སློབ་ཆུང་གི་དུས་སྐབས་ནི་བྱིས་པ་ནར་སོན་པའི་ལོ་ཟླའི་ནང་གི་བརྒྱུད་རིམ་གལ་ཆེན་ཞིག་ཡིན། ལོ་ན་དྲུག་ནས་བཅུ་གཉིས་བར་དུ་སློབ་སྦྱོང་བྱེད་པ་ལས་གཞན་ད་དུང་དོན་དག་གལ་ཆེན་གང་དག་ཡོད་དམ་ཞེ་ན།

    གཅིག བྱིས་པ་དང་ལེན་བྱེད་པའི་ཁོར་ཡུག་ཅིག་དགོས་པ།

    སེམས་ཀྱི་དགོས་མཁོར་གཞིགས་ནས་བཤད་ན། སེམས་ལ་བདེ་འཇགས་ཀྱི་སྣང་བ་དང་རང་ཉིད་ཡུལ་གང་དེར་གཏོགས་པར་བློ་འཁེལ་ཆོག་པར་སྙམ་པའི་སྣང་བ་དེ་རིགས་ནི་སྐབས་དེ་དུས་ཀྱི་བྱིས་པར་ཆེས་མཁོ་ཞིང་ཆེས་གལ་ཆེན་པོ་ཡིན།

    བྱིས་པ་དང་ལེན་བྱེད་པའི་ཁོར་ཡུག་ཅིག་ཡོད་ཚེ། ཁོ་ཚོར་རང་ཉིད་ལ་ཀུན་གྱིས་དགའ་བསུ་དང་དང་ལེན། ངོས་ལེན་བྱེད་ཀྱིན་ཡོད་སྙམ་པའི་ཚོར་བ་སྟེར་ལ། ཚོར་བ་དེས་ཁོ་ཚོའི་བདེ་འཇགས་ཀྱི་སྣང་བ་ཡང་ཇེ་བརྟན་དུ་གཏང་ཞིང་། ཁོ་ཚོར་རང་ཉིད་ཡུལ་གང་དེར་གཏོགས་སྙམ་པའི་སྣང་བ་སྐྱེ་བར་བྱེད།

    འོན་ཀྱང་། ཁོར་ཡུག་དེ་འདྲ་ནི་ཐོག་མར་ཁྱིམ་ཚང་གིས་སྟེར་དགོས་ཏེ། བྱིས་པར་མཚོན་ན་ཁྱིམ་ཚང་གིས་དང་ལེན་བྱེད་པ་ནི་ཆེས་དགོས་མཁོ་ཆེ་བ་དེ་ཡིན་ལ། དེ་ནས་ད་གཟོད་ཕྱིའི་སློབ་གྲྭ་དང་འཛིན་གྲྭ་སོགས་ཚོགས་སྤྱི་གང་རུང་གིས་དང་ལེན་བྱ་རྒྱུ་གལ་ཆེ།

    གཉིས། རང་ཉིད་ལ་གཏོགས་པའི་སློབ་གྲྭ་མ་ཡིན་པའི་ཚོགས་པ་ཞིག་དགོས་པ།

    སློབ་གྲྭ་མ་ཡིན་པའི་ཚོགས་པ་ཞིག་དགོས་དོན་ཅི་ཡིན་ཞེ་ན། དེ་ལ་རྒྱུ་རྐྱེན་གལ་ཆེན་ཞིག་ཡོད་དེ། སློབ་གྲྭའི་གདེང་འཇོག་གི་ཚད་གཞི་ནི་སྣ་རྐྱང་བའི་ཚད་གཞི་ཞིག་ཡིན་པས་སོ༎

    སློབ་གྲྭ་མ་ཡིན་པའི་ཚོགས་པའི་གདེང་འཇོག་ཚད་གཞི་ནི་སློབ་གྲྭའི་གདེང་འཇོག་ཚད་གཞི་དང་འདྲ་མི་སྲིད། གལ་སྲིད་བྱིས་པ་ཞིག་གི་སྦྱངས་འབྲས་དེ་འདྲ་མི་བཟང་ན་ཡང་ཁོའི་མཉམ་འབྲེལ་བྱེད་པའི་ནུས་པ་ཧ་ཅང་ཆེ་ན། བྱིས་པ་དེ་ལ་ཚོགས་པ་གང་དེའི་ནང་ནས་ཀུན་གྱིས་ཁས་ལེན་ཐོབ་ངེས།

    དེ་མིན་རང་ཉིད་ལ་གཏོགས་པའི་སློབ་གྲྭ་མ་ཡིན་པའི་ཚོགས་པ་ཞིག་ཡོད་ཚེ། བྱིས་པར་གདེང་འཇོག་གི་ཚད་གཞི་སྣ་རྐྱང་བ་ཞིག་ལས་མེད་པའི་ཁོར་ཡུག་ཏུ་འཚར་ལོངས་འབྱུང་བའི་གནས་ཚུལ་དེ་ཟློག་ནུས་ལ། བྱིས་པ་རང་གིས་ཀྱང་རང་སྟེང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ངོས་ཟིན་པར་གྲོགས་བྱེད་ནུས།

    གསུམ། དྲན་ཚུལ་གང་འདོད་དུ་བརྗོད་ཆོག་པའི་ཁོར་ཡུག་ཅིག་དགོས་པ།

    ལོ་ན་ཆེར་སོན་པ་དང་བསྟུན་ནས། བྱིས་པའི་སེམས་ཀྱི་གསང་བ་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ། ཁོ་ཚོས་ཕ་མ་རྣམས་ཀྱི་རེ་འདོད་གསལ་བོ་ཤེས་པས་སེམས་ཀྱི་སྐད་ཆ་མང་པོ་ཞིག་ཕ་མ་ལ་མི་བཤད། དེ་བས་ཁོ་ཚོར་དྲན་ཚུལ་གང་འདོད་བརྗོད་ཆོག་པའི་ཁོར་ཡུག་ཅིག་ཤིན་ཏུ་མཁོ་སྟེ། དེ་འདྲ་ཡོད་ཚེ་ཁོ་ཚོས་སེམས་གཏམ་ཅི་རིགས་བརྗོད་ཆོག་ལ། ལྷག་ཏུ་ཕ་མས་སྐྱོན་དུ་ལྟ་བའི་རང་སེམས་ཀྱི་དྲན་ཚུལ་རྣམས་བརྗོད་པར་བྱེད། དེ་འདྲའི་ཁོར་ཡུག་ཅིག་ཡོད་ཚེ། བྱིས་པའི་སྒེར་ཚུགས་ཀྱིས་བསམ་གཞིག་གཏོང་བའི་ནུས་པ་དང་འབྲེལ་འདྲིས་དང་སྨྲ་བརྗོད་ཀྱི་ནུས་པ་ཇེ་མཐོར་གཏོང་བར་གྲོགས་བྱེད་ནུས།

    ཁོར་ཡུག་དེ་འདྲ་ཁྱིམ་ཚང་ནས་ཆགས་དཀའ་ན་ཡང་ཐང་སྟེ། རྒྱུ་མཚན་ནི་བྱིས་པ་ཚོས་ཕ་མས་རང་ལ་ཇི་ལྟར་ལྟ་བ་དང་ཡང་ན་ཕ་མའི་སེམས་ནང་དུ་རང་ཉིད་ཅི་འདྲ་ཞིག་ཡིན་པར་དང་དོད་ཆེན་པོ་བྱེད་པས་ཡིན།

    བཞི། རང་ཉིད་ཀྱི་བསམ་བློའི་མཛུབ་སྟོན་དགེ་རྒན་ཞིག་དགོས་པ།

    བྱིས་པ་ལོ་དྲུག་ནས་བཅུ་གཉིས་ཀྱི་བར་དང་། ལྷག་པར་ལོ་བཅུའི་རྗེས་ནས། ཁོ་ལ་བསམ་བློའི་སྟེང་གི་སྣེ་ཁྲིད་པ་ཞིག་དགོས།

    བྱིས་པ་ནར་སོན་པའི་གོ་རིམ་ཁྲོད་ཀྱི་འགྲོ་རོགས་འདུག་རོགས་ཉན་པ་ཞིག་དང་། བྱིས་པ་དང་མཉམ་དུ་མ་འོངས་པའི་མི་ཚེ་གླེང་ཞིང་། རང་ཉིད་ལ་ཅི་ཞིག་མཁོ་བ་དང་ཅིའི་ཕྱིར་མཁོ་བ། ཇི་ལྟར་འཐོབ་པ་སོགས་ཀྱི་གནད་དོན་ཐད་ནས་བྱིས་པར་གྲོས་གཞི་དང་གསལ་འདེབས་བྱེད་མཁན་ཞིག་དགོས།

    མཛུབ་སྟོན་དགེ་རྒན་དེ་ཕ་མ་དང་ཡང་ན་དགེ་རྒན་གང་རུང་ཡིན་ཆོག་ལ། ཡང་ན་ཁྱིམ་ཚང་ནང་གི་ཁྱིམ་མི་ཞིག་དང་ཆེད་ལས་མི་སྣ་གང་རུང་ཡིན་ཡང་ཆོག

    ལྔ། རང་ཉིད་ཀྱི་བསམ་ཚུལ་བརྗོད་པའི་གོམས་སྲོལ་ཆགས་དགོས་པ།

    ཕ་མས་བྱིས་པ་ལ་རང་ཉིད་ཀྱི་བསམ་ཚུལ་བརྗོད་པའི་གོམས་སྲོལ་ཞིག་ཆགས་པར་རམ་འདེགས་བྱེད་དགོས། བྱིས་པས་ཅིའི་ཕྱིར་ཞེས་རྒྱུ་མཚན་འདྲི་དུས་ལན་འདེབས་པ་དང་། ཡང་ན་རྒྱུན་དུ་བྱིས་པ་ལ་ཅིའི་ཕྱིར་ཞེས་རྒྱུ་མཚན་དྲིས་ཀྱང་ཆོག དེ་ལྟར་བྱས་པས་ང་ཚོས་བྱིས་པས་ཐག་གཅོད་ཅི་འདྲ་ཞིག་བྱས་ཀྱང་དེ་ལྟར་བྱེད་པའི་རྒྱུ་རྐྱེན་ཤེས་ཐུབ་ལ། ཐ་ན་ཁོ་དང་མཉམ་དུ་གནད་དོན་ཐག་གཅོད་ཐབས་སྔར་ལས་ལེགས་པོ་ཞིག་ཀྱང་འཚོལ་ཐུབ།

    དྲུག རྒྱུན་ཆད་མེད་པར་རང་ཉིད་ལ་འཚོལ་རྟོག་བྱེད་པའི་ཉམས་མྱོང་དགོས་པ།

    ང་ཚོས་མི་ཚེ་གང་བོར་འཚོལ་རྟོགས་བྱེད་ཀྱིན་པའི་གནད་དོན་ནི་ང་སུ་རེད་ཅེས་པ་དང་། ང་ལ་དགོས་པ་དེ་ཅི་ཞིག་རེད། ང་རང་དགའ་བ་དེ་གང་རེད་ཅེས་པ་སོགས་ཡིན།

    ང་ཚོས་ཤེས་ཐུབ་པ་ནི་རང་སེམས་ཀྱི་བདེ་སྣང་ལ་དང་དོད་ཆེ་བའི་མིས་རང་སེམས་ཀྱིས་མི་འདོད་ཀྱང་གཞན་གྱིས་བཙན་དབང་གིས་རང་སྟེང་ལ་བཀལ་བའི་བྱ་དངོས་ལ་རེ་སྙེག་མི་བྱེད་པ་དེ་རེད།

    རང་ཉིད་མཁོ་བ་དེ་ཅི་ཡིན་མི་ཤེས་དུས་མི་དེ་ཡང་མགོ་འཐོམ་པར་འགྱུར་ལ། ལྷག་པར་གཞོན་ནུའི་སྐབས་སུ་མགོ་འཐོམ་སླ་བ་དང་། རང་ཉིད་ཀྱི་བྱ་སྤྱོད་ལ་ཡང་གནད་དོན་སྣ་ཚོགས་འབྱུང་ངེས།

    དེས་ན་ཕ་མས་ཇི་ལྟར་བྱེད་དམ། བྱེད་ཐབས་ཆེས་ལེགས་ཤོས་ནི་ཅིའི་ཕྱིར་ཞེས་རྒྱུ་མཚན་འདྲི་བ་དེ་ཡིན། དྲི་བ་སྣ་ཚོགས་ཤིག་འདོན་པ་དང་དེ་ལ་བསམ་གཞིག་ཡང་ཡང་གཏོང་དུ་བཅུག་སྟེ། བྱིས་པའི་རང་ཉིད་ལ་འཚོལ་རྟོགས་ཡང་ཡང་བྱེད་པའི་སེམས་ཀྱི་དགོས་མཁོ་དེ་སྐོང་བར་བྱེད་དགོས།

    མིའི་ཆེས་ཆེ་བའི་བདེ་སྐྱིད་ནི་རང་ཉིད་ལ་མཁོ་བ་དེ་ཅི་ཡིན་པ་ཤེས་རྒྱུ་དང་། དེ་ནས་དགོས་འདོད་དེ་མངོན་འགྱུར་གཏོང་ཐུབ་པར་བྱེད་པ་དེ་ཡིན།

    བདུན། དཔེ་ཆ་མཐུག་པོ་ཀློག་ཚར་བའི་ཉམས་མྱོང་དགོས་པ།

    དཔེ་ཀློག་གི་ཐད་ནས། བྱིས་པ་ཆུང་དུས་ནས་དེ་ལ་གོམས་པར་བྱེད་དགོས། ལོ་རིམ་ལྔ་པ་དང་དྲུག་པར་བསླེབས་པ་དང་། ལྷག་པར་དུ་ལོ་རིམ་དྲུག་པའི་ཡན་ལ་བུད་ཚེ། ཁོ་ཚོར་རང་གིས་དཔེ་ཆ་མཐུག་པོ་ཞིག་ཀློག་ཚར་བའི་ཉམས་མྱོང་དེ་འདྲ་ཞིག་དགོས།

    གཅིག་ནས་ཁོའི་ཀློག་འདོན་གྱི་ནུས་པ་དཔེ་ཆ་མཐུག་པོ་ཞིག་ཀློག་ཚར་བའི་ཚད་དུ་བསླེབས་ཡོད་པ་མཚོན་ལ། གཉིས་ནས་ཁོའི་ཀླད་པའི་ནུས་ཤུགས་ཚད་ངེས་ཅན་ཞིག་ལ་ཐོན་ཡོད་པས། སྔར་ལས་ལེགས་པར་སློབ་སྦྱོང་ལ་ཞུགས་ཆོག་པ་སྟེ། སེམས་རྣལ་ལ་ཕབ་ནས་སློབ་སྦྱོང་བྱེད་ཐུབ་པ་མཚོན། གསུམ་ནས་ཁོས་དཔེ་ཀློག་གི་བྱ་བ་དུས་ཡུན་རིང་པོ་ཞིག་ལ་རྒྱུན་འཁྱོངས་བྱེད་ཐུབ་པ་མཚོན།

    དེ་བས་བྱིས་པར་དུས་ཡུན་ངེས་ཅན་ལ་དཔེ་ཀློག་གི་རྒྱུན་སྐྱོང་བའི་ཉམས་མྱོང་འཛོམས་ན། དེ་ནི་བྱིས་པར་མཚོན་ན་རིན་ཐང་ལྡན་པ་ཞིག་ཡིན།

    བརྒྱད། འཆར་གཞི་འགོད་པ་དང་འཆར་གཞི་འགྲུབ་པར་བྱེད་པའི་ཉམས་མྱོང་དགོས་པ།

    བྱིས་པ་ལོ་དགུ་ཡས་མས་སུ་བུད་པ་ནས། བྱིས་པ་རྣམས་ལ་རང་གི་འཆར་གཞི་བཟོ་བ་དང་འཆར་གཞི་དེ་འགྲུབ་པར་བྱེད་པའི་ཉམས་མྱོང་ལྡན་དགོས།

    བྱིས་པར་མཚོན་ན། ཆེས་རིན་ཐང་ཆེ་བ་ནི་འཆར་གཞི་བཟོ་བའི་སྐབས་ཡིན། དེ་ལས་ཁོ་ཚོའི་སློབ་སྦྱོང་གི་ནུས་པ་ཇེ་མཐོར་གཏོང་ཐུབ། ཁོ་ཚོས་ཐབས་བཀོད་པ་སྣ་ཚོགས་འཐེན་སྲིད་ལ། དེ་ལ་བརྟེན་ནས་ཁོ་ཚོ་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་གྱི་སྤྲོ་བའང་འཕེལ་སྲིད།

    འཆར་གཞི་འགྲུབ་པར་བྱེད་པའི་གོ་རིམ་ལས། ཕ་མས་བྱིས་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་ཆོག་སྟེ། ཁོ་ཚོས་རང་ཉིད་ལ་རྒྱུས་ལོན་བྱེད་ཐུབ་ཀྱིན་ཡོད་མེད་ལྟ་བུར་བརྟགས་ནས། ཁོ་ཚོ་ནར་སོན་པའི་གོ་རིམ་ཁྲོད་དུ་རོགས་རམ་ཅི་འདྲ་སྤྲད་ན་ལེགས་མིན་ཤེས་ཐུབ།

    དགུ། རང་བྱུང་ཁམས་དང་ཉེ་བར་བཅར་བའི་ཉམས་མྱོང་དགོས་པ།

    མི་ལ་རང་བྱུང་ཁམས་དང་འབྲེལ་བ་ཟབ་པའི་ཉམས་མྱོང་དགོས། འོན་ཀྱང་ད་ལྟའི་འཚོ་བའི་ནང་དུ་མི་དང་རང་བྱུང་ཁམས་ཀྱི་བར་ཐག་ཇེ་རིང་དུ་བཏང་ཡོད། མི་ལ་མཚོན་ན། རང་བྱུང་ཁམས་དང་ཉེ་བར་བཅར་བར་དགོས་གལ་ཤིན་ཏུ་ཆེ། དེ་ལས་གཅིག་ནས་བྱིས་པའི་ཚོར་རྟོགས་ཀྱི་ནུས་པ་བསྐྱེད་ཐུབ་སྟེ། རང་བྱུང་ཁམས་ཆེན་མོའི་འཚར་སྐྱེ་དང་འགྱུར་ལྡོག་སོགས་ཚོར་རྟོགས་བྱེད་ཐུབ་ལ། གཉིས་ནས་བྱིས་པ་ལ་འགན་ཁུར་གྱི་འདུ་ཤེས་བསྐྱེད། སྲོག་ཆགས་དང་རྩི་ཤིང་ལ་བཅངས་དགོས་པའི་འགན་ཁུར་གྱི་འདུ་ཤེས་ཀྱང་དེར་འདུ།

    བྱིས་པས་མིའི་རིགས་ཀྱིས་རང་བྱུང་ཁམས་ཆེན་མོར་འགན་འཁུར་དགོས་པའི་གནད་དེ་ཤེས་དགོས།(འཕྲོ་མ་པར་ངོས18པར་གཟིགས།)

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས17པ།2015·03·20།   

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག