སྤྱིར་མི་རིགས་ཞེས་བྱ་བ་ནི་ཡུལ་ཁོངས་དང་ཆོས་ལུགས། རིག་གནས་དང་སྐད་ཡིག་བཅས་ཁྱད་ཆོས་དུ་མའི་ཐོག་ནས་གྲུབ་དགོས་ལ། དེ་ལྟར་གྲུབ་པ་ཞིག་ཀྱང་ཡིན། ཁྱད་ཆོས་དེ་དག་མ་འཛོམས་ན་མི་རིགས་ཞེས་བྱ་བའི་བདག་ཉིད་ཅན་དུ་འགྱུར་མི་སྲིད་ལ། ཁྱད་ཆོས་དེ་དག་ཉམས་ཆག་ཏུ་སོང་ན་མི་རིགས་དེའང་ཉམས་རྒུད་དུ་འགྲོ་བའི་ལྟས་དང་རྒྱུ་རུ་འགྱུར་ཕྱིར། ང་ཚོ་བོད་ཀྱི་རིག་གནས་གར་སྟེགས་སུའང་རིག་པའི་དཔའ་བོ་སྐོར་ཞིག་གིས། བོད་ཀྱི་རིག་གནས་དར་སྤེལ་བྱ་ཆེད་སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་ནི་དོན་ཆེན་ཡིན་ཚུལ་དང་གལ་ཆེན་དུ་འཛིན་དགོས་ཚུལ་སྐོར་གྱི་གཏམ་གླེང་གཏིང་གནོན་བྱེད་ཀྱིན་འདུག་མོད། རྒྱབ་ལ་གོན་རྒྱུའི་གྱོན་ཆས་དེས་བོད་པའི་ཁྱད་ཆོས་མཚོན་གྱིན་ཡོད་མེད་ཐད་ལ་མཉམ་འཇོག་བྱེད་མཁན་ཤིན་ཏུ་ཉུང་། གྱོན་ཆས་ལས་མི་རིགས་ཤིག་གི་རིག་གནས་དང་ལོ་རྒྱུས། ཡུལ་ཁམས་ཀྱི་གནས་བབ། ལོངས་སྤྱོད་ཀྱི་མཐོ་དམན། ཡུལ་མིའི་སེམས་ཁམས་དང་མཛེས་རྟོག་སོགས་ཕྱོགས་གང་མང་ཞིག་མཚོན་ནུས་པ་ཕུད། གྱོན་ཆས་ལས་ཐད་ཀར་མི་རིགས་གང་དང་གང་ཡིན་པ་ངོས་འཛིན་བྱ་བའི་མཚོན་རྟགས་སུའང་འགྱུར་ངེས། ང་ཚོས་གོ་སླ་བའི་ལམ་ནས་དཔེ་ཞིག་བཞག་ན། དུས་རྒྱུན་གྱི་འཚོ་བའི་ནང་དུ་མི་སུ་དང་སུ་ཡིན་ཡང་མི་ཆ་མེད་ཅིག་དང་འཕྲད་དུས། ཐོག་མར་ཕྱིའི་གྱོན་ཆས་ལས་མི་འདི་ནི་མི་རིགས་འདི་དང་། མི་རིགས་གན་རེད་ཅེས་པའི་བློ་ཞིག་རང་ཤུགས་སུ་སྐྱེས་འོང་། བློ་དེ་ནི་མི་དེའི་མི་རིགས་རང་གི་གྱོན་ཆས་གོན་ཡོད་པ་དེ་ལས་སྐྱེས་པ་རེད། གལ་ཏེ་མི་རིགས་དེའི་གྱོན་ཆས་ལ་རྒྱུས་མེད་པའི་མི་ཞིག་དང་འཕྲད་པ་ན། གྱོན་ཆས་འདི་ནི་མི་རིགས་གང་ཞིག་གི་ཡིན་ནམ་ཞེས་པའི་བློ་ཞིག་ངེས་པར་སྐྱེས་སྲིད། བློ་དེ་ནི་མི་རིགས་དེའི་གྱོན་ཆས་ལ་ཆ་རྒྱུས་མེད་པ་དང་། མི་དེ་ཉིད་མི་རིགས་སུ་ཡིན་མ་ཤེས་པ་ལས་སྐྱེས་པ་རེད། དེ་བཞིན་དུ་མི་རིགས་སོ་སོའི་གྱོན་ཆས་ཀྱི་བཟོ་སྟངས་དང་། གྱོན་ཆས་དེའི་སྟེང་གི་རི་མོ་སོགས་ལས་མི་རིགས་ཤིག་གི་རིག་གནས་ལོ་རྒྱུས་དང་། མི་རིགས་དེའི་དགའ་ཁ་འཁྱེར་སོ་སོགས་མངོན་པར་མཚོན་ནུས། མི་ཞིག་གི་ལུས་ལ་གོས་ལྭ་གང་ལྟ་བུ་གོན་པ་དང་། རྒྱན་ཆ་གང་ལྟ་བུ་འདོགས་པ་དེ་ལས་མི་རིགས་ཤིག་གི་ཁྱད་རྟགས་དང་། མི་རིགས་གང་ཡིན་ངོས་འཛིན་བྱེད་ཀྱི་ཚད་གཞི་ཞིག་ཏུ་གྱུར་ཡོད་པ་དེའང་རྟོགས་ནུས།

    རང་རྒྱལ་ནི་མི་རིགས་མང་པོ་འདུས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་སོ་སོར་གྱོན་ཆས་མི་འདྲ་བ་སྣ་ཚོགས་ཤིག་ཡོད། རང་རེའི་བོད་མིས་ཀྱང་སྡོང་བོའི་ལོ་མ་དང་རི་དྭགས་ཀྱི་པགས་པ་གོས་སུ་གྱོན་པ་ནས་འགོ་ཚུགས་ཏེ། དེང་གི་དར་གོས་སོགས་སྤྱོད་པའི་བར་དུ་དུས་ཡུན་རིང་པོ་ཞིག་བརྒྱུད་ཡོད། སྤྱིར་དངོས་རྫས་ཐོན་ཁུངས་དང་གནམ་གཤིས་དྲོ་གྲང་བཅས་ཀྱི་དབང་གིས་དེ་སྔ་བོད་ཡུལ་མང་ཆེ་ས་ནས་གཡང་དཀར་ལུག་གི་བལ་པགས་དང་ཨ་འཇམ་ལུ་གུའི་ཚ་རུ། གནག་ཕྱུགས་ནོར་གྱི་ཀོ་བ་དང་རྩིད་པ་བཅས་ནི་གྱོན་གོས་བཟོ་བྱེད་ཀྱི་རྒྱུ་གཙོ་བོར་གྱུར་པ་དང་། བཟོ་བྱེད་ཀྱི་རྒྱུ་དེ་ལས་བྱུང་བའི་སློག་པ་དང་ཚ་རུ། སྣམ་བུའམ་ཕྲུག་བཅས་ནི་བོད་མིའི་གྱོན་ཆས་གཙོ་བོར་གྱུར་ཡོད་པར་མ་ཟད། བོད་མི་རྣམས་ཀྱིས་ཡུན་རིང་གི་ངལ་རྩོལ་དང་གསར་གཏོད་ཁྲོད་དུ་རང་གི་ཁྱད་ཆོས་ལྡན་པའི་གྱོན་ཆས་བཟོ་སྲོལ་ཞིག་ཀྱང་གཏན་ཆགས་སུ་གྲུབ་ཡོད་པ་རེད།

    དེ་ཡང་མི་རིགས་སུ་ཡིན་ཡང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་རིག་གནས་ཀྱི་ཆུ་ཚད་མཐོ་རུ་སོང་བ་དང་བསྟུན་ནས་གྱོན་ཆས་ཀྱང་འགྱུར་བཞིན་ཡོད་ཅིང་། མི་རྣམས་ཀྱི་འཚོ་བའི་ལོངས་སྤྱོད་དང་བསམ་བློའི་ཤེས་རྟོགས་ཇེ་ཕྱུག་ཏུ་སོང་བའི་དུས་མཉམ་དུ་གྱོན་ཆས་ཀྱི་བཟོ་སྟངས་དང་སྤྱོད་ཚུལ་ཡང་སྟབས་བདེ་དང་སྤམ་པོ་ཅན་དུ་འགྲོ་བཞིན་ཡོད་པ་རེད། གྱོན་ཆས་ཀྱི་འཕོ་འགྱུར་འདིའང་ཆེ་ས་ནས་ཕྱོགས་གཉིས་ནས་ཤུགས་རྐྱེན་ཐེབས་ཡོད་དེ། གཅིག་ནི་རིག་གནས་དང་ལོ་རྒྱུས་ཀྱི་འབྱུང་ཁུངས་མི་མཚུངས་པའི་མི་རིགས་མང་པོ་ལྷན་དུ་འདུས་སྡོད་དང་། ཁོ་ཚོས་ཕན་ཚུན་བར་རིག་གནས་བསྡུ་ལེན་དང་བརྗེ་རེས་བྱས་པ་ན། སྔར་ཡོད་ཀྱི་གྱོན་ཆས་ལ་འཕོ་འགྱུར་བྱུང་བ་དང་། ཅིག་ཤོས་ནི་མི་རྣམས་ཀྱི་འཚོ་བའི་ལོངས་སྤྱོད་ཀྱི་ཆ་རྐྱེན་ཇེ་ཕྱུག་དང་། རིག་པའི་འཆར་སྒོ་ཇེ་ཡངས་སུ་ཕྱིན་པ་ནས་གྱོན་ཆས་ལ་འཕོ་འགྱུར་བྱུང་བ་བཅས་གཉིས་སོ། །འགྲོ་བ་མིའི་སྤྱི་ཚོགས་ཀྱི་རིག་གནས་འདི་ནི་རིག་གནས་སྣ་མང་འདུས་པ་ལས་གྲུབ་པ་ཞིག་ཡིན། མི་རིགས་བར་དུ་རིག་གནས་གཡོར་ལེན་བྱེད་རྒྱུ་དེའང་ཕྱོགས་གཅིག་མ་ཡིན་པར་ཕྱོགས་མང་བ་དང་སྣེ་མང་བ་ཞིག་ཡིན་པ་ལྟར། འགྲོ་བ་མིའི་འཚོ་བའི་ནང་དུ་མེད་དུ་མི་རུང་བའི་གྱོན་ཆས་རིག་གནས་འདིའང་ཕན་ཚུན་སྡུད་ལེན་བྱེད་རྒྱུ་ཤིན་ཏུ་གལ་ཆེ། བོད་ཀྱི་གྱོན་ཆས་འདི་ཡུན་རིང་གི་ལོ་རྒྱུས་ནང་དུ་ཉེ་འབྲེལ་མི་རིགས་ཀྱི་གྱོན་ཆས་ལ་དཔེ་དང་རང་གི་ས་གནས་ཁྱད་རྟགས་གཞིར་བྱས་ནས། ད་ལྟའི་བོད་ལྭ་ཞེས་མདོ་དབུས་ཁམས་གསུམ་གྱི་བོད་མི་རྣམས་ཀྱིས་ཐུན་མོང་དུ་སྤྱོད་པའི་གྱོན་ཆས་འདི་ཡིན་ཏེ། ཡང་ས་ཁུལ་སོ་སོ་ན་སྡོད་པའི་བོད་མིས་བོད་ལྭ་གྱོན་ཚུལ་དང་བཟོ་སྟངས་ལ་ཁྱད་པར་ཡོད་པར་མ་ཟད། རོང་པ་དང་འབྲོག་པའི་བར་དང་། དཔོན་པོ་དང་འབངས་མིའི་བར། ཕོ་དང་མོའི་བར་བཅས་ལ་ཁྱད་པར་ཡོད་ཀྱང་། གྱོན་ཆས་ཀྱི་བཟོ་སྟངས་དང་གྱོན་ཚུལ་ཅུང་མི་འདྲ་ན་ཡང་། བོད་ལྭའི་སྤྱིའི་བཟོ་སྟངས་དང་གྱོན་ཚུལ་སོགས་ལ་ཁྱད་པར་ཆེན་པོ་མེད་པ་ལགས།

    དེང་སང་འགྲིམ་འགྲུལ་སྟབས་མི་བདེ་བ་དང་རིག་གནས་གསར་བ་འབྲེལ་འཛུགས་དཀའ་བ། ཡང་ན་ཡུལ་གཞན་གྱི་རིག་གནས་སྣ་ཚོགས་རང་གི་དབང་བོའི་སྤྱོད་ལམ་དུ་འགྱུར་མི་ཐུབ་པའི་ཡུལ་དུ། བོད་མི་ཕལ་ཆེ་བས་བོད་ཆས་གྱོན་ཡོད་པར་མ་ཟད། གྲོང་ཁྱེར་དུ་ཡོད་པའི་བོད་མི་ཚོས་བོད་ལྭ་རྒྱུན་གོན་བྱེད་མཁན་དེ་ཙམ་མང་པོ་མེད་པའི་ཚུལ་འདི་ནི་རང་རེའི་བོད་མི་རིགས་ཁོ་ནར་མཆིས་པ་ཞིག་མ་ཡིན་པར། རང་རྒྱལ་གྱི་མི་རིགས་ང་དྲུག་པོར་དེ་ལྟའི་གནས་ཚུལ་མཆིས་པར་མ་ཟད། འཛམ་གླིང་གི་མི་རིགས་ཕལ་ཆེར་ཞིག་ལའང་དེ་འདྲའི་གནས་ཚུལ་ཡོད་པས། འདི་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཏུ་ལྟ་དགོས་པ་ལས། འདི་འགྲིག་དང་དེ་ནོར་ཞེས་པ་དང་། འདི་ནི་བདེན་དང་དེ་ནི་ངན་ཞེས་ཁ་ཚོན་སུས་ཀྱང་གཅོད་དཀའ་མོད། སྲོལ་རྒྱུན་གྱི་གྱོན་ཆས་རྒྱུན་འཛིན་བྱེད་པའི་མི་རིགས་དང་རྒྱལ་ཁབ་སྐོར་ཞིག་གིས་དེའི་ཐད་ལ་ལྟ་ཚུལ་དང་ཐབས་ཤེས་མི་འདྲ་བ་བཟུང་ཡོད་དེ། འཇར་པན་ལྟ་བུར་མཚོན་ན། ཁོ་ཚོའི་མི་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་ཀྱི་བཟོ་སྟངས་དང་། དེའི་རིག་གནས་ཀྱི་མཚོན་དོན་སོགས་དམར་ཁྲིད་བྱེད་པའི་སློབ་གྲྭ་སྟོང་གཅིག་དང་ཉིས་རྒྱ་ལྷག་ཡོད་པར་གྲགས་ལ། གྱོན་ཆས་སྐོར་གྱི་ཆེད་སྤེལ་དུས་དེབ་ཀྱང་སུམ་བརྒྱ་ལྷག་ཡོད་པར་མ་ཟད། གྱོན་ཆས་དང་འབྲེལ་བའི་རིག་གནས་བྱ་འགུལ་ལོ་རེར་རྒྱང་སྒྲོག་ལེ་ཚན་ནང་དུ་ཐེངས་བཞི་ཡན་སྤེལ་གྱིན་ཡོད་པར་གྲགས། བྱེད་སྒོ་དེ་དག་ལས་ང་ཚོས་འཇར་པན་མི་རིགས་ཀྱིས་རང་གི་སྲོལ་རྒྱུན་གྱོན་ཆས་ལ་ལྟ་སྟངས་ཅི་འདྲ་ཞིག་བཟུང་ཡོད་པ་ཤེས་ཐུབ། དེ་བཞིན་དུ་རྒྱལ་ཁབ་དང་མི་རིགས་གཞན་པའི་ཡུལ་དུའང་དེ་ལྟར་མི་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་རྒྱུན་སྲུང་བྱེད་པའི་བྱ་འགུལ་སྤེལ་གྱིན་ཡོད་པ་བློ་རིག་འཛོམས་པ་རྣམས་ཀྱི་མཐོང་ཐོས་སུ་གྱུར་ལ། སྒོས་སུ་རང་རེའི་བོད་གངས་ཅན་ཡུལ་གྱི་མགོན་སྐྱབས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་བཞུགས་དུས་སུའང་ཁོང་ཉིད་ཡུལ་གར་བཞུགས་དང་གནས་གར་བྱོན། རྒྱལ་ཁབ་ཕྱི་ནང་གི་ཚོགས་འདུ་ཆེ་ཆུང་གང་རུང་དང་། ཐ་ན་ཚ་གདུག་དང་གྲང་ངར་ཆེ་བའི་ཡུལ་ངེས་མེད་དུ་ཕེབས་དུས་ཀྱང་བོད་ཀྱི་གྱོས་ཆས་མནབས་ཀྱིན་ཡོད་པ་དེ་བོད་པ་ཀུན་གྱི་ཡིད་ཕུགས་ན་ལྷང་བ་ངེར་ཡོད་སྲིད་ལ། གལ་ཏེ་བརྗེད་ངེས་དང་། ཡང་ན་དུས་སྐལ་གྱི་དབང་གིས་མཐོང་མཇལ་བྱུང་མ་མྱོང་ནའང་། ད་ལྟ་མཐོང་རྒྱུ་དང་མཇལ་རྒྱུ་མཆིས་པའི་བརྙན་འཕྲིན་དང་པར་སྐུ་རྙིང་བ་དག་ལས་དེའི་རྣམ་པ་དེ་ཇི་བཞིན་དུ་མཐོང་རྒྱུ་ཡོད་པ་ལས་གསལ་བོར་ཤེས་ཐུབ།

    དུས་རབས་གསར་བ་འདི་ནི་འགྲིམ་འགྲུལ་སྟབས་ཇེ་བདེ་དང་འཕྲིན་གསར་གྱི་མགྱོགས་ཇེ་མྱུར་གྱི་སྤྱི་ཚོགས་ཤིག་ཡིན་ཕྱིན། མི་རིགས་དང་མི་རིགས་བར་གྱི་རིག་གནས་བརྗེ་རེས་ཀྱི་མཐོ་རླབས་དྲག་ཏུ་འཕྱུར་བའི་བར་སྐབས་ཤིག་ཡིན་ལ། ཕན་ཚུན་བརྗེ་རེས་བྱེད་དུས་སུ་མི་རིགས་རང་རང་གི་གྱོན་ཆས་ལ་སོགས་ཀྱི་ཁྱད་རྟགས་དེ་དག་རྒྱུན་སྤེལ་བྱ་ཐུབ་མིན་ནི། མི་རིགས་རང་རང་གི་ལོ་རྒྱུས་རྒྱུན་སྲིང་བྱེད་ནུས་མིན་དང་། མི་རིགས་རང་རང་གི་རང་གཤིས་དང་ཐོབ་ཐང་རྒྱུན་འཁྱོངས་དང་གོང་བཀུར་བྱ་ཐུབ་མིན་བཅས་ལ་ཐད་ཀར་འབྲེལ་བ་དམ་པོ་ཞིག་ཡོད་པ་རེད། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་ནི་རྒྱལ་གཅེས་མི་སྣ་ཞིག་དང་། བོད་མིའི་ཆོས་སྲིད་གཉི་གའི་སྲོག་ཤིང་ཡིན་པའི་ཆ་ནས་ཡུལ་ཕྱོགས་མང་པོ་ཞིག་ལ་ཕེབས་ནས་མི་རིགས་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་དགོས་པའི་དོན་སྙིང་དང་། ཆོས་ལུགས་དང་མི་རིགས་སྲིད་ཇུས་ཁྱབ་བསྒྲགས། མི་རིགས་ས་ཁུལ་གྱི་རིག་གནས་དང་སློབ་གསོ་དར་སྤེལ་བྱ་དགོས་པའི་གསུང་བཤད་གནངས་པའི་ཟུར་དུ། དུས་རྒྱུན་དུ་བོད་ཆས་མནབས་ནས་ཕྱོགས་ཡོངས་ཀྱི་མི་ཀུན་ལ། ང་ནི་བོད་པ་ཞིག་ཡིན་པ་དང་། སའི་གོ་ལའི་སྟེང་ན་བོད་པ་ཞེས་པའི་མི་རིགས་ཤིག་ཡོད་པ་དང་། བོད་མི་ལ་ཁྱད་ཆོས་ལྡན་པའི་གྱོན་ཆས་འདི་ལྟ་བུ་གྱོན་སྲོལ་ཡོད་པ་སོགས་ཁྱབ་བསྒྲགས་དང་། མི་རིགས་རང་གི་ཁྱད་རྟགས་ཡོད་པའི་གྱོན་ཆས་རྒྱུན་སྤེལ་བྱ་དགོས་ཚུལ་དང་། ཁོང་རང་ཉིད་ཀྱང་བོད་པ་ཞིག་ཡིན་པའི་ཆ་ནས་ཁོང་རང་སྟེང་ནས་མི་གཞན་དང་གཞན་ལ་བོད་ཀྱི་གྱོས་ཆས་འགྲེམ་སྟོན་དང་། ཁོང་རང་སྟེང་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་རིག་གནས་དེ་རྒྱུན་སྤེལ་གནང་གིན་ཡོད་པ་དེ་རང་ལགས། ད་ལྟ་བོད་ཀྱི་ཡུལ་ཁམས་མང་ཤོས་ཤིག་ན་བོད་ལྭ་དང་། བོད་ཀྱི་རྒྱན་ཆས་འདོགས་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ། སྒོས་སུ་སྲིད་གཞུང་གི་ལས་ཁུངས་སུ་ལས་ཀ་གཉེར་བའི་བོད་མི་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བོད་མི་དགེ་རྒན། དེ་བཞིན་དུ་སྨན་པ་དང་ཚོང་གཉེར་མི་སྣ་སོགས་སུ་དང་སུ་ཡིན་ཡང་། སྲིད་ཇུས་ཀྱི་དབང་གིས་བརྙན་འཕྲིན་ནང་དུ་བཤམ་དགོས་ན་བོད་ལྭ་གོན་པ་དང་། མི་རང་རང་གི་ཁེ་ཕན་གྱི་ཆེད་དུ་མི་རིགས་གཟིགས་སྐྱོང་གི་སྲིད་ཇུས་འཐོབ་རྒྱུར་དམིགས་ནས་བོད་ལྭ་གོན་པ་མ་གཏོགས། སྙིང་ཁོང་རུས་པའི་གཏིང་ནས་བོད་ལྭ་གྱོན་འདོད་དང་། ཞེ་ཐག་པ་དང་དུང་སེམས་ཡོད་པའི་སྒོ་ནས་བོད་ལྭ་གོན་མཁན་གྱི་མི་ཅི་ཙམ་ཡོད་པ་ཀུན་གྱི་སེམས་ན་གསལ་ལེར་ཡོད་པ་མཛུབ་མོ་ནང་དུ་བཀུག་ནས་བགྲང་མི་དགོས་ལ། ཐ་ན་སྟོན་པའི་ན་བཟའ་གྱོན་མཁན་གྱི་རབ་བྱུང་བ་ལ་ལའང་གྲོང་ཁྱེར་དག་ལ་ཕེབས་དུས་ཀྱང་སེམས་སུ་སྟོན་པའི་ན་བཟའ་མནབས་ན་ངོ་སྐྱེངས་པའི་ཚད་དུ་གྱུར་འདུག་ཀྱང་། འགྲོ་འདུག་སྟབས་བདེ་མི་ཡོང་ཞེས་པར་ཁ་གཡར་ནས་རྒྱ་ལྭ་གོན་འདུག་པའི་ཁ་གྲངས་ཀྱང་མི་ཉུང་བ་ཞིག་ཡོད་པ་ལྟར་ལགས། པཎ་ཆེན་མཆོག་ནས་ཉིན་མཚན་མི་འཇལ་བར་རླབས་ཆེ་བའི་འཕྲིན་ལས་གང་མང་མཛད་པའི་དུས་སུ་ད་དུང་བོད་ཆས་མནབས་རྒྱུ་དང་། བོད་སྲོལ་རྒྱུན་འཁྱོངས་མཛད་རྒྱུ་དེ་ཐུགས་སུ་རྟག་ཏུ་བཅགས་ཡོད་ན། བདག་དང་བཅས་པའི་བོད་པ་མང་ཤོས་ཤིག་ལ་བྱ་བ་ཕྲན་ཙམ་སྒྲུབ་པའི་ནུས་པ་མ་གཏོགས་མེད་ཀྱང་། བོད་པ་རང་གི་ཁྱད་རྟགས་མཚོན་པའི་གྱོན་ཆས་གྱོན་རྒྱུའི་ལས་སྤྱིར་བཏང་བ་འདི་ནི་བསྒྲུབ་ནུས་ནུས་དང་ལས་ཆོག་ཆོག་ཡིན་ནའང་། དེ་ཙམ་བསྒྲུབ་པའི་རུས་སྙིང་ཡང་མེད་པའི་དོན་ཅི་ཡིན་ནམ། མི་རིགས་རང་རང་གི་གྱོན་ཆས་བརྗེད་པ་དང་མཉམ་དུ་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་དེའང་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་ནི་གཅིག་ལ་གཅིག་འབྲེལ་ཡིན་པས། བློ་དང་ལྡན་པ་ཀུན་ནས་དེའི་ཐད་ལའང་བསམ་མནོ་ཞིག་བཏང་ན་འགྲིག་པར་སེམས།

    དེ་ནི་ང་ཚོ་བོད་པའི་མ་འོངས་པའི་མདུན་ལམ་དང་རིག་གནས་གོང་འཕེལ་ཐད་ལ་བསམ་གཞིག་བྱ་མཁས་རྣམས་ཀྱིས་ངེས་པར་ངོས་ཟིན་དང་དོ་སྣང་བྱ་དགོས་པའི་གནད་དོན་ཞིག་ཡིན་ལ། བོད་མི་ཞིག་ཡིན་པའི་ཆ་ནས་ཚང་མས་བོད་ལྭ་གྱོན་རྒྱུ་འདིའང་དོན་ཆུང་ཞིག་ཏུ་མི་བརྩི་བར། སེམས་ཀྱི་ཡ་ཕུགས་ལ་འཛིན་དགོས་རྒྱུ་དང་། ལུས་ཀྱི་སྒྲུབ་པ་ལ་གཉོར་དགོས་པ་ཞིག་ཡིན་པ་ཤེས་དགོས་པར་མ་ཟད། རང་རེའི་ཕ་མེས་ཡང་མེས་ནས་རིམ་གྱིས་དར་འོང་བའི་གྱོན་ཆས་རིག་གནས་འདི་བོར་འཇིག་མི་བྱེད་པ་དེ་མ་ཡིན་པར། མི་རིགས་ཀྱི་ཁྱད་རྟགས་མི་ཉམས་པའི་སྒོ་ནས་གསར་གཏོད་བྱ་དགོས། དེས་ན་ཇི་ལྟར་གསར་གཏོད་བྱ་དགོས་ཤེ་ན། ཤེས་རྟོགས་ཀྱི་མཐོ་དམན་མི་འདྲ་བས་དྲན་ཤེས་ཕྱོགས་གཅིག་ཏུ་འབབ་པར་དཀའ་མོད། གཞི་ཆེ་ས་ནས་བལྟས་ན་གྱོན་ཆས་ལ་གཙོ་བོ་ཕྱོགས་གཉིས་ནས་ལེགས་བཅོས་བྱ་དགོས་པར་སེམས།

    གཅིག ཐོག་མར་མི་རྣམས་ཀྱི་བསམ་བློ་བསྒྱུར་བཅོས་བྱེད་དགོས། དེང་སང་དཔལ་འབྱོར་ཅུང་འཕེལ་རྒྱས་སུ་སོང་བས། མི་ཚང་མའི་སེམས་སུ་བོད་ཆས་ནི། ཕྲུག་གི་སྟེང་ལ་སྲམ་བརྒྱབ་པ་དང་། སྐེ་དང་རྒྱབ་ལ་གཡུ་བྱུར་གྱི་རྒྱན་ཆ་སོགས་འཛོམས་ན་མཛེས་པ་དང་། དེའི་ལྡོག་ཕྱོགས་སུ་སོང་ན་ཆ་མི་མཉམ་པའི་བསམ་བློ་ཡོད། འབྱོར་པ་ཅུང་ཞན་པའི་མི་རྣམས་ལ་མཚོན་ན་བོད་ལྭ་གྱོན་པ་ནི་ལག་པ་རིང་འདོད་ཀྱང་ཕུ་རུང་ཐུང་བའི་དཔེ་ལྟར་སྤྱིར་རང་མཛེས་འདོད་པའི་བསམ་པ་དེ་མི་ཀུན་ལ་ཡོད་པས། རིན་གོང་ཅུང་མཐོ་བའི་གྱོན་ཆས་དེ་དག་དུས་ཆེན་སོགས་ཀྱི་སྐབས་སུ་མནབས་ན་བརྗིད་ཉམས་དང་མཛེས་སྡུག་ལྡན་པ་ཞིག་ཡིན་མོད། གོས་དང་རྒྱན་ཆ་རྩ་ཆེན་དེ་དག་མེད་ན་བོད་ལྭ་རང་ག་བ་མི་གོན་པ་འདི་ནི། བོད་མི་མང་ཆེ་བར་ཡོངས་ཁྱབ་ཏུ་གནས་པའི་སྐྱོན་ཞིག་ཡིན། དེ་བས་ཐོག་མར་ང་ཚོས་བསམ་བློ་འདི་མ་བསྒྱུར་ན་བོད་ལྭ་གོན་པའི་མི་ཇེ་ཉུང་དུ་འགྲོ་བ་མ་ཟད། དུས་ནམ་ཞིག་ལ་བོད་ལྭ་འདི་མཛེས་པར་སེམས་མཁན་ཡང་ཡོད་མི་སྲིད།

    གཉིས། གྱོན་ཆས་ཀྱི་བཟོ་དབྱིབས་ལ་བསྒྱུར་བཅོས་བྱེད་དགོས། བལ་དང་ཀོ་པགས་སོགས་ནི་རང་རེའི་ཡུལ་ནས་ཐོན་པས། གནའ་སྔ་མོ་ནས་བོད་མིའི་བེད་སྤྱོད་བྱ་ཡུལ་དུ་གྱུར་ཡོད་པ་མ་ཟད། ཚན་རིག་ལག་རྩལ་ཤིན་ཏུ་དར་བའི་དེང་གི་དུས་སུའང་ད་དུང་མི་ཀུན་གྱིས་ཐུན་མོང་དུ་བེད་སྤྱོད་བྱེད་ཀྱིན་ཡོད་མོད། དེ་ཡང་སྤྱི་ཚོགས་འཕེལ་རྒྱས་དང་མི་རྣམས་ཀྱི་མཛེས་རྟོག མོས་པ་བཅས་དང་མི་མཐུན་པས། བཟོ་དབྱིབས་དང་མཛེས་རྩལ་ཕྱོགས་གང་ཐད་ནས་ཅི་ནུས་གང་ཐུབ་ཀྱིས་དུས་རབས་ཀྱི་མི་རྣམས་ཀྱི་བློ་ཁམས་དང་མཐུན་པར་བྱ་དགོས། ད་ལྟ་བོད་ལྭ་གྱོན་མཁན་ཇེ་ཉུང་དུ་སོང་བ་འདི་ནི་བོད་ལྭ་བསྒྱུར་བཅོས་བྱེད་མ་ཐུབ་པ་དེ་ཡང་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། སྔོན་ཆད་ཀྱི་ལྭ་རིང་བ་དག་སྟོད་ཐུང་དུ་བསྒྱུར་ཏེ། དེ་ལ་སྲོལ་རྒྱུན་གྱི་ཕྲུག་ཁྲས་མཐའ་བརྒྱན་པ་དང་། ཕུ་ཐུང་རིང་པོ་ཅན་དེ་ཕུ་ཐུང་ངམ་ཕུ་མེད་སོགས་སུ་བསྒྱུར་ཚེ་གཅིག་ནས་མི་རིགས་ཀྱི་ཁྱད་ཆོས་མེད་པ་དང་། གཉིས་ནས་དུས་རབས་གསར་པའི་མི་རྣམས་ཀྱི་དགའ་ཕྱོགས་དང་མཐུན་པའོ།།  

 

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག