ་ཉིད་ཐོག་མར་འགྲེངས་ཚུགས་སུ་ཡོད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཏུ་བལྟས་རྗེས། ད་གཟོད་དངོས་ཡོད་སྤྱི་ཚོགས་དང་འབྲེལ་བ་ཇི་ལྟར་བྱུང་བར་བློ་ཕྱོགས་པ་ཡིན། སྒྱུ་རྩལ་རྣལ་མ་ཟེར་བ་མེད་ལ། སྒྱུ་རྩལ་དུ་མས་གྲུབ་པའི་སྙན་ངག་ལ་ཡང་དོན་སྙིང་ཡོད་པ་མ་ཡིན། ཁོས་བཤད་རྒྱུར། སྒྱུ་རྩལ་རྣལ་མ་ནི་ཅི་ཞིག་རེད་ཅེ་ན། དེའི་རྗེས་འཇུག་པ་དག་ལ་ཡང་ནམ་གསལ་བ་ལྟ་བུ་ཞིག་བཤད་རྒྱུ་མེད་པས། ཀུན་རྫོབ་ཏུ་ཡོད་པ་ལས་དོན་དམ་དུ་མེད། གཞིའི་སྟེང་ནས་བཤད་ན་སྒྱུ་རྩལ་དེ་ཉིད་དགེ་འཕེལ་སྡིག་སྦྱོང་དང་སློབ་གསོ་གཏོང་སྤྱད། བེམ་རོ་ལྟ་བུར་བལྟས་པས། བརྗོད་གཞི་དེ་ཉིད་ལས་གྲུབ་པའི་བརྩམས་ཆོས་ཀྱང་ཚིག་རྒྱན་གྱི་སྦྱོང་བརྡར་ལྟ་བུ་ལས་འདའ་མེད་པས་མཐར་ལྷུང་བའོ། ། སྙན་ངག་ག་གེ་མོར་བསམ་བློའི་བཅུད་ཀྱིས་གཏམས་ལ། དེང་རབས་ཀྱི་གནད་དོན་འཚང་འབྱིན་བྱས་པ་ཅི་འདྲའི་རྣོ་ལ་གནད་དུ་ཁེལ་ཡང་། སྙན་ངག་དམ་པའི་ཉམས་མེད་ཚེ། བསམ་བློའི་ཟེའུ་འབྲུ་གནས་ཐབས་མེད་པས་འཁྱེར་སོ་ལེགས་པོ་ཞིག་ལོག་ལམ་དུ་འཕྱན་པ་དང་གཉིས་སུ་མེད། རྩོམ་རིག་བརྩམས་ཆོས་ཀྱི་ཁྲོད་ནས་སྤྱི་ཚོགས་ཀྱི་གནད་དོན་ག་གེ་མོ་ཟུར་དུ་འདོན་པའམ་དངོས་ཡོད་སྤྱི་ཚོགས་ཀྱི་ནད་གཞི་བཅོས་ཕྱིར་རྩོམ་རིག་གི་སྒྱུ་རྩལ་གྱི་རང་བཞིན་བརླག་པ་དེའི་ཚབ་མ་ལྟ་བུར་འགྱུར་མི་རུང་བ་འདི་ནི་བྷེ་ལིན་སི་ཁིའི་སྤྱི་ཚོགས་རིག་པའི་རྩོམ་རིག་སྐྱོན་བརྗོད་ཐབས་ལ་སྦྱོང་སྐབས་གོ་བ་ལོག་མི་ཉན་པའི་གནད་གཙོ་བོ་དེའོ། ། བྷེ་ལིན་སི་ཁིའི་ལྟ་བ་འདིའི་རྒྱུན་སྐྱོང་མཁན་ནི་ཆེར་ནཱི་སི་ཁིས(Chernyshevsky)ཏེ། ཁོང་རང་དངོས་ཡོད་རིང་ལུགས་པ་ཞིག་ཡིན་པའི་ངོས་ཐད་ནས་རྩོམ་རིག་དང་སྤྱི་ཚོགས་བྱ་འགུལ་གཉིས་ཁ་སྦུབས་སུ་སྦྱོར་བའི་བསམ་བློའི་ཤེད་ཆེ། མཛེས་པ་དང་སྒྱུ་རྩལ། འཚོ་བ་གསུམ་གོང་བུ་གཅིག་ཏུ་དྲིལ་ཡོད་པའི་ངོས་ཐད་ནས་ཁོའི་ལྟ་བ་ཡང་ཕྱོགས་གསུམ་ནས་མཚོན་ཆོག་སྟེ། ༡.རྩོམ་རིག་ནི་དངོས་ཡོད་སྤྱི་ཚོགས་དང་དམ་དུ་འབྲེལ་དགོས་ཏེ། དེ་ལས་ལྡོག་ན་གསོན་ཤུགས་ཉམས་པ་ཡིན། ཁོང་གིས་མིའི་རིགས་ཀྱི་བྱ་འགུལ་ཡོད་ཚད་ཀྱིས་སྤྱི་ཚོགས་དང་འབྲེལ་ཟམ་བཙུགས་ཡོད་ཚེ་སྐྱེ་སྟོབས་ཀྱི་དཔལ་འབར་ངེས་མོད་འཚོ་བའི་ཞིང་ས་འདི་དང་ཁ་གྱེས་པ་ཡིན་ན། སྐམ་ཐན་གྱིས་གཟིར་འགྲོ་བ་མ་ཟད་ལོ་རྒྱུས་ཀྱི་དོན་སྙིང་ཡང་ཡལ་འགྲོ་ལ། སྤྱི་ཚོགས་ལ་བག་ཆགས་བཞག་མེད་པས་འཁོས་ཞན་དུ་འགྲོ་བ་ལས་མེད། སྒྱུ་རྩལ་ཡང་དེ་ལས་མ་འདས་སྟེ། གྷི་རིགས་པར་བརྐོས་རིས་ཤུགས་ཆེར་དར་དོན་ནི་ཁོ་ཚོས་མིའི་ལུས་པོའི་དབྱིབས་རིས་ལ་དད་པའི་འཚོ་བའི་རྣམ་པ་འབུར་དུ་བཏོད་པས་རེད་ལ། གྷོ་ཐེའི་ལུགས་ཀྱི་འཛུགས་སྐྲུན་དངོས་པོས་ཡིད་དབང་འཕྲོག་པའི་དབྱིབས་དང་གཟུགས་བཞེངས་སྐྲུན་བྱེད་པ་ནི་དུས་རབས་དཀྱིལ་མའི་ཁྱད་ཆོས་དང་མོས་འདུན་མཚོན་པས་རེད། དབྱི་ཐ་ལིའི་གྲུབ་མཐས"ཁྱད་མཚར་བའི་རི་མོ་སྣ་ཚོགས་བཞེངས་ཐུབ་དོན་ཡང་དུས་རབས་འདི་དང་རྒྱལ་ཁབ་འདིའི་མགྲིན་ཚབ་པ་དང་། མིའི་ལུས་པོའི་མཛེས་པར་ཞེན་པའི་གནའ་སྲོལ་དང་དུས་རབས་དཀྱིལ་མའི་འཚོལ་སྙེག་རབ་རིབ་གཉིས་འདྲེས་པའི་སྙིང་སྟོབས་དེར་ཞབས་འདེགས་ཞུས་པས་རེད"③ཟེར། ༢.རྩོམ་རིག་གིས་དངོས་ཡོད་སྤྱི་ཚོགས་ལ་ཞབས་འདེགས་ཞུ་འོས། རྩོམ་རིག་ནི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་མཁན་དང་བསམ་བློའི་དྲིལ་སྒྲོག་པ་ཡིན་པ་འདི་རྩོམ་རིག་གི་གནད་ཀྱི་རྩ་བ་ཡིན། འོན་ཀྱང་དེ་ཉིད་ལོངས་སྤྱོད་རིང་ལུགས་པའི་ལོག་ལམ་ཞིག་ཏུ་འཕྱན་པར་མི་རིགས་ཏེ། ལོངས་སྤྱོད་རིང་ལུགས་ནི་གྲངས་ལ་གྲིམ་པ། སྒེར་ལ་ཕྱོགས་ཐལ་ཆེ་བས་འཆི་བའི་ངོ་གདོང་ཞིག་དང་འདྲ། དེ་ལྟར་དུ་སྙན་ངག་ནི་འཚོ་བ་དང་འགུལ་སྐྱོད། འཐབ་རྩོད་དང་ངར་ཤུགས་ཡིན་འོས། ༣.རྩོམ་རིག་ནི་བསམ་བློའི་མགྲིན་ཚབ་པ་ལྟ་བུ་ཡིན་དགོས་ཏེ། འདི་ནི་ཁོའི་ངོ་བོའི་ཁྲོད་ཀྱི་འོས་བབ་གཏན་ཁེལ་བ་ཞིག་ཡིན་པས་གཡོལ་ཏུ་མེད། ཡང་ཅིག་ན་རྩོམ་རིག་གིས་སྤྱི་ཚོགས་སླར་མཚོན་བྱ་བ་ཁོ་ན་ཡང་མིན་པར་རང་ཉིད་ཀྱི་བསམ་བློ་དང་དུས་རབས་ཀྱི་དགོངས་དོན་དང་མཐུན་པ་ཞིག་ཡོང་དགོས། བསམ་བློ་དེ་ཡང་སྟོང་ཉིད་དང་འཆལ་འཆོལ། འཁྲལ་འཁྲུལ་གྱི་རིགས་དེ་མ་ཡིན་པར་རླབས་ཆེ་ལ་ཤུགས་དྲག་པའི་ཡར་ཐོན་གྱི་བསམ་བློ་ཞིག་སྟོན་དགོས་པར་འདོད་པ་དེ་ནི་ཁོའི་དམིགས་ས་གཙོ་བོའོ། ། དུས་རབས༡༩པའི་ཨུ་རུ་སུའི་སྤྱི་ཚོགས་སྐྱོན་བརྗོད་ཀྱི་ཐབས་ལམ་འདིའི་རྒྱུན་འཛིན་པ་ད་དུང་ཏིས་པོ་ལིས་ལོ་ཧྥུ་དང་ཧེར་ཟེར། ཐོལ་ཟི་ཏེ། ཕི་ལེ་ཧན་ནོ་བཱོ་སོགས་ཡོད།གསུམ། རྩོམ་རིག་གི་སྤྱི་ཚོགས་ཀྱི་རྟགས་མཚན་དེ་ཉིད་གཏིང་ཟབ་ཞིག་ཏུ་མཆེད་པ། སྤྱི་ཚོགས་རིག་པའི་རྩོམ་རིག་སྐྱོན་བརྗོད་ཐབས་འདི་དེང་འདིར་སྐྱོན་བརྗོད་ཐབས་ཚོགས་ཤིག་མཆིས་པའི་ནང་ཚན་ནས་འགངས་ཆེན་པོ་ཞིག་ཡིན་པར་མ་ཟད། དུས་རབས་༡༩པའི་ཁོར་ཡུག་དང་དུས་རབས། ཀུན་སྤྱོད་ཙམ་ལ་ཞེན་པའི་རྐང་ལམ་ལས་བརྒལ་ཏེ་རྩོམ་རིག་དང་སྤྱི་ཚོགས་ཀྱི་གསང་བའི་འབྲེལ་བ་ཞིག་ལ་རྟོག་འཇུག་བྱས་ཡོད། སུའུ་ལེན་དུས་སྐབས་ཀྱི་ལོའི་ནཱ་ཆར་སི་ཁིས(Lunacharsky)ནི་ཁྱད་དུ་འཕགས་པའི་སྤྱི་ཚོགས་རིག་པའི་ཐབས་ལམ་ཕྱོགས་ཀྱི་མཁས་པ་ཞིག་སྟེ། ཁོའི་དཔོན་པོའི་ཐོབ་ཐང་གིས་སྐྱོན་བརྗོད་ལ་ཡང་ཆབ་སྲིད་ཀྱི་ཚོན་རྩི་འདྲེས་ཡོད་ན་ཡང་ཁོའི་སྐྱོན་བརྗོད་ཐབས་ལམ་དུས་རབས་ཉི་ཤུ་པའི་བསམ་བློའི་མ་རྐང་དང་མི་འགལ་བ་རེད། ཁོས་མར་ཁེ་སིའི་རིང་ལུགས་ཀྱི་སྐྱོན་བརྗོད་ཐབས་ལམ་རྨང་གཞིར་ཁེན་ནས་སྤྱི་ཚོགས་ཡོངས་ཀྱི་ཁྲོད་དུ། དཔལ་འབྱོར་རྨང་གཞི་དང་སྟེང་གི་བཀོད་པའི་མཐུན་སྦྱོར་ཕྱོགས་ཀྱིས་རྩོམ་རིག་སྣང་ཚུལ་ལ་མཐོང་ཆེན་བྱེད་དགོས་པར་འདོད། དུས་རབས་ཉི་ཤུ་པའི་དུས་མགོར། ཨུ་རུ་སུར་འཕྲུལ་ཆས་ཀྱི་ལུགས་དང་རྐྱ་གཅིག་ཁོ་ནར་གྱུར་པ། ཡང་ན་ཆབ་སྲིད་དང་དཔལ་འབྱོལ་སོགས་ཚད་ཤིང་བྱས་ཏེ་རྩོམ་རིག་གི་གོང་ཐང་གཞལ་བའི་སྐྱོན་བརྗོད་ཐབས་ཤིག་ཤེད་ཆེན་པོས་དར་གྱིན་འདུག་ན་ཡང་། ལོའི་ནཱ་ཆར་སི་ཁིས་ཀྱིས་འདི་ལ་དགག་པ་ཚ་བོ་རྒྱག་དོན་ནི། སྤྱི་ཚོགས་རིག་པའི་སྐྱོན་བརྗོད་ཐབས་ནི་སྤྱི་ཚོགས་རིག་པའི་རྨང་གཞིའི་སྟེང་ནས་རྩོམ་རིག་གི་ཆོས་ཉིད་གཅིག་ཏུ་བསྡོམས་པ་ཞིག་ལས། སྤྱི་ཚོགས་ཀྱི་འགྲོ་ཕྱོས་ཏེ་རྩོམ་རིག་གི་སྟེང་ཁ་སྦུབས་སུ་སྦྱར་བ་ལྟ་བུ་ཞིག་མིན། རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཀྱི་འབྲེལ་བ་ནི་རྙོག་འཛིང་ཆེ་བའི"སྤྱི་ཚོགས་ཀྱི་གྲལ་རིམ་སྒྲིག་གཞི"ཞིག་ལ་བརྟེན་ནས་བྱུང་བའི་གྲལ་རིམ་བསམ་བློ་ཞིག་ཡིན་ལ། ། སྒྱུ་རྩལ་གྱི་མཚོན་ཐབས་ཀྱང་རྙོག་འཛིང་གི་འབྲེལ་བ་འདི་དག་དང་ཕོན་ཆེ་བའི་འབྲེལ་བའི་སྒྲིག་གཞི་ཞིག་གིས་བསྡེབས་ཡོད་དེ། "བརྩམས་ཆོས་ག་གེ་མོའི་རྣམ་པ་ཡང་ནང་དོན་གྱིས་ཐག་བཅད་པ་མ་ཡིན་པར་བསམ་བློ་དང་སྐད་ཆའི་གྲལ་རིམ་གྱི་སེམས་ཁམས། འཚོ་བའི་རྣམ་སྟངས། སྤྱི་ཚོགས་གང་གི་དངོས་པོ་དང་རིག་གནས་ཀྱི་ཆུ་ཚད། མཐའ་འཁོར་གྱི་ཤུགས་རྐྱེན། སྔར་གྱི་ནར་མའི་འཚོ་བ་དང་མ་འོངས་པའི་དམིགས་འདུན་གསར་པ་སོགས་ཕྱིའི་རྐྱེན་འདི་ཡོད་ཚད་ཀྱིས་ཤུགས་རྐྱེན། སྡར་གྱི་ནར་མའི་འཚོ་བ་དང་མ་འོངས་པའི་དམིགས་འདུན་གསར་པ་སོགས་ཕྱིའི་རྐྱེན་འདི་ཡོད་ཚད་ཀྱིས་ཤུགས་རྐྱེན་ཐེབས་ངེས། རྣམ་པ་ཡང་བརྩམས་ཆོས་དང་ལྷན་དུ་བསྡེབས་པ་ཞིག་མ་ཡིན་པར་དུས་རབས་ཡོངས་དང་གྲུབ་མཐའ་ཡོངས་དང་ལྷན་དུ་བསྡེབས་ཡོད་པ་ཞིག་ཡིན"④པས། བསམ་བློ་དང་སྐད་ཆ་སོགས་ཀྱི་འབྲེལ་ལམ་རྙོག་འཛིང་ལྡན་པ་འདིས་སྒྲིག་གཞི་འདི་དང་འབྲེལ་ལམ་མི་འདྲ་བ་མང་པོ་བརྒྱུད་དེ་ད་བཟོད་སྒྱུ་རྩལ་གྱི་མཚོན་ཐབས་ཆོས་ཉིད་ཕྱིར་སྟོན་ཐུབ་པར་བསམ། དུས་རབས༢༠པའི་ནང་། སྤྱི་ཚོགས་རིག་པའི་རྩོམ་རིག་སྐྱོན་བརྗོད་ཐབས་སྐས་རིམ་གསར་པ་ཞིག་ཏུ་འདེད་མཁན་ནི་ཧང་ག་རིའི་ལུའུ་ཁཱ་ཆི་ཡིན། ཁོ་ནི་ཧེ་གེར་གྱི་མཚན་ཉིད་རིག་པའི་ལྟ་བ་ལག་ཏུ་འཁྱེར་མཁན་ཞིག་སྟེ། ཧེ་གེར་གྱི"ལྟོས་མེད་རྟོག་པ"བཞིན་འཇིག་རྟེན་སྟེང་གཅིག་མཐུན་གྱི"སྤྱིའི་རང་བཞིན"ཞིག་གནས་པར་འདོད་པ་ལྟར། སྒྱུ་རྩལ་བརྩམས་ཆོས་ནི་ནར་མའི་འཚོ་བའི་ཁྲོད་ཀྱི་ཉམས་མྱོང་དག་གཅིག་ཏུ་དྲིལ་བའི་སྤྱིའི་རང་བཞིན་གྱི་གནས་པ་ཞིག་ཡིན་པར་འདོད། མི་ཚོས་དངོས་ཡོད་འཚོ་བའི་ཁྲོད་ནས་ཚུར་བླངས་པ་ནི་ཕྱོགས་རེ་བ་དང་གསོག་གསོབ་ཀྱི་བརྡ་དོན་ཞིག་སྟེ། སྒྱུ་རྩལ་བརྩམས་ཆོས་ཀྱིས་དངོས་ཡོད་འཚོ་བ"ཕྱིར་མཚོན"ཏེ། "ཡང་བསྐྱར་ཉམས་སུ་བླངས"རྗེས་འཇིག་རྟེན་གྱི་སྤྱིའི་རང་བཞིན་ཞིག་མཚོན་བཞིན་པར་འདོད། གོ་བསྐོན་བློ་འགུག་གི་སྒྱུ་རྩལ་བརྩམས་ཆོས་ཤིག་གིས་བསྐྲུན་པ་ཡང"རང་ཉིད་ཀྱི་འཇིག་རྟེན"ཞིག་ཡིན་པས། མི་སྣ་དང་ཕྱིའི་བཀོད་པ། འགུལ་སྐྱོད་ཡོད་ཚད་ལ་རང་གི་ཁྱད་ཆོས་ཀྱིས་ཕྱུག་པས་རྒྱུན་ལྡན་གྱི་མཐོང་ཆོས་སུ་གྱུར་པ་དང་ཡང་མི་མཚུངས། རླབས་ཆེ་བའི་རྩོམ་པ་པོ་ཞིག་ཡིན་ན་གསར་རྩོམ་གྱི་བར་གླགས་ཀུན་ན་བརྩམས་ཆོས་ཀྱི་ངོས་སྣ་ཚོགས་འདུས་ཡོད་པས། བརྩམས་སྒྲུང་གི་འཇིག་རྟེན་ཡང་ཞིབ་ཕྲའི་ཆོས་རེ་རེའི་རྐྱེན་པས་དོན་གྱི་ཕུགས་རིང་བ་ཞིག་ཏུ་གྱུར་ཡོད། འོན་ཀྱང་འདིས་སྒྱུ་རྩལ་ནི་དངོས་ཡོད་ལས་ཡན་གར་དུ་ཡོད་པ་མི་སྟོན་པར་མ་ཟད། "སྒྱུ་རྩལ་བརྩམས་ཆོས་ཀྱིས་འཐུས་ཤོར་དང་ཆད་ལྷག་མེད་པར་འཚོ་བའི་ཁྱབ་ཁོངས་ཁྲོད་ཀྱི་རྒྱུ་ཡོད་ཚད་ཕྱིར་མཚོན་ཏེ། ཕྱི་ནང་གང་ཐད་ནས་ཀྱང་ཡིད་ལ་ངེས་ཐུབ་པ། ཉམས་སུ་བླངས་ཆོག་པ་ཞིག་ཏུ་བཅོས་ནས་སྤྱིའི་འཚོ་བ་མཚོན་ཐུབ་པ་ཞིག་ཏུ་གཏོང་དགོས།"⑤འོ་ན་སྒྱུ་རྩལ་གྱིས་དངོས་ཡོད་ཇི་ལྟར་དུ་མཚོན་ཏེ་སྤྱི་པའི་འཇིག་རྟེན་གསར་དུ་བཏོད་དགོས་ཤེ་ན། ལུའུ་ཁཱ་ཆི་ལྟར་ན་སྒྱུ་རྩལ་ནི་དངོས་ཡོད་ཀྱི་སྐབས་འཕྲལ་འདུས་སྡོད་ཅིག་སྟེ། དངོས་ཡོད་ཀྱི་ཕྱོགས་རེ་བའི་ཆ་དང་གསོག་གསོབ་ཀྱི་ཆ་དག་གིས་སླར་ཡང་དངོས་ཡོད་དང་འབྲེལ་ཟམ་བཙུགས་རྗེས་ཀུན་ཁྱབ་རང་བཞིན་གྱི་དོན་སྙིང་བཙལ་དགོས་པར་འདོད། སྒྱུ་རྩལ་བརྩམས་ཆོས་ཀྱིས་སྤྱི་ཚོགས་ཡོངས་མཚོན་པའམ་མི་སྒེར་གྱི་བྱ་བ་ཙག་ཙིག་མཚོན་པ་གང་ཡིན་ཡང་ཕ་རོལ་པོའི་ནང་སྙིང་འབྲུ་བ་དམིགས་ཡུལ་ཡིན་ཏེ། དངོས་ཡོད་དང་རྟོག་བཏགས་བར་གྱི་མཐུན་བསྡེབས་གཙོར་བྱས་པ་ཡིན། ལོའི་ནཱ་ཆར་སི་ཁིས་ཀྱི་སྐད་ཆ་འདི་དག་ལ་གཞིགས་ན། ཁོའི་སྤྱི་ཚོགས་རིག་པའི་རྩོམ་རིག་སྐྱོན་བརྗོད་ཐབས་ཀྱང་སྒྱུ་རྩལ་དང་དངོས་ཡོད་བར་གྱི་རྐྱ་འཐབ་པའི་འབྲེལ་བ་ལས་ལོག་སྟེ་འདུ་ཤེས་འཛིན་སྟངས་ཀྱི་དགག་སྒྲུབ་ཅིག་ཏུ་ཕྱོགས་པ་ཤེས་ཡོང་ལ། སྒྱུ་རྩལ་བརྩམས་ཆོས་ཀྱི་དགག་སྒྲུབ་ཀྱང་ནང་དོན་གྱི་ཁྱབ་ཁོངས་ལས་བདའ་སྟེ་དངོས་ཡོད་ཀྱི་སྤྱི་པའི་དགག་སྒྲུབ་ཅིག་ཏུ་འཕོས་འདུག་པ་གསལ་ལོ། །   

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག