མཛེས་པའི་སྐྱེད་ཚལ་ཁྲོད་ན་འཛོམས་པའི་མེ་ཏོག་དང་སྦྲང་ཆུང་གཉིས།།

ན་ནིང་སྟོན་གྱི་བ་མོས་བཅོམ་ནས་ཁ་ཁ་རུ་བཏང་ན་ཡང་།།

ད་ལོ་མ་བསྐུལ་རང་མོས་ངང་ནས་ལྷན་འཛོམས་ཤིག་བྱུང་བ་དེ།།

ཁྱོད་དང་འུ་གཉིས་ད་ལྟའི་མི་ཚེའི་འདུ་བྲལ་གྱི་རྣམ་པ་ཡིན།།

ཚང་ཚིང་ནགས་ཀླུང་ཁྲོད་ན་འཛོམས་པའི་ལྗོན་པ་དང་ཁུ་བྱུག་གཉིས། །

ན་ནིང་དུས་ཀྱི་རྒྱལ་མོས་ཕན་ཚུན་ཁ་ཁ་རུ་བཏང་ན་ཡང་།།

ད་ལོ་མ་བོས་རང་མོས་ངང་ནས་མཉམ་འཛོམས་ཤིག་བྱུང་བ་དེ། །

ཁྱོད་དང་འུ་གཉིས་ད་ལྟའི་མི་ཚེའི་སྐྱོ་གདུང་གི་རང་བཞིན་ཡིན།།

དྭངས་ཤིང་གཙང་བའི་འགྲམ་ན་འཛོམས་པའི་མཚོ་མོ་དང་ངང་བ་གཉིས།།

ན་ནིང་འགྲམ་དར་ཆགས་དུས་ཕན་ཚུན་ཁ་ཁ་རུ་བཏང་ན་ཡང་།།

ད་ལོ་མ་བསྐུལ་རང་མོས་ངང་ནས་ལྷན་འཛོམས་ཤིག་བྱུང་བ་དེ།།

ཁྱོད་དང་འུ་གཉིས་ད་ལྟའི་མི་ཚེའི་དར་རྒུད་ཀྱི་རྣམ་པ་ཡིན།།

མཚན་མོའི་མུན་ནག་ཁྲོད་ན་འཛོམས་པའི་ཟླ་བ་དང་ཀུ་མུད་གཉིས།།

ད་ནངས་འོད་ཟེར་སྟོང་གིས་ཁྱོན་ནས་རྨེག་མེད་དུ་བཏང་ན་ཡང་།།

དོ་དགོང་ས་སྲོས་སྐབས་སུ་ཡང་བསྐྱར་མཉམ་འཛོམས་ཤིག་བྱུང་བ་དེ།།

ཁྱོད་དང་འུ་གཉིས་ད་ལྟའི་མི་ཚེའི་དགའ་སྡུག་གི་རྣམ་པ་ཡིན།།

མཚན་མོ་ཨ་སྔོན་མཐོངས་ན་ཤར་བའི་དགུ་ཚིགས་དང་སྐར་ཆེན་གཉིས།།

རེ་ཞིག་ཁྱུང་སྔོན་སྐྱེས་ཀྱིས་ནམ་མཁའི་ཕ་མཐའ་རུ་བསྐྲད་ན་ཡང་།།

སྐད་ཅིག་དུས་ཡུན་ཙམ་ནས་ཡང་བསྐྱར་མཁའ་དབྱིངས་སུ་ཤར་བ་དེ། །

ཁྱོད་དང་འུ་གཉིས་ད་ལྟའི་མི་ཚེའི་འཕེལ་འགྲིབ་ཀྱི་རྣམ་པ་ཡིན།།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག