(པར་ངོས17པར་མཐུད་པ།)བཅུ། རང་ཉིད་དགའ་བའི་ལུས་རྩལ་གྱི་རྣམ་གྲངས་ཤིག་དགོས་པ།

    ལུས་རྩལ་དང་སྒྱུ་རྩལ་ནི་མིའི་རིགས་ཀྱི་སེམས་ཁོང་ནས་ཐོན་པའི་བརྩེ་དུང་ཞིག་ཡིན་ལ། མིའི་སེམས་ནང་གི་འགྱུ་བ་སྟོན་པའི་བྱེད་ཐབས་ཤིག་ཀྱང་ཡིན། ལུས་རྩལ་ལས་ད་དུང་ཕ་མ་དང་བྱིས་པའི་བར་དུ་སློབ་སྦྱོང་ལས་གཞན་པའི་གླེང་བྱའང་བསྐྲུན་ཐུབ་ལ། ཕ་བུའམ་མ་བུའི་བར་གྱི་འབྲེལ་བ་དང་བརྗེ་རེས་ཀྱང་ཇེ་ཟབ་ཏུ་གཏོང་ཐུབ་པས། ལུས་རྩལ་ནི་སྤྲོ་བའི་འབྱུང་ཁུངས་ཤིག་ཡིན་ཞེས་ཀྱང་བརྗོད་ཆོག བྱིས་པའི་འཚར་ལོངས་ལ་མཚོན་ན་དགའ་ཕྱོགས་འདིར་ནང་དོན་རིགས་གཉིས་ཡོད་དེ།

    གཅིག་ནི་བྱིས་པ་ལ་རང་ཉིད་བལྟ་བར་དགའ་བའི་ལུས་རྩལ་གྱི་རྣམ་གྲངས་ཤིག་དགོས། དེ་བསྒྲུབ་མ་ནུས་ཀྱང་ཆོག

    འཇིག་རྟེན་འདིའི་སྟེང་ན་འགྲོ་སྒོ་མེད་པར་རང་སེམས་སྤྲོ་བར་བྱེད་པ་ཞིག་ཡོད་པ་ནི་ལུས་རྩལ་ཡིན། ཨོ་རྩལ་འགྲན་ཚོགས་དང་ཡ་གླིང་ལུས་རྩལ་འགྲན་ཚོགས་སོགས་འགྲན་ཚོགས་གང་ཞིག་ཡིན་ཡང་། འགྲན་སྡུར་ལ་བལྟ་བའི་སྐབས་སུ་ཁྱོད་ལ་བསམ་པའི་སྟེང་ནས་ལོངས་སྤྱོད་རྫོགས་མེད་ཅིག་སྦྱིན་ངེས་ལ། འཚོ་བ་ལ་བཅངས་པའི་འདུན་པའང་བསྐྱེད་ཐུབ། འོན་ཀྱང་དགའ་ཕྱོགས་དེ་འདྲ་ནི་ཆུང་དུས་ནས་གསོ་སྐྱོང་བྱས་པ་ཡིན་པས།དགའ་ཕྱོགས་དེ་འདྲ་ཐོག་མར་ཕ་མས་གསོ་སྐྱོང་བྱེད་དགོས།

    གཉིས་ནི་བྱིས་པ་ལ་རྒྱུན་འཁྱོངས་བྱེད་པའི་ལུས་རྩལ་གྱི་རྣམ་གྲངས་ཤིག་དགོས།

    རྒྱུན་འཁྱོངས་ནི་ལུས་རྩལ་གྱི་སྙིང་སྟོབས་ཤིག་ཡིན་ལ།རྒྱུན་འཁྱོངས་བྱེད་པའི་ལུས་རྩལ་གྱི་རྣམ་གྲངས་དེ་ནི་འབྲེལ་འདྲིས་བྱེད་ཐབས་ཤིག་ཀྱང་ཡིན། ལུས་རྩལ་བརྒྱུད་ནས་ཁྱོད་ཀྱིས་དགའ་ཕྱོགས་གཅིག་པའི་གྲོགས་པོ་མང་པོ་ཞིག་ངོ་ཤེས་ཐུབ་ལ། ཚང་མ་མཉམ་དུ་རོལ་རྩེད་ལ་ཞུགས་ན་བྱིས་པའི་འབྲེལ་འདྲིས་ཀྱི་རྒྱ་ཡང་བསྐྱེད་ཐུབ།

    དེ་བས་བྱིས་པ་ལ་རང་ཉིད་དགའ་བའམ་ཡང་ན་རྒྱུན་འཁྱོངས་བྱེད་ཐུབ་པའི་ལུས་རྩལ་གྱི་རྣམ་གྲངས་ཤིག་ལྡན་པར་བྱེད་ན། ལོ་དྲུག་ནས་བཅུ་གཉིས་ཀྱི་བར་དུ་གསོ་སྐྱོང་བྱས་ན་ལེགས།

    བཅུ་གཅིག དུས་ངེས་ཅན་དུ་ཞུགས་དགོས་པའི་བྱ་འགུལ་ཞིག་དགོས་པ།

    རང་ཉིད་དུས་ངེས་ཅན་དུ་ཞུགས་སའི་བྱ་འགུལ་ཞིག་ཡོད་ན། ཁྱིམ་ཚང་རེ་ནས་རང་ཉིད་ཀྱི་རིག་གནས་བསྐྲུན་པར་རམ་འདེགས་བྱེད་ཐུབ།

    བྱིས་པར་མཚོན་ན་ལོ་རེར་དུས་ངེས་ཅན་དུ་བྱ་འགུལ་ལ་ཞུགས་ན། དེ་ནི་ཁྱིམ་ཚང་དེའི་རིག་གནས་ཤིག་ཏུ་འགྱུར་ཏེ། དཔེར་ན་གནས་སྐོར་དང་བྱ་འགུལ། འགྲན་སྡུརསོགས་ལ་ཞུགས་པ་ནི་ཁྱིམ་ཚང་ཞིག་ལ་མཚོན་ན་ཧ་ཅང་གལ་ཆེ།

    སློབ་ཆུང་གི་དུས་སྐབས་ནི་དེ་འདྲ་གལ་ཆེ་བ་རེད་ཟེར་དོན་ཅི་ཡིན་ཞེ་ན། རྒྱུ་མཚན་ནི་བྱིས་པས་སློབ་ཆུང་གི་ལོ་ངོ་དྲུག་བསྐྱལ་ཚར་དུས་གཞོན་ནུའི་དུས་སྐབས་སུ་བསླེབས་ཟིན་པས། བྱིས་པ་ལ་ཆུང་དུས་ནས་སློབ་སྦྱོང་ལས་གཞན་པའི་གླེང་བྱ་དང་དུས་ངེས་ཅན་དུ་ཞུགས་སའི་བྱ་འགུལ་ཞིག་ཡོད་པ་དེ་ནི་གཞོན་ནུའི་དུས་སྐབས་སུ་ཕ་མ་དང་འབྲེལ་བ་མི་བཟང་བའི་རྣམ་པ་བསྒྱུར་བར་ཧ་ཅང་ཕན།

    དེ་བས་དུས་ངེས་ཅན་དུ་ཞུགས་སའི་བྱ་འགུལ་ཞིག་ཡོད་ན་དེ་ནི་ཁྱིམ་ཚང་གི་རིག་གནས་སུ་འགྱུར་ལ། བྱིས་པས་ཀྱང་འཚོ་བའི་ཁྲོད་ན་སློབ་སྦྱོང་ལས་མེད་པ་མིན་པའི་གནད་དེ་ཡང་ཤེས་ཐུབ།

    བཅུ་གཉིས། རང་ཉིད་ཀྱིས་ཉར་ཚགས་བྱེད་པའི་དངོས་པོ་དགོས་པ།

    ཁྱོད་ཀྱིས་འབར་ཞུན་གྱི་སྒམ་ཆུང་དང་། དུ་སྒམ། རོལ་རྩེད་བྱང་བུ། ཡང་ན་ཁྱེའུ་པཱ་པེ་སོགས་ཅི་ཞིག་ཉར་ཚགས་བྱས་ཀྱང་ཆོག གང་ལྟར་དེས་བྱིས་པ་ལ་རང་ཉིད་ཀྱི་དགའ་ཕྱོགས་ཤིག་སྐྱེད་སྲིང་བྱེད་པ་དང་རང་ཉིད་ཀྱི་འཇིག་རྟེན་ཞིག་བསྐྲུན་པར་རམ་འདེགས་བྱེད་ཐུབ།

    རང་ཉིད་ལ་ཉར་ཚགས་བྱེད་པའི་གོམས་སྲོལ་ཡོད་ན་བྱིས་པས་རང་ཉིད་ངོས་ཟིན་པར་གྲོགས་བྱེད། རང་ཉིད་ཅི་ཞིག་ལ་དགའ་བ་ཤེས་ཐུབ། ཡང་ནས་ཡང་དུ་ཉར་ཚགས་བྱེད་པའི་གོ་རིམ་ལས་བྱིས་པའི་དམིགས་འབེན་འཛིན་འདོད་ཀྱི་བསམ་བློའང་བསྐྱེད་ཐུབ། དེ་མིན་རང་ཉིད་ཀྱིས་ཉར་ཚགས་བྱས་པའི་དངོས་པོ་གཞན་ལ་སྟོན་དུས་སུ་ཡང་བྱིས་པ་ལ་ཅི་ཞིག་འགྲུབ་སོང་སྙམ་པའི་འདུ་ཤེས་བསྐྱེད་ཐུབ།

    ཉར་ཚགས་ལས་ད་དུང་འཚོ་བའི་ནང་གི་སྤྲོ་སྣང་རྙེད་པ་དང་གླེང་བྱ་གསར་བ་བསྐྲུན་པར་ཡང་གྲོགས་བྱེད་ཐུབ། དེ་དག་ནི་ལོ་དྲུག་ནས་བཅུ་གཉིས་བར་གྱི་བྱིས་པ་ལ་ཆེས་མཁོ་བ་དང་། འཚོ་བ་ཇི་ལྟར་རོལ་བའི་ཕྱོགས་ནས་བྱིས་པ་ལ་མཛུབ་སྟོན་ཡང་བྱེད་ཐུབ།

    བཅུ་གསུམ། རང་གིས་ལག་བཟོ་བྱེད་པའི་ཉམས་མྱོང་དགོས་པ།

    བྱིས་པ་རང་གིས་དངོས་པོ་ཞིག་ལག་བཟོ་བྱས་ན། བྱིས་པའི་ལག་པར་སྦྱོང་རྡར་ཐོབ་ཐུབ། དེ་ལས་ཀྱང་གལ་ཆེ་བ་ནི་བྱིས་པ་རང་ཉིད་ཀྱི་བརྩམས་ཆོས་ཤིག་ལེགས་འགྲུབ་བྱུང་བ། རང་ཉིད་སྒེར་ཐོག་ནས་དེ་འདྲའི་ལས་ཀར་ཞུགས་པའི་གོ་རིམ་དེ་ནི། ཁོའི་ཅི་ཞིག་འགྲུབ་སོང་སྙམ་པའི་ཡིད་ཆེས་རྙེད་པར་རིན་ཐང་ཧ་ཅང་ཆེ།

    བཅུ་བཞི། སྤྱི་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཉམས་མྱོང་དགོས་པ།

    བྱིས་པ་རེ་རེ་ནི་སྤྱི་ཚོགས་ཀྱི་ཚོགས་མི་རེ་ཡིན་ལ། ཁོ་ཚོའི་ཁ་གཏད་ཡུལ་ནི་སྤྱི་ཚོགས་ཧྲིལ་བོ་ཡིན། ཁོ་ཚོས་སྤྱི་ཚོགས་ཀྱི་ཁྲོད་ནས་རང་ཉིད་ངོས་ཟིན་དགོས། མི་མི་འདྲ་བ་དང་རིག་གནས་མི་འདྲ་བར་འབྲེལ་འདྲིས་བྱས་ན། རང་ཉིད་ཀྱི་སྡོམ་ཚིག་ཅིག་དང་རང་ཉིད་ཀྱི་ཚོར་བ་ཞིག་རྙེད་ཐུབ།

    ཀྲུང་གོའི་བྱིས་པ་ལ་ཐོབ་ཐང་གཅིག་ལས་མེད་དེ། དེ་ནི་སློབ་མའི་ཐོབ་ཐང་ཡིན། བྱིས་པ་ནི་སྤྱི་ཚོགས་ཀྱི་མི་ཞིག་ཡིན་འོས་མོད། ང་ཚོའི་བྱིས་པ་རྣམས་སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཤིན་ཏུ་ཕྲ། ཁོ་ཚོ་དངོས་གནས་སྤྱི་ཚོགས་ནང་ཞུགས་པའི་སྐབས་སུ་ཐོན་དུས་བྲེལ་འཚུབ་ལངས་པ་དང་། རང་གིས་ཇི་ལྟར་བྱ་དགོས་པ་མི་ཤེས་པའི་ཚད་དུ་ལྷུང་འགྲོ །

    བྱིས་པ་རྣམས་ཀྱིས་མི་ཆ་མེད་ལ་རོགས་རམ་བྱེད་པར་སྐུལ་བ་དང་ལམ་འདྲི་བ། རང་ཉིད་ཀྱིས་སྔོན་རྩིས་རྒྱག་པ་དང་རང་ཉིད་ཀྱིས་སྤྱི་སྤྱོད་རླངས་འཁོར་ལ་འདུག་པར་སློབ་སྦྱོང་བྱེད་པ་སོགས་རང་ཐོག་ནས་དངོས་སུ་ལག་ལེན་བྱེད་དགོས། དེ་ཡང་བདེ་འཇགས་ཡིན་པའི་རྨང་གཞིའི་སྟེང་ནས་བྱེད་དགོས་པ་སྨྲ་ཅི་དགོས།

    བཅོ་ལྔ། ཕམ་ཁའི་མྱོང་བ་དགོས་པ།

    དོན་དག་ལ་ལའི་ཐོག་ནས་བྱིས་པར་ཕམ་ཁ་མྱོང་དུ་འཇུག་དགོས། ཡང་ན་བྱིས་པར་ཕམ་ཁའི་མྱོང་བ་བསྐྱེད་དུ་འཇུག་དགོས། དེ་ལས་བྱིས་པས་རང་ངོ་ཟིན་ཚུལ་ལ་བསམ་གཞིག་གཏོང་ངེས།

    ཕ་མ་མང་པོ་ཞིག་གིས་བྱིས་པ་ལས་ཀྱང་ཕམ་ཁ་དང་ལེན་བྱེད་མི་ཐུབ། མཚམས་རེར་ཕམ་ཁ་མྱངས་ན་ཡང་བྱིས་པ་རང་ཉིད་ལ་དེ་འདྲའི་བློ་ཕམ་སྐྱེ་བཞིན་མེད་ན་ཡང་། ཕ་མས་ཕམ་ཁ་དེ་དང་ལེན་བྱེད་མི་ཐུབ་པར་ཕམ་ཁ་ལ་གཡོལ་བར་བྱེད། དེ་འདྲའི་ཕམ་ཁ་ལ་གཡོལ་བའི་བྱ་སྤྱོད་ནི་བྱིས་པ་ནར་སོན་པའི་ཁྲོད་གེགས་རྒྱ་ཆེས་ཆེ་བ་དེ་ཡིན།

    བཅུ་དྲུག རང་གིས་གཞན་ལ་མིན་ཟེར་བ་དང་གཞན་གྱིས་རང་ལ་མིན་ཟེར་བའི་མྱོང་བ་དགོས་པ།

    སྤྱིར་བཏང་ད་ལྟའི་ཕ་མ་རྣམས་ཀྱིས་བྱིས་པའི་རེ་འདོད་སྣང་མེད་དུ་བསྐྱུར་མི་ཐུབ། ཕ་མ་རྣམས་ཀྱིས་རང་གིས་དེ་ལྟར་བྱས་ན་ག་ལ་འགྲིག་སྙམ་པ་དང་། ཡང་ན་ངས་ཁོ་རང་རང་དབང་གིས་ནར་སོན་དུ་འཇུག་དགོས། ཁོའི་རེ་འདོད་སྣང་མེད་དུ་བསྐྱུར་ན་བྱིས་པས་ངས་ཁོ་ལ་གཅེས་ཀྱིན་མི་འདུག་སྙམ་མམ་སོགས་ཀྱི་དྲན་ཚུལ་འདོད།

    གལ་ཏེ་བྱིས་པ་ལ་གཞན་གྱིས་མིན་ཟེར་བ་དང་ཡང་ན། གཞན་གྱིས་ཁོའི་རེ་འདོད་སྣང་མེད་དུ་བསྐྱུར་བའི་མྱོང་བ་དེ་འདྲ་མེད་ཚེ། ཁོའི་མི་ཚེ་ནི་ཕམ་ཁ་བཟོད་མི་ཐུབ་པ་ཞིག་ཏུ་འགྱུར་ཉེན་ཆེ། དོན་དུ་བྱིས་པའི་རེ་འདོད་སྣང་མེད་དུ་བསྐྱུར་མི་བཟོད་པ་ནི་ཕ་མ་ཡིན་ལ། ཕ་མས་བྱིས་པར་མིན་ཟེར་དུས། ཕ་མར་ཞེ་སྡུག་པའི་སེམས་ཚོར་འབྱུང་བས། ཁོ་ཚོས་བྱིས་པ་ལ་མིན་གཏན་ནས་མི་ཟེར།

    གལ་ཏེ་ལོ་བཅུ་གཉིས་ཀྱི་སྔོན་དུ་ཁོ་ལ་མིན་ཟེར་མཁན་ཞིག་མེད་ཚེ། ཁོ་རྗེས་ནས་ཕ་མ་དང་ཁྱིམ་ཚང་གི་གཅེས་སྐྱོང་དང་བྲལ་དུས། གཞན་གྱིས་ཁོ་ལ་མིན་ཞེས་བཤད་དེ་ཁོའི་རེ་འདོད་དང་ལེན་མ་བྱས་ཚེ་ཇི་ལྟར་བྱ།

    གཞན་ཡང་བྱིས་པ་ལ་ཡང་གཞན་ལ་མིན་ཟེར་བའི་མྱོང་བ་དེ་འདྲ་དགོས། གལ་ཏེ་ང་ཚོའི་བྱིས་པ་རྣམས་ལ་ཆུང་དུས་གཞན་གྱི་རེ་འདོད་དང་ལེན་མི་བྱེད་པའི་གོ་སྐབས་དེ་འདྲ་མེད་ཚེ། ཁོས་ཀྱང་རང་ཉིད་ཀྱི་ཁེ་དབང་ལ་བརྩི་བཀུར་མ་བྱས་པ་རེད། གཞན་ལ་མིན་ཟེར་བའི་གོ་སྐབས་ལྡན་ན་སྤོབས་པ་ཆེན་པོས་བཤད་དགོས་ཏེ། གཞན་ལ་མིན་ཟེར་བའི་གོ་རིམ་ནི་རིམ་བཞིན་རང་ཉིད་ཀྱི་རིན་ཐང་མངོན་པའི་གོ་རིམ་ཞིག་ཡིན་ནོ། །

    (རྩོམ་ཡིག་འདི་ནི《དགེ་རྒན་བཟང་པོ》འཕྲིན་སྟེགས་ལས་འདེམ་བསྒྱུར་བྱས།)

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས18པ།2015·03·20།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག