སྲིད་པའི་ཁམས་ན་རྟག་པའི་དངོས་པོ་དཀོན། །

    ལྷག་པར་མི་ཡི་ཚེ་སྲོག་མི་རྟག་སྟེ། །

    ཁ་སང་སྐྱིད་ལ་རོལ་བའི་བྱིས་པ་དེ། །

    དེ་རིང་ཨ་མའི་པང་ནས་ཤོར་ལ་ལྟོས། །

    སྲིད་པའི་ཁམས་ན་རྟག་པའི་མཛེས་པ་དཀོན། །

    ལྷག་པར་ཕྱི་ཡི་མཛེས་པ་མི་རྟག་སྟེ། །

    ན་ནིང་བཀྲག་མདངས་རྒྱས་པའི་བཞིན་རས་དེ། །

    ད་ལོར་རྒ་བའི་གཉེར་མས་བཟུང་ལ་ལྟོས། །

    སྲིད་པའི་ཁམས་ན་བརྟན་པའི་ཆོས་ཅན་དཀོན། །

    ལྷག་པར་མིས་བཟོས་འཛུགས་སྐྲུན་མི་བརྟན་ཏེ། །

    ཁ་སང་བརྗིད་ཆགས་ལྡན་པའི་ཕོ་བྲང་དེ། །

    དེ་རིང་རང་བྱུང་གནོད་འཚེས་བསྒྱེལ་ལ་ལྟོས། །

    སྲིད་པའི་ཁམས་ན་འདང་བའི་རྒྱུ་ནོར་དཀོན། །

    ལྷག་པར་བསགས་པའི་རྒྱུ་ཡིས་མི་འདང་སྟེ། །

    ཐོག་མར་པ་ཞིའི་ཕྱུག་ཆེན་ཅིན་ལ་འེ། །

    ཚེ་མཇུག་སྤྲང་པོའི་ལས་སུ་གཞོལ་ལ་ལྟོས། །

    སྲིད་པའི་ཁམས་ན་རྟག་པའི་གོ་གནས་དཀོན། །

    ལྷག་པར་དཔོན་གྱི་གོ་གནས་མི་རྟག་སྟེ། །

    དབྱི་རག་སྲིད་འཛིན་ཐོབ་པའི་ས་རྡམ་གྱི། །

    གོ་གནས་ཕྲོགས་རྗེས་བསྒག་གསོད་བཏང་ལ་ལྟོས། །

    སྲིད་པའི་ཁམས་ན་རྟག་པའི་བརྩེ་བ་དཀོན། །

    ལྷག་པར་ཕོ་མོའི་བརྩེ་བ་མི་རྟག་སྟེ། །

    ཐོག་མར་ཕན་ཚུན་དུངས་པའི་བཟའ་ཚང་དག །

    ཐ་མར་ངན་མཚང་འདྲུ་བཞིན་གྱེས་ལ་ལྟོས། །

    སྲིད་པའི་ཁམས་ན་རྟག་པའི་མཛའ་བརྩེ་དཀོན། །

    ལྷག་པར་གྲོགས་ཀྱི་མཛའ་བརྩེ་མི་རྟག་སྟེ། །

    ཁ་སང་གྲོགས་ཞེས་ལག་འཇུ་བྱེད་མཁན་དག །

    དེ་རིང་དྭངས་མའི་དགྲ་རུ་འཛིན་པར་ལྟོས། །

    སྲིད་པའི་ཁམས་ན་རྟག་པའི་ཡིད་རྟོན་དཀོན། །

    ལྷག་པར་མཁས་པའི་རང་ཡིད་མི་རྟག་སྟེ། །

    ཁ་སང་ཤེས་པར་སྙམ་པའི་ལེགས་རྩོམ་ལ། །

    དེ་རིང་རང་ཉིད་དོགས་པའི་ཚུལ་ལ་ལྟོས། །

    2013.3.28ཉིན་གྱི་ཕྱི་དྲོར་བྲིས།    

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག