གནམ་འདེགས་ཀྱི་ཀ་བ།

    སྨག་རུམ སྨུག་སྤྲིན ལྷགས་རླུང

    ཐོ་རངས་སྐར་ཆེན དུད་སྤྲིན སྐར་མདའ

    ཁྱེད་ཀྱིས་མཚན་ལྗོངས་ཀྱི་གོ་ཆ་ན་བཟའ་རུ་བཀླུབས་ཤིང

    དགུ་ཚིགས་སྟོང་གི་ཐུ་འོག་ན

    སྒང་རྒྱུད་རི་ཚོགས་སྟོང་ལ་གཅེས་སྐྱོང་གསན་པའི་འགལ་འདུ་རིང་དུ་བྲལ

    དུད་སྤྲིན་གྱི་ཐུ་འོག་ནས་དགུ་ཚིགས་སྟོང་གི་ཕུང་བོ་མགོ་བོར་བཏེགས་ཏེ

    གཙུག་ཕུད་རྒྱལ་པོར་གུས་ཕག་འཚལ་བ་ཅིའི་ཕྱིར་མིན

    ངོ་མ རྨ་ཆེན་སྦོམ་རའི་གཟི་བྱིན

    བྲག་སྲིན་གྱི་བྱུང་བ

    གཉའ་ཁྲིའི་བྱུང་རབས་ལ་ལྟ་དཔྱོད་ཀྱི་བཟི་ཁ་མངར་བཞིན་དུ

    རིགས་དྲུག་གི་སྐྱེས་རབས་དང་རེ་བཅོལ

    སྙིང་རྗེ་དང་བདེན་དོན

    གནས་ལུགས་ཀྱི་དོན་དུ

    ཁྱེད་རང་ནམ་ཡང་སྟོབས་ཀྱིས་འགྱིངས་ཤིང

    མ་གཞི་ཁྱེད་ནི་གནམ་འདེགས་ཀྱི་ཀ་བ་ཞིག

    གསོལ་འདེབས་དང་མཆོད་བསང་།

    འཇིག་རྟེན་གྱི་མཐོ་ས་ན

    བཙན་རླུང་གིས་ཁྱེད་ལ་གཡོན་བསྐོར་རྒྱག་དུས

    སྟོད་ཉི་མ་ལྷ་སའི་ཨ་ཇོ་ཞིག་གིས་གསོལ་འདེབས་ངག་གི་མཆོད་པས་ཁྱེད་ལ་

    གཡས་སྐོར་རྒྱག

    སྨིན་གྲོང་ཁ་བའི་ལྗོངས སྟོབས་བཅུ་མངའ་བའི་དབང་ཐང

    དབང་ཕྱུག་ཕས་རྒོལ་གྱི་གཡབ་མོ བྲག་དཀར་སྤུན་གསུམ

    ཨ་མྱེས་རྨ་ཆེན ཁྱེད་ནི་འཇིག་རྟེན་སྟོང་གི་ཕ་རོལ་ན

    གངས་ཀྱི་རྒྱལ་མོའི་བླ་གནས་ཟིན་ཅིང

    བསང་དུད་མཆོད་བསྔགས་གསེང་ནས་ལྷ་ཀླུ་གཉན་གསུམ་

    ལ་སྐྱབས་བཅོལ་བྱེད་བཞིན་དུ

    བདེ་བའི་དམུ་ཐག་ལ་འཐམ་ཞིང

    ཟླ་འོག་གི་མཚན་ལྗོངས་འདིར་གཉོམ་སོ་ཐེངས་ཤིག་བྱེད

    རྨ་རྒྱལ་སྦོམ་ར།

    དབུས་ལམ་གྱི་ཉི་ཐིག་གིས་ཁྱེད་ཉིད་ལ་གྱོན་པའི་གྲངས་ཚད་དེ་ཁྱེད་ཀྱིས་སུ་

    ལའང་དྲིས་མྱོང

    དངོས་ནས་དུས་རབས་ཀྱི་གསང་རིམ་འདི་ནས

    ཆོལ་གསུམ་མི་ཡིས་ལན་འདེབས་ཀྱི་སྐལ་བ་ནི་ཕྲ་ཙམ་གདའ

    ཀི་ཀི་བསྭོ་བསྭོ

    ཨ་མྱེས་རྨ་ཆེན

    སྒང་པ་འབྲོང་རྒྱུད་ཅན་གྱི་རིག་པའི་ཁྱུ་མཆོག

    གཙོད་ཁྱུ་རྨིག་ཐོགས་ཀྱི་ཁྱུ་ཚོགས

    རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ནི་ཁྱེད་ཀྱི་སྲུང་དམག་ཡིན་ནམ

    འོ བདེན་དེ གཉན་ཆེན་ཐང་ལྷ ཁ་བ་དཀར་པོ

    ཡར་ལྷ་ཤམ་པོ

    གངས་དཀར་ཕྱོགས་ལས་རྣམ་རྒྱལ་བཅས་ལ

    རྒྱང་ཐག་ཆོད་པས་མི་ངོམས་ནའང

    ཁྱེད་འདྲའི་ཡན་ལག་བཞི་བའི་དཔུང་ཚོགས་ཤིག་མཐོང་རྒྱུ་མ་བྱུང

    མ་གཞི་ཁྱེད་ནི་གཉན་ཆེན་སྟོང་གི་ལྷ་གསོན་པོ་ཞིག

    ངས་ནམ་ཡང་མཆོད་སྟེགས་སུ་བཀུར་བའི་ཨ་མྱེས་རྨ་ཆེན

    དོ་ནུབ་ཁྱེད་ནི་ཟླ་བའི་ཐུ་འོག་གི་རྨ་རྒྱལ་སྦོམ་ར་དེ་ཡིན་ནམ

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས20པ།2015·03·20།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག