ཀ་བའི་རང་བཞིན་བརྟན་པོ་མིན་ན་ལས་ཀྱིས་བསྐོས་པའི་གདུང་མ་འདེགས་དཀའ། །

    ཁ་ལོའི་སྐུད་སྣེ་གཞན་ལ་གཏད་ན་སྟོད་སྨད་བར་གསུམ་ཀུན་ཏུ་རྒྱུག་དགོས། །

    ག་ལེར་སེམས་ལ་འདང་ཞིག་མེད་ན་མཐའ་མ་འགྲོ་བའི་ཁ་ཕྱོགས་མི་རྙེད། །

    ང་མིན་ཁོ་རང་ལན་འདུག་སྙམ་ན་ནམ་ཞིག་བརྩེ་བའི་རྒྱུན་ཐག་ཆད་ངེས། །

    ཅ་ཅོ་གཏམ་ལ་སུན་སྣང་མེད་ན་ཉག་ཉོག་ཚིག་ལ་འཛད་མཐའ་ཅི་ཡོད། །

    ཆ་མེད་མི་ལ་ཆ་འབྲེལ་བྱས་ན་ཆ་མ་ཡ་ཡི་མྱི་ཁ་འཁོར་འོང་། །

    ཇ་སྙིགས་འཐུང་བས་སྐོམ་གདུང་སེལ་བ་ཇ་ཐུན་གཅིག་གི་རྒྱགས་ཕྱེ་མིན་ནམ། །

    ཉ་འཛིན་ལྕགས་ཀྱུར་ཡོལ་འདོད་མེད་ན་ཉ་མོ་ཁྱེད་རང་དོལ་དུ་ལོས་ཚུད། །

    ཏ་ལེའི་སེམས་པ་གཞན་ལ་ཤོར་ཚེ་ཏིང་འཛིན་བརྟུལ་ཞུགས་བཟུང་བས་ཅི་ཕན། །

    ཐ་ཆད་ལས་ལ་ཞུགས་ཡུན་རིང་ན་ཐ་མའི་ཕམ་ཁ་རང་ལ་ཕོག་ངེས། །

    ད་ཕན་ཚིག་ལ་ཉན་འདོད་ཡོད་ན་ད་རེས་གཏམ་འཆལ་རླུང་ལ་བསྐུར་ཆོག །

    ན་བའི་སྡུག་བསྔལ་ལུས་ལ་མེད་ན་ན་ཟུག་བརྩེ་བ་ཕྱི་རུ་དོར་ཅིག །

    པ་རི་པི་རིའི་གཏམ་ལ་གོམས་ན་པཱ་ལགས་ཡིན་ཡང་ཡིད་རྟོན་བྱེད་དཀའ། །

    ཕ་ཡུལ་གཅིག་པས་མི་བསླུ་སྙམ་དེས་ཕ་རོལ་ཕྱོགས་ལ་རྒྱུས་ལོན་མི་འོང་། །

    བ་གླང་རྐྱལ་འཇུག་བྱས་པ་མིན་ཡང་བ་ཀུ་ལ་འདྲའི་མཛེས་པར་དགའ་ཞེས། །

    མ་བཅོས་བདེན་པའི་གཏམ་དེ་བཤད་ན་མ་མཐོང་ན་ཡང་ཡིད་ཆེས་ལོས་བྱེད། །

    ཙ་རི་བསྐོར་བའི་སྙན་གྲགས་མེད་ཀྱང་ཙ་ར་བརྟན་པའི་བརྩེ་བ་ཞིག་དགོས། །

    ཚ་གྲང་སྙོམ་པའི་ལུས་པོ་དེ་ཉིད་ཚ་ཟུག་བརྩེ་བས་ཉེན་དུ་མ་འཇུག །

    ཛ་ལང་སྤྱོད་པ་རིང་དུ་དོར་ནས་མཛངས་མའི་བུ་མོའི་ལས་སུ་གཞོལ་ན། །

    ཝ་མོ་དང་འདྲའི་གཡོ་སྒྱུ་ཅན་ཚོས་ཝ་བརྒྱལ་འཆལ་གཏམ་སྨྲས་པས་མི་ཟིན། །

    ཞ་བོར་མཐོང་ཆེན་བྱས་པ་བཟང་མོད་ཞ་ཉེའི་ངོ་བོར་གྲུབ་ན་མི་བཟང་། །

    ཟ་ཧམ་ཅན་གྱི་ཟོག་པོའི་རིགས་ལ་ཟ་ཉལ་གོམས་གཤིས་ལོབས་སུ་བཅུག་ན། །

    འ་ཅག་བར་ལ་དབྱེན་སྦྱོར་བྱས་ནས་འུ་གཉིས་བརྩེ་བའི་རྒྱུན་ཐག་བཅད་དེ། །

    ཡ་མ་བརླ་ཡི་བརྩེ་བ་དེ་ཚོས་ཡ་རབས་བུ་མོ་ཆུད་ཟོས་བཏང་འགྲོ། །

    ར་བཟི་དང་འདྲའི་སྤྱི་ཚོགས་ཐོག་ནས་ར་བཟིའི་བརྩེ་བར་དོགས་ཟོན་མེད་པར། །

    ལ་ལུང་འཆལ་གཏམ་འཛུམ་གྱིས་བརྒྱན་ན་ལ་དུག་མྱི་ཁ་ཕོག་པས་མི་ཚད། །

    ཤ་ཚ་སྙིང་རྗེ་བྲལ་བའི་མི་ཉིད་ཤ་ཟ་ཁྲག་འཐུང་རིགས་དང་འདྲ་བས། །

    ས་སྟེང་འདི་ནས་བུ་མོ་མང་པོ་ས་ཡི་རྡུལ་དུ་བརླག་པ་ཁོ་ཐག །

    ཧ་ཡང་ལྕགས་ཀྱི་ངོ་བོ་དང་འདྲའི་ཧ་ཅང་གཡོ་སྒྱུ་ཆེ་བའི་མི་དང་། །

    ཨ་གསར་ཚ་བོའི་བརྩེ་བ་ཅན་ཚོ་ཨ་མདོའི་ཡུལ་ནས་གང་དུ་སྤྱུགས་ཏེ། །

    ཧ་གོ་མེད་པའི་བ་གླང་རིགས་དེ་ཧ་མིག་ཅན་གྱིས་དུལ་བར་བཏང་ན། །

    ཨ་མདོའི་ཡུལ་ན་ང་ལས་གཞན་པ་ཨ་མའི་བུ་མོ་མང་པོ་སྐྱིད་ངེས། །

    2012.12.13ཉིན་བྲིས།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག