སྨན་རྩིས་མཁས་དབང་མཁྱེན་རབ་ནོར་བུ་མཆོག་ནི་ལྷོ་ཁ་རྩེད་ཐང་ཁུལ་བྱ་ས་ལྷ་ཁང་གི་ཉེ་འདབས་སུ་ཡབ་རྩིས་རིག་སྨྲ་བ་ཀྲང་མགོ་ལེབ་བམ་རྩིས་པ་རྔ་བོ་ཆེར་གྲགས་པ་དང་། ཡུམ་དབྱངས་ཅན་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་ལུག(1883)ལོར་སྐུ་བལྟམས། ཆུང་དུས་རྩེད་ཐང་ལྔ་མཆོད་གྲྭ་ཚང་དུ་ཆོས་ཞུགས་གནང་། དགུང་ལོ་བཅུ་བཞི་ཡས་མས་སུ་དགོན་པས་དྲག་འདེམས་ཀྱིས་ལྷ་ས་ལྕགས་རི་འགྲོ་ཕན་གླིང་དུ་གསོ་རིག་སློབ་གཉེར་དུ་མངགས། ཐོག་མར་ལྕགས་པོ་རི་གྲྭ་ཚང་གི་སྨན་དགེ་ངག་དབང་ཆོས་ལྡན་གྱི་དྲུང་ནས་སྨན་གཞུང་གསན་སྦྱོང་གི་དབུ་ཚུགས་པ་ནས་བཟུང་སློབ་གཉེར་ལ་འབད་པ་ལྷུར་ལེན་གྱིས་ཉིན་མཚན་ཀུན་ཏུ་དཀའ་བ་དྲག་པོ་སྤྱད་དེ་ཟས་གོས་སོགས་ལ་དང་དོད་སྤུ་ཙམ་མི་གནང་བར་ན་བཟའ་ཧྲུལ་པོར་གྱུར་ཀྱང་ཐུགས་སྣང་གཏན་ནས་མེད་པར་ཡོན་ཏན་སྦྱོང་བ་ཁོ་ན་ལ་ཐུགས་བརྩོན་མཛད་ཅིང་། དེ་ནས་རིང་པོར་མ་ཐོགས་པར་སྨན་གཞུང་ཐུགས་འཛིན་དང་ཚོགས་འདོན་ཆོས་སྤྱོད་སོགས་ཀྱི་རྒྱུགས་འབུལ་སྦྱངས་འབྲས་ལེགས་ཐོབ་ལ་བརྟེན། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུའི་བླ་སྨན་དངོས་གཞི་བྱམས་པ་ཐུབ་དབང་མཆོག་གི་རྒྱུད་འཛིན་སློབ་གྲྭ་བའི་ཁོངས་སུ་བདམས་ཚུད་བྱུང་བས། མཁས་མཆོག་དེ་ལས་དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞི་དང་། གཞུང་འགྲེལ་བཻ་སྔོན་ལ་སོགས་པ་སྨན་གྱི་གཞུང་ལུགས་མང་པོའི་ལུང་ཁྲིད་མན་ངག་ལག་ལེན་དང་བཅས་པར་སྦྱངས་བརྩོན་མཐར་ཕྱིན་པར་མཛད། སྔ་རྗེས་སུ་མཁས་དབང་འཚོ་བྱེད་རྡོ་རྗེ་རྒྱལ་མཚན་དང་། འཇམ་དཔལ་རོལ་པའི་བློ་གྲོས། འབྲས་ལྗོངས་བླ་མ་ཨོ་རྒྱན་བསྟན་འཛིན་རྒྱ་མཚོ། འགུ་ལོག་བླ་མ་འཇམ་དཔལ་རོལ་པའི་བློ་གྲོས། མཚན་ཉིད་སྤྲུལ་སྐུ་འཇམ་དཔལ་ནོར་བུ། འབྲས་སྤུངས་ཁང་གསར་རིན་པོ་ཆེ། ཕ་བོང་ཁ་བདེ་ཆེན་སྙིང་པོ། ལྷ་བཙུན་རིན་པོ་ཆེ། རོང་ཐ་ཆུ་ཚང་བློ་བཟང་དམ་ཆོས་སོགས་རྩོད་མེད་མཁས་དབང་དུ་མ་ལས་གསོ་རིག་དང་། སྐར་ནག་རྩིས་ཀྱི་རིག་པ། སུམ་རྟགས་དང་སྒྲ་རིག་པ། སྙན་ངག རྒྱུད་བཞི། དུས་ཀྱི་འཁོར་ལོ། གཡུ་ཐོག་སྙིང་ཐིག བཻ་དཀར་བུ་དཔེའི་ཚངས་དབྱངས་རྒྱ་མཚོའི་འཁྲུངས་རྩིས་ཐོག་ནས་ཚེ་རབས་ལས་རྩིས་དང་། བག་རྩིས། གཤིན་རྩིས། དབྱངས་འཆར་འགྲེལ་པ་དཔལ་སྒྲོན་སྟེང་ནས་ལེའུ་བཅུ་ཀའི་འཁོར་ལོ་བཅས་ཀྱི་ཁྲིད་རྒྱུན་སོགས་ལེགས་པར་གསན་སྦྱོང་མཛད་པས་སྨན་རྩིས་གཙོ་བོར་གྱུར་པའི་རིག་གནས་ཀུན་ལ་མཁྱེན་དཔྱོད་འགྲན་ཟླ་བྲལ་བའི་མཁས་པའི་གོ་འཕང་ཐོབ། ལྕགས་ཁྱི(1910)ལོར་ལྕགས་རི་སྨན་སློབ་གྲྭ་ཚང་ནས་གདན་ས་ཆེན་པོ་འབྲས་སྤུངས་དགོན་གྱི་སྨན་སྦྱིན་པར་མངའ་གསོལ། ཆུ་གླང(1913)ལོར་བཤད་སྒྲ་བློན་ཆེན་སིམ་པའི་ཆིངས་དོན་དུ་རྒྱ་གར་ལ་ཕེབས་དུས་དེའི་བླ་སྨན་པར་མཉམ་བྱོན་སྐབས་ཕྱི་རྒྱལ་གྱི་ནད་པ་གསོ་དཀའ་བ་འགའ་ཞིག་ལ་སྨན་བཅོས་གནང་བ་བརྒྱུད་ཕན་གསོས་ཆེན་པོ་བྱུང་བར་ངོ་མཚར་གྱི་བསྔགས་བརྗོད་རྒྱ་ཆེ་ཐོབ། མེ་འབྲུག(1916)ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ལྗོངས་ལྷ་ས་སྨན་རྩིས་འགྲོ་ཕན་གླིང་གསར་འཛུགས་གནང་ནས་མཁྱེན་རབ་ནོར་བུ་མཆོག་ལ་རྩེ་དྲུང་ལས་ཚན་པའི་མཚན་གནས་དང་སྦྲགས་སྨན་རྩིས་ཁང་གི་དབུ་འཛིན་དང་ལྕགས་པོ་རི་སྨན་པ་གྲྭ་ཚང་གི་སློབ་དཔོན་གཅིག་ལྕོགས་སུ་བསྐོ་གཞག་གནང་བས། སྨན་རྩིས་ཁང་གི་སློབ་མ་ཚོར་སྨན་རྩིས་གཙོ་བོར་གྱུར་པའི་སྨན་བཅོས་ལག་རྩལ། སྨན་རྫས་སྦྱོར་བཟོ། རིག་གནས་གཞན་སུམ་རྟགས་དག་གསུམ་དང་། སྒྲ་སྙན་ངག བྱང་ཆུབ་ལམ་སྒྲོན། བཤེས་སྤྲིངས་དང་སློབ་སྤྲིངས། ཐེག་དགུའི་དོན་སྟོན། ལམ་གཙོ་རྣམ་གསུམ།སྡེབ་སྦྱོར། ལཉྫ། ཝརྟུ་སོགས་སློབ་ཁྲིད་གནང་བ་དང་། ཕྱི་ལུགས་སྨན་ཁབ་དང་གཤག་བཅོས་ལའང་རྗེས་སུ་ཡི་རངས་མཛད། དབུས་གཙང་གཙོ་བོར་གྱུར་པའི་མདོ་སྨད་དང་། འབྲུག་པ། འབྲས་ལྗོངས། ལ་དྭགས། ཁུ་ནུ་ལ་སོགས་ནས་སློབ་མ་ཇི་སྙེད་འདུས། ལྕགས་རི་འགྲོ་ཕན་གླིང་གི་དབུ་འཛིན་གནང་སྐབས་ཆུ་ཕག(1923)ལོར་རྒྱལ་དབང་བཅུ་གསུམ་པའི་བཀའ་དགོངས་བཞིན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསར་བཞེངས་གནང་བའི་སྨན་ཐང་བརྒྱད་ཅུ་ཡོད་པ་ལས་བར་སྐབས་ལྔ་བཅུ་སྐོར་ཟད་སྐྱོན་བོར་བརླག་སོང་བ་རྣམས་བསྐྱར་བྲིས་ཁ་གསབ་མཛད། སློབ་མ་ཚོས་ལྟ་བདེ་ཤེས་སླ་ཡོང་ཆེད་སྨན་རྩིས་ཁང་སློབ་གྲྭའི་ཚོགས་ཁང་གི་ལྡེབས་བྲིས་ལ་རྩ་བཤད་ཀྱི་སྡོང་འགྲེམས་དང་། གཏར་བསྲེག་དཔེ་རིས། བྱང་ཁོག་ཡུལ་ཐིག སྔ་དུས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ལྷོ་བྲག་བསྟན་འཛིན་ནོར་བུས་ཕུང་པོ་དངོས་ལ་གཟིགས་ཏེ་བཞེངས་པའི་དཔེ་རིས། གསོ་རིག་རྒྱུད་བཞིའི་ཡོངས་གཏད་ལེའུའི་རི་མོ། དུས་འཁོར་ལུགས་ཀྱི་རི་རབ་དང་གོ་ལའི་དཔེ་རིས་མི་འདྲ་བ། སྙན་ངག་སྒྲ་རྒྱན་བྱ་དཀའ་བའི་ཀུན་བཟང་འཁོར་ལོ་སོགས་གསར་བཞེངས་གནང་། ས་རྟ(1918)ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་དམིགས་བསལ་གཟིགས་སྐྱོང་གིས་སྐུ་འདི་ཉིད་ལ་སྐུའི་བླ་སྨན་པ་ཆུང་བ་བསྐོ་བཞག་བསྩལ། རྭ་སྒྲེང་རྒྱལ་ཐོག་སྐབས་མཁན་ཆུང་གི་གོ་གནས་སུ་གནས་སྤར་གནང་བ་དང་། མེ་བྱ(1957)ལོར་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པས་སྐུ་བཅར་མཁན་ཆེན་དར་ཧན་གྱི་གོ་མིང་བསྩལ། ལྕགས་གླང(1961)ལོར་སྨན་རྩིས་ཁང་གི་ཡོན་ཀྲང་དུ་བསྐོ་བཞག་དང་དེའི་ཕྱི་ལོར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་མཚན་གནས་ཕུལ། མདོར་ན། མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་སྨན་རྩིས་ལ་མཁས་པའི་དངོས་སློབ་བརྒྱ་ཕྲག་འགའ་གསོ་སྐྱོང་མཛད་པ་དང་། གསུང་རྩོམ་ལ་མཚོན་ན《རྩ་རྒྱུད་སྡོང་འགྲེམས་གསོ་རིག་རྒྱ་མཚོའི་སྙིང་པོ》《རྩིས་གཞུང་རིག་ལྡན་སྙིང་ཐིག》སོགས་ཧ་ཅང་མང་བས་སྤྱིར་བོད་ཀྱི་རིག་གནས་དང་། སྨན་རྩིས་གཉིས། ཁྱད་པར་དུ་སྨན་རྩིས་ཁང་དར་རྒྱས་གོང་འཕེལ་གཏོང་ཕྱིར་སྐུ་ཚེ་ཧྲིལ་པོར་འབད་བརྩོན་གནང་ནས་ཕག་རྗེས་ཤིན་ཏུ་ཆེ། མཐར་རབ་བྱུང་བཅུ་དྲུག་པའི་ཆུ་སྟག(1962)ལོའི་བོད་ཟླ་བཅུ་པའི་ཚེས་ཉེར་བརྒྱད་ཉིན་ལྷ་ས་རུ་སྐུ་གཤེགས།།

    《དུང་དཀར་ཚིག་མཛོད》ལས་དྲངས།

    ਍ཆེད་མཁས་པས་གསལ་འདེབས་གནང་དོན། སྨན་འཐུང་བའི་སྔ་གཞུག་གི་དུས་ཚོད་ཕྱེད་ཀའི་ནང་དུ། ཤིང་ཏོག་སྣ་ཚོགས་ལས་ཅི་ཡང་མ་ཟོས་ན་བཟང་།

    ཤིང་ཏོག་མང་ཆེ་བའི་ནང་དུ་ལེ་མོན་སྐྱུར་དང་རྒུན་འབྲུམ་སྐྱུར་འདུས་ལ། དེ་ཡིས་མི་ལུས་ཀྱི་རྒྱུ་མའི་ནང་གིpHབྲིན་བསྒྱུར་བར་བྱེད་ཅིང་། སྨན་རིགས་ཁ་ཤས་ནིpHབྲིན་ལ་ཚོར་བ་ཤིན་ཏུ་སྐྱེན་པ་སྟེ། དཔེར་ན་ཕེ་ནེ་སི་ལིན་རིགས་ཀྱི་སྨན་རྫས་ལྟ་བུའོ། །

    གཞན་ཡང་མིས་ཟས་ལྡད་དུས་ཕོ་བའི་སྐྱུར་ཟགས་ཐོན་བྱས་ཏེ། ཕོ་བའི་ནང་གི་སྐྱུར་དང་ལན་ཚྭའི་དོ་མཉམ་ལ་གཏོར་བརླག་ཐེབས་ནས་སྨན་རྫས་ཀྱི་རྒྱུན་ལྡན་སྡུད་ལེན་ལ་ཤུགས་རྐྱེན་བཟོ་བ་རེད།

    ཤིང་ཏོག་ལ་ལའི་ནང་དུ་ཀལ་དང་མཱེ་སོགས་ལྕགས་རིགས་གྱེས་རྡུལ་ཚད་ངེས་ཅན་ཡོད་པས། སྨན་རྫས་དང་མཉམ་དུ་ཕྱོགས་བསྡུས་ཚུར་སྣང་བྱུང་ནས། འཇུ་བཞུ་བྱ་དཀའ་བའི་འདྲེས་སྦྱོར་དངོས་པོ་རུ་གྱུར་ཏེ་སྨན་ནུས་སྡུད་ལེན་ལ་བར་ཆད་གཏོང་བ་རེད། ཚོར་ལྷག་ལོག་པའི་སྣ་བའི་གཉན་ཚད་ཕོག་པའི་ནད་པ་ལ་མཚོན་ན། ཚོར་ལྷག་ལོག་པ་འགོག་པའི་སྨན་རྫས“如特非那丁”འཐུང་བ་དང་དུས་མཚུངས་སུ། རྒུན་འབྲུམ་ཁུ་བ་དང་ཤིང་ཏོག་ཡིའུ་ཙིའི་ཁུ་བ་སོགས་འཐུངས་ན། དུག་སྐྱོན་དང་ཞོར་སྐྱོན་འབྱུང་བ་དང་། ཚབས་ཆེ་ན་འཆི་ལམ་དུ་བརྫང་ཡང་སྲིད་པ་རེད།།

    《ཧྲང་ཧེའི་བགྲེས་སོང་ཚགས་པར》ལྟར་བསྒྱུར། མཚོ་སྔོན་བོད་ཡིག་གསར་འགྱུར་ལྟར།

   

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག