གཅིན་སྙི་ཟ་ཁུའི་ནད་ཡོད་པའི་མིས་མཁའ་སྐྱོད་ཡུལ་སྐོར་མ་བདམས་གོང་ངེས་པར་རང་ཉིད་ཀྱི་བདེ་ཐང་ལ་གདེང་འཇོག་དང་ཚོད་དཔག་ཅུང་བཟང་པོ་བྱ་དགོས། གཞན་ཡང་། གཅིན་སྙི་ཟ་ཁུའི་ནད་ཡོད་མཁན་གྱིས་སྨན་པ་ལ་བློ་དྲིས་ནས་རུང་བར་བཤད་ན་ཡང་གཤམ་གྱི་དོན་ཚན་ཁག་ལ་དོ་སྣང་བྱ་དགོས་ཏེ།

    དང་པོ། གནམ་གྲུ་མ་བསྡད་གོང་རང་ཉིད་ཀྱི་ཁྲག་གི་མངར་ཚད་ལ་བརྟག་དཔྱད་ཐེངས་གཅིག་བྱས་ན་བཟང་ལ། དེར་མ་ཟད་གཏན་འཁེལ་དུས་ཚོད་ནང་ཁྲག་ཧྭགས་ཉུང་དུ་གཏོང་བའི་སྨན་འཐུངས་ཏེ། ཁྲག་ཧྭགས་རྒྱུན་གཏན་ཡོང་ཐབས་བྱས་ནས་ཉེན་ཁ་འབྱུང་བར་གཡོལ་དགོས། ཡང་ན་གནམ་གྲུར་མ་བསྡད་གོང་མགོ་ཡུ་འཁོར་བ་དང་སྐྱུག་པ་འགོག་པའི་སྨན་འོས་འཚམ་འཐུངས་ནས་གནམ་གྲུར་མགོ་ཡུ་འཁོར་བ་སྔོན་འགོག་བྱ་དགོས།

    གཉིས་པ། གནམ་གྲུའི་ནང་ངེས་པར་ཆུ་མང་ཙམ་འཐུང་དགོས་ལ། རབ་ཡིན་ན་དུས་ཚོད་རེར་ཆུ་གཙང་མ་དམ་བུ་གང་འཐུངས་ཏེ། གཟུགས་ཕུང་ནང་ཆུ་མི་འདང་བའི་གནས་ཚུལ་འབྱུང་བར་གཡོལ་ཐབས་བྱ་དགོས། ཁ་ཟས་འོས་འཚམ་གྱིས་ཉུང་དུ་བཏང་ནས་ཁྲག་ཧྭགས་རྒྱུན་ལྡན་མིན་པར་གཡོ་འགུལ་བྱེད་པར་གཡོལ་ཆོག གལ་ཏེ་དུས་ཚོད་གསུམ་ཡན་གྱི་ཐག་རིང་འཕུར་སྐྱོད་ཡིན་ཚེ་འོས་འཚམ་གྱི་ཟས་ཟོས་ནས་མཁའ་སྐྱོད་གནོན་ཤུགས་ཀྱིས་བཟོས་པའི་སྟོབས་ཤུགས་ཟད་གྲོན་བྱེད་པ་འགོག་དགོས།

    གསུམ་པ། བཟའ་བཏུང་གི་ཕྱོགས་སུ། གཅིན་སྙི་ཟ་ཁུའི་ནད་ཡོད་པའི་མིས་གནམ་གྲུའི་སྟེང་རང་ཉིད་ཀྱིས་བཟའ་ཆས་གྲ་སྒྲིག་བྱ་དགོས་ཏེ། མཁའ་འགྲུལ་ཀུང་ཟིས་མཁོ་སྤྲོད་བྱས་པའི་ཟ་མ་དང་སིལ་ཟས་དེ་གཅིན་སྙི་ཟ་ཁུའི་ནད་ཡོད་པའི་མིས་ཟ་མི་རུང་བ་ཡང་ཡིན་སྲིད་དོ།།

    བཞི་པ། རྐུབ་སྟེགས་འདེམ་པའི་ཐད་དུ། གཅིན་སྙི་ཟ་ཁུའི་ནད་ཡོད་མཁན་གྱིས་སྔ་མོ་ནས་བར་ཁྱམས་དང་ཐག་ཉེ་བའི་སྡོད་གནས་མངགས་ཉོ་བྱས་ན་བཟང་། རྒྱུ་མཚན་ནི་དུས་ཡུན་རིང་པོར་བསྟུད་མར་འཕུར་སྐྱོད་བྱེད་སྐབས་ཤ་གསེང་ཁྲག་རྩ་དང་རྐང་རྩ་གཉིས་ལ་ཁྲག་རྡོག་ཆགས་པའི་ཉེན་ཁ་ཇེ་ཆེར་འགྲོ་བས་སོ། །

    ལྔ་པ། གཅིན་སྙི་ཟ་ཁུའི་ནད་ཡོད་མཁན་གྱིས་གནམ་གྲུའི་ནང་དུས་ཚོད་ཕྱེད་ཀ་རེ་ལ“རྐང་པའི་ལུས་རྩལ”ཐེངས་རེ་རྩེས་ན་བཟང་ལ། དེ་རྩེ་སྟངས་ནི།

    1.རྐང་མཐིལ་སར་སྦྱར་ཏེ་རྐང་པའི་མཛུབ་མོ་ཅི་ཐུབ་ཀྱིས་ཡར་འགྱོག་པ།

    2.རྐང་པ་ཡ་གཅིག་དལ་མོར་ཡར་བཏེགས་ནས་རྐང་པའི་མཛུབ་མོས་སྐོར་གཡུག་བྱེད་པ་དང་དེའི་རྗེས་རྐང་པ་བརྗེས་ནས་བསྐྱར་ཟློས་བྱ།

    3.རྐང་པའི་མཛུབ་རྩེ་སར་སྦྱར་ནས་རྐང་པའི་ཕྱི་རྟིང་གང་ཐུབ་ཀྱིས་ཡར་འདེགས་པ་དང་དེ་ནས་རྐང་པ་བརྗེས་ནས་བསྐྱར་ཟློས་བྱ། །

    《ཉིན་བཅུའི་རྩོམ་བཏུས》ལྟར་དངོས་སྦྱོང་སློབ་མ་གནམ་གང་གིས་བསྒྱུར།

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས16པ།2015·03·27།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག